ཚོགས་ཆེན་ལ་གྲུབ་འབྲས་ག་རེ་ཐོན་སོང༌།

བསྟན་འཛིན་བརྩོན་འགྲུས་དང་བོད་ཁྱིམ་གྱི་སློབ་ཕྲུག་ཁག་ཅིག་གི་གླེང་མོལ།
འདི་ལོའི་ཕྱི་ཟླ་༡༡ པའི་ཚེས་༡༧ ནས་ཉིན་དྲུག་རིང་བཙན་བྱོལ་བོད་གཞུང་གི་དམིགས་བསལ་ཚོགས་ཆེན་འཚོགས་ནས། ཉིན་མཐའ་མའི་མཇུག་བསྡོམས་མཛད་སྒོ་གྲོལ་བ་དང༌། བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་གསར་འགོད་བརྒྱུད་ལམ་མང་པོར་སྐད་ཆ་བཤད་རྗེས། འཁྲིས་སུ་བོད་ཁྱིམ་སློབ་གྲྭའི་འཛིན་གྲྭ་ལྔ་པ་དྲུག་པའི་སློབ་ཕྲུག་ཁ་ཤས་སླེབས་འདུག དེའི་སྐབས་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་ཕྲུ་གུ་ཚོར་ཚོགས་འདུ་དེ་ག་རེའི་སྐོར་རེད་ཅེས་དྲིས་པར།   

ཕྲུ་གུ་ཆུང་ཆུང་ཞིག་གིས་བོད་རང་བཙན་ཆེད་རེད་ཅེས་བརྗོད་བྱུང༌། ཚོགས་འདུའི་ཐོག་ག་རེ་ཤོད་ཀྱི་འདུག་ཅེས་དྲིས་པར། ཕྲུ་གུ་གཞན་གཅིག་གིས་དབུ་མའི་ལམ་ཤོད་ཀྱི་འདུག་ཅེས་བརྗོད་བྱུང༌། མི་ངོ་ཤེས་པ་ག་ཚོད་འདུག་ཅེས་དྲིས་པར། ཕྲུ་གུ་གཅིག་གིས་ངོ་ཤེས་པ་གཅིག་ཀྱང་མི་འདུག་ཅེས་བརྗོད་བྱུང༌། ཡང་གཅིག་གིས་ངོ་ཤེས་པ་གཅིག་འདུག ན་ནིང་ཨེ་མེ་དྷ་བྷར་དི་ལ་ཕེབས་སོང༌། བཀའ་བློན་དབུ་སྐྲ་མེད་མཁན་དེ་རེད་ཅེས་བརྗོད་བྱུང༌། འདིར་མི་ག་ཚོད་སླེབས་ཡོད་པ་རེད། ལུང་པ་གང་ནས་ཡོང་བ་རེད་ཅེས་དྲིས་པར། ཕྲུ་གུ་གཅིག་གིས་མི་ལྔ་བརྒྱ་ཡོད་པ་རེད། ཚོགས་པ་འདྲ་མི་འདྲ། གཞིས་ཆགས་ཁག་ནས་སླེབས་ཡོད་པ་རེད་ཅེས་ལན་འདེབས་བྱས་སོང༌།
    བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་བརྗོད་དོན། ཚོགས་འདུ་འདིར་མི་༥༦༡ སླེབས་ཡོད་པ་རེད། འགའ་ཤས་ཕྱི་རྒྱལ་ལ་སྐྱེས་ནས། བོད་རང་བཙན་རྩོད་མཁན་དེ་འདྲ་ཡོད་པ་རེད། ང་ཚོ་མཉམ་དུ་འཛོམས་ནས་མ་འོངས་པའི་བོད་ག་འདྲ་བྱེད་ཀྱི་ཡིན། རང་བཙན་འཐབ་རྩོད་ག་འདྲ་བྱེད་ཀྱི་ཡིན། བོད་གཞུང་ཚགས་ཚུད་པོ་ག་འདྲ་བཟོ། ཁྱེད་རང་ཚོ་སློབ་ཕྲུག་ཚོར་སློབ་སྦྱོང་ག་འདྲ་སྤྲད་དགོས་པ་རེད། ང་ཚོས་རྒྱ་ནག་ལ་ཁ་གཏད་ག་འདྲ་གཅོག