བོད་པའི་སྤྱི་ཚོགས་ནང་དེབ་ཀློག་གི་མི་འདུག

སམ་བྷོ་ཊའི་སློབ་གྲྭ་ཁག་གི་སྤྱི་ཁྱབ་འགