གྲིབ་སྐྱོན།

གྲིབ་སྐྱོན་གྱི་ནད་ཅེས་པའི་ངོ་བོ་ནི་ཀླད་སྐྱོན་ནམ་ཀླད་པའི་ཁྲག་རྩ་འགགས་པའམ་རལ་བརྡོལ་གྱི་རྐྱེན་པས་དབང་རྩའི་བྱ་བ་ཉམས་པའམ་གྲིབ་ནས་ལུས་ཀྱི་ཆ་ཤས་གང་རུང་ཞིག་གི་རྩ་གྲིམས་ཀྱི་བྱ་བ་ཉམས་པའམ་གྲིབ་སྟེ་འགུལ་བསྐྱོད་ལ་སོགས་པའི་རྒྱུན་ལྡན་གྱི་བྱ་བ་ཉམས་པའི་ནད་ལ་ཡོངས་གྲགས་ཀྱིས་གྲིབ་སྐྱོན་ནམ་གཟའ་གྲིབ་ཀྱང་ཟེར།

ནད་འདི་ཕོག་སྟངས་ནི་སྤྱིར་བཤད་ཚུལ་མང་ཡང་ལུས་ཀྱི་རླུང་ཁྲག་དང་བསྡོངས་ནས་འཕོ་ཞིང་རྒྱུ་བའི་སྲོག་རྩ་འམ་བླ་ཞེས་པ་མགོ་ལུས་ཐམས་ཅད་ལ་ཁྱབ་པར་གནས་པ་དེ་ཟླ་བ་ཡར་ངོ་དང་མར་ངོའི་དུས་སུ་ལུས་ཀྱི་ཆ་ཤས་རྣམས་སུ་འཕོ་བས། དེ་འཕོ་སྐབས་རྩ་གསུམ་འདུས་མདོར་སླེབས་མཚམས་སུ་ལུས་ཀྱི་འབྱུང་བ་ཆ་མ་སྙོམས་པར་གནས་པའི་ཚེ་ནད་དུ་འགྱུར་ཕྱིར་གྲིབ་ཀྱི་ནད་འབྱུང་བ་ཡིན། ཡང་ཁ་ཅིག་གིས་སྔོན་གྱི་གཏམ་རྒྱུད་ནང་དེ་ལྟ་བུའི་ནད་དེ་དྲང་སྲོང་གཟའ་བདུད་ཆེན་མོ་ར་ཧུ་ལ་རྒྱུ་དུས་ཏེ་ཟླ་རེ་བཞིན་བོད་ཚེས་༤ ༨ ༡༡ ༡༥ ༡༨ ༢༢ ༢༩ ༣༠ བཅས་ལ་རྒྱུ་བའི་སྐབས་དེའི་གྲིབ་མ་ཕོག་པས་གཟའ་གྲིབ་བམ་གྲིབ་སྐྱོན་འབྱུང་བར་བཞེད། གློ་བུར་གྱི་རྐྱེན་གཙོ་བོ་ནི་ཟས་སྤྱོད་མི་མཐུན་པའི་རྐྱེན་དཔེར་ན་ཟས་སུ་ཤ་ཁྲག་མར་སྣུམ་སོགས་དྲོད་བཅུད་བསྟེན་དྲགས་པ་དང༌། ག་བུར། གླ་རྩི། ཙན་དན་དཀར་པོ་སོགས་བསིལ་བའི་དྲི་བསྲུང་བ་དང༌། ར་ཕག་དང༌། རི་དྭགས་ཀྱི་ཤ་སོགས་བསིལ་ཟས་བསྟེན་དྲགས་པ། ཇ་གར་པོ། ཉི་མ་འཆར་ནུབ་ཀྱི་ཟེར། ཆུ་ཤེལ་གྱི་འོད་ཆེན་པོ། སྐད་ཅོར་དྲག་པོ། རོལ་མོ་དང་རྔ་སོགས་ཀྱི་སྒྲ་དྲག་པོ། ལུས་སེམས་དྲག་ཤུལ་གྱི་ལས་དང༌། གཡང་ལྷུང་སོགས་བརྡབས་འགྲམས