ལན་འདེབས་ག་འདྲ་བྱེད། དེ་འདྲའི་སྐོར་ལ་ཚོགས་འདུ་ཚོགས་པ་རེད་ཅེས་ངོ་སྤྲོད་མདོར་བསྡུས་གནང་སོང༌། སྐབས་དེར་ཕྲུ་གུ་ཆུང་ཆུང་ཞིག་གིས་ད་ལྟ་ཚོགས་འདུ་འཚོགས་པ་རེད། གྲུབ་འབྲས་ག་རེ་ཐོན་སོང་ཞེས་བསྟན་འཛིན་བརྩོན་འགྲུས་ལགས་སུ་དྲི་བ་ཞིག་བཏང་སོང༌། ཁོང་གིས་ང་ཚོའི་སྤྱི་ཚོགས་ནང་གལ་ཆེ་ཤོས་ཤིག་ལ་བོད་ནང་ནས་བསམ་ཚུལ་མང་པོ་སླེབས་ཡོད་པ་རེད། རྒྱ་གར་དང་འཛམ་གླིང་ཁྱོན་ཡོངས་ནས་བསམ་ཚུལ་མང་པོ་སླེབས་པ་རེད། རྒྱལ་ཁབ་གང་དུ་ཡོད་ནའང་བོད་པ་ཚང་མ་རྡོག་རྩ་ཆིག་སྒྲིལ་ཡིན་པ། ང་ཚོ་ཚང་མའི་དབུ་ཁྲིད་ྋགོང་ས་མཆོག་ཡིན་པ་དེ་འདྲ་བྱུང་བ་རེད། རང་བཙན་རྩོད་ལེན་སོགས་བསམ་བློ་གཏོང་སྟངས་མ་འདྲ་ནའང་རྡོག་རྩ་ཆིག་སྒྲིལ་གྱིས་རྒྱ་ནག་ཁ་གཏད་གཅོག་དགོས་པ་རེད། ཁྱེད་རང་ཚོས་མི་མང་པོ་ཞིག་འདིར་འཛོམས་དུས་ག་རེ་བསམ་གྱི་འདུག་ཅེས་དྲིས་པར། ཕྲུ་གུ་ཞིག་གིས་རང་བཙན་མགྱོགས་པ་རག་ན་བསམ་གྱི་འདུག་ལན་འདེབས་བྱས་སོང༌། བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་མུ་མཐུད་བརྗོད་དོན། ང་སྔོན་མ་ཁྱེད་རང་ཚོ་ནང་བཞིན་ཆུང་ཆུང་ཡིན་དུས། མི་མང་པོ་འཛོམས། བཀའ་བློན་ཁྲི་པ་ཕེབས་དུས་དགའ་བོ་བྱུང་གི་འདུག ཁྱེད་རང་ཚོ་བཞིན་ཆུང་ཆུང་ཡིན་དུས་ལས་ཀ་ཞེ་དྲག་བྱེད་འདོད་ཡོད།  སྔོན་མ་སློབ་སྦྱོང་བྱེད་དུས་འདི་ལས་ཤུགས་ཆེ་ཞིག་བྱེད་ཐུབ་ཡོད་ན་བསམ་གྱི་འདུག སློབ་སྦྱོང་ག་ཚོད་བྱས་ནའང་མཚམས་མཚམས་སུ་ཤེས་ཡོན་གྱིས་འདང་གི་མི་འདུག སློབ་སྦྱོང་ཧུར་ཐག་བྱེད་དགོས་པ་རེད་མ་གཏོགས། རྗེས་མ་འགྱོད་པ་སྐྱེས་ཀྱི་རེད། སློབ་སྦྱོང་ཧུར་ཐག་བྱས་ཤོག་བརྗོད་སོང༌།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།