། མེ་དང་ཉི་མར་བསྲོས་དྲགས་པ། ཁ་བ་དང་ཆར་རླུང་སོགས་ཀྱིས་འཁྱགས་དྲགས་པ། སྡུག་བསྔལ་དང་མྱ་ངན་སོགས་སེམས་ལས་ཆེ་བའམ་མི་སྙན་པའི་གཏམ་སྣ་ཚོགས་ཀྱིས་བསམ་བློར་ཕོག་ཐུག་བྱུང་བ། མདོར་ན་ཁྲག་དང་རླུང་ཁྲག་ཤེད་འཕེལ་བའི་ཟས་དང་སྤྱོད་ལམ་ཕྱོགས་མཚུངས་རྐྱེན་གྱིས་གྲིབ་སྐྱོན་ཕོག་པ་མང༌། གྲིབ་སྐྱོན་གྱི་དབྱེ་བ་ནི་གཞོགས་གཡས་ལ་ཕོག་ན་མེ་གཟའ་དང༌། གཡོན་ལ་ཕོག་ན་ཆུ་གཟའ། པགས་པའམ་གདོང་ལ་ཕོག་ན་རླུང་གཟའ། ལུས་ཡོངས་ལ་ཕོག་ན་ས་གཟའ། ཚེས་ངེས་མེད་དུ་སྣ་ཁྲག་འཛགས་པ་ནམ་མཁའི་གཟའ་ཡིན་པར་ངོས་འཛིན་བྱེད། གྲིབ་སྐྱོན་ཕོག་པའི་རྟགས་ཇི་ཡོད་སྙམ་ན། ཛ་དྲག་གི་དུས་སྐབས་སམ་ནད་ཕོག་མ་ཐག་ཏུ། གློ་བུར་མགོ་གཟེར་དྲག་པོ་རྒྱག་པ། མགོ་ཡུ་འཁོར་བ། སྐྱུགས་པ་ཤོར་བའམ་འགའ་རེས་ཁྲག་སྐྱུགས་པ། ཤེས་པ་འཆོར་ནས་དྲན་མེད་དུ་བརྒྱལ་བ་དང་བཤང་གཅི་དབང་མེད་དུ་ཤོར་བ་སོགས་བྱེད། དེ་རྗེས་རིམ་པས། གཞོགས་གཡས་གཡོན་གང་དུ་ཕོག་ཀྱང་དེའི་བྱ་བ་ཉམས་པ། རྐང་ལག་དྲུད་པའམ་འཐེན་ཏེ་འགྲོ་བ། མིག་རྩ་གྲུང་བ། ཁ་ལྐུགས་ལ་ཡོ་བ། ཁ་ནང་གི་ཟས་དང་མཆི་མ་དབང་མེད་དུ་ཕྱིར་ལུད་པ། མཆུ་འཕྱང་ཞིང་ངུ་བ་དང་དགོད་པར་བྱེད་པ། མིག་སྤྲིན་དཀར་པོར་ནག་ཐིག་ཆགས་པ། མིག་གི་རྒྱལ་མོ་འདལ་བ། ལྕེའི་ར་མ་ལུག་རྒྱས་པ། མིག་རྩར་ཟུག་གཟེར་དྲག་པོ་རྒྱག་པ། གཞོགས་གང་དུ་ཕོག་སའི་ངོས་ལ་དྲན་ཚོར་མེད་པ། དོན་སྣོད་གང་དུ་བབས་ཀྱང་དེའི་བྱ་བ་ཉམས་པ་སོགས་བྱེད། བར་དུ་ནད་བསྐྱར་གསོའི་དུས་སྐབས་སམ་ཟླ་བ་གསུམ་ཙམ་གྱི་རྗེས་སུ། ནད་ཚབས་ཆུང་བ་རྣམས་རིམ་པས་དྲན་པ་གསལ་ཡོང་བ། དབུགས་འབྱིན་རྔུབ་ཀྱི་རྒྱུ་བ་སྙོམས་སུ་འགྲོ་བ། ཞ་སྦྲིད་ཆགས་སའི་ཆ་ཤས་རྣམས་ཀྱི་ཚོར་བ་སླར་གསོ་ཐུབ་པ་སོགས་བྱེད། ཐ་མ་ནད་གཞི་ལྷིང་འཇགས་ཀྱི་དུས་སྐབས་སུ་ནད་ཕོག་ནས་ལོ་ཕྱེད་ནས་ལོ་གཅིག་གཉིས་ཙམ་གྱི་རྗེས་ནད་པ་མང་ཆེ་བར་སྐྱར་གསོ་ཡོང་རྒྱུ་དཀའ་བ་དང༌། ནད་ཚབས་ཆུང་བ་རྣམས་སླར་གསོ་ཐུབ་པ་འབྱུང༌། ཞ་སྦྲིད་ཆགས་པའི་ཡན་ལག་དེ་ཉམས་གུད་དུ་འགྲོ་བ། སྐབས་རེ་ན་ཟུག་གཏོང་བ། ཤེས་པའི་དྲན་ཚོར་སྐྱོ་རུ་འགྲོ་བ་སོགས་ཀྱི་མངོན་ཚུལ་ཡོང་གི་ཡོད། ནད་འདི་ཕོག་མ་ཐག་འཕྲལ་གྱི་བཅོས་ཐབས་ནི་ཛ་དྲག་གི་དུས་སྐབས་སམ་ནད་པ་དྲན་མེད་དུ་བརྒྱལ་བའི་དུས་སུ་ཀླད་པར་ཁྲག་ཤོར་བཞིན་པར་བརྟེན། གང་བྱུང་དུ་སྤོ་འགུལ་དང་ལུས་འཁྲུགས་རྐྱེན་ཉུང་ཐབས་ཐོག་གསོ་རླུང་ལྡེང་ངེས་ཀྱི་ས་ཆར་བསྙལ་ནས་བཞག་ཐོག་མྱུར་སྐྱོབ་ཀྱི་ཐབས་སུ་བདུག་རྫས་ཀྱི་རིགས་གང་ཡོད་དང༌། མེད་ན་གུ་གུལ། ལ་ཆ། རྟ་བོན། བོང་ནག ཤུ་དག་ནག་པོ། སྒོག་སྐྱའི་དུད་པས་བདུག་ན་གཟའ་རིགས་གང་ཡང་དྲི་ཚོར་བ་ཙམ་གྱིས་སོས་ཞེས་གྲགས། ད་དུང་ཚ་བ་ཕྲན་བུ་ཡོད་ན་རིན་ཆེན་བྱུར་དམར་ཉེར་ལྔའམ་གྲང་སྦྱོར་རིལ་ནག་ཆེན་མོ་གང་འབྱོར་དང༌། ཚ་བ་མེད་ན་རིན་ཆེན་རཏ྄ན་བསམ་འཕེལ་ཁྲུས་ཆུར་སྦངས་ནས་འཕྲལ་དུ་གཏོང་དགོས། ཡང་ན་འཕྲལ་དུ་སྨན་ཁང་ཉེ་སར་གཟུགས་པོར་འཁྲུགས་མ་ཐེབས་པ་བྱས་ཏེ་སྐྱེལ་དགོས། ཟས་སྤྱོད་ཀྱི་སྔོན་འགོག་ནི་མར་རྙིང༌། ཤ ཁྲག ཇ་གར་པོ། ཆང་རག སྒོག་བཙོང་སོགས་འཛེམས་བྱ་དང༌། མར་གསར། ཞོ། འོ་མ། དར་བ་སོགས་དཀར་མངར་ཟས་དང་འབྲུ་རིགས། སྔོ་ཚལ། ཤིང་ཏོག་བཅས་གཙང་ཟས་ལ་བསྟེན་དགོས་པ་གལ་ཆེ། མི་གཙང་བའི་གྲིབ་རིགས་འཛེམས་པ་དང༌། མེ་དང་ཉི་མར་མི་བསྲོ། ཤ་ཁྲག་སོགས་དམར་རིགས་རྣམས་མིག་ལམ་དུ་མི་སྟོན། ཐབ་གཞོབ་དང་ཉི་མ་འཆར་ནུབ་ཀྱི་ཟེར། ཆུ་ཤེལ་གློག་འོད་སོགས་འོད་ཆེན་དང༌། རོལ་མོའི་སྒྲ་སོགས་སྐད་ཅོར་དྲག་པོ་ཡོད་ས་དང༌། སེམས་ལ་དངངས་འཚབ་སྐྱེ་གཞི་དང་འཁྲུགས་འཛིང་བྱེད་སར་མི་འགྲོ། མི་མེད་ལུང་སྟོང་དང་གཡང་ས་ལྟ་བུར་གཅིག་པོར་འགྲོ་སྡོད་མི་ཉན། སྡོད་གནས་ནམ་མཁའ་མི་མཐོང་བའི་གནས་སུ་འགྲུལ་པ་སྤངས་ནས་བསིལ་སར་གཟུགས་པོར་རྩོལ་ཅག་ཕྲན་བུ་དང་ལུས་སྤྱོང་ཡང་ཡང་བྱས་ཐོག་བློ་མཐུན་གྱི་གྲོགས་ཀྱིས་ཡིད་མགུ་བར་བྱས་ཏེ་བློ་བག་ཕེབས་ངང་སྨན་བཅོས་དང་ངལ་གསོ་ལེགས་པར་བྱེད་དགོས། དོ་སྣང༌། ཀླད་ཁྲག་ཤོར་བའི་གྲིབ་སྐྱོན་དེ་ཁྲག་གི་གནོན་ཤུགས་ཁྲག་ཤེད་མཐོ་བའི་ནད་པའི་ནང་མང་ཆེ་བ་ཡོང་གི་ཡོད། ནད་ཐོག་ནས་དབྱེ་ཞིབ་བྱས་པར་གཞིགས་ན་ཁྲག་ཤེད་ཡོད་པའི་ནད་པས་ཧུར་བརྩོན་ངང་སྨན་བཅོས་དང་ཟས་སྤྱོད་ཀྱི་སྔོན་འགོག་བྱས་ཚེ་གློ་བུར་གྲིབ་སྐྱོན་གྱིས་འཆི་ཚད་བརྒྱ་ཆ་ལྔ་བཅུ་ཉུང་དུ་གཏོང་ཐུབ་ཀྱི་ཡོད་པས། རྣམ་ཀུན་ནས་རང་ཉིད་ཀྱི་ཁྲག་ཤེད་ཀྱི་གནས་སྟངས་ལ་དོ་སྣང་དང་གལ་ཏེ་ཁྲག་ཤེད་ཡོད་པ་ཤེས་ན་དེ་བཅོས་ཐབས་དང་ཟས་སྤྱོད་ཀྱི་ལམ་ནས་སྔན་འགོག་འཐུས་ཤོར་མེད་པ་བྱེད་དགོས་པ་དེ་སྔོན་འགོག་གི་ནུས་པ་ཐོན་ཤོས་དང་གལ་གནད་ཆེ་ཤོས་དེ་ཡིན། གཞན་ཡང་ཆེས་ཡར་རྒྱས་དང༌། རྩོད་ལྡན། འགྲན་བསྡུར་ཅན་གྱི་དུས་ངན་སྙིགས་མ་ལྔ་དུས་འདིར་གྲིབ་སྐྱོན་གྱིས་ན་མཁན་ཆེས་མང་དུ་འགྲོ་བཞིན་འདུག་ན་ཚང་མས་ཡིད་གཟབ་གནང་འཚལ་ལོ།།

བོད་གཞུང་སྨན་རྩིས་ཁང་གི་སྨན་རམས་པ་ཟླ་བ་སྒྲོལ་མ།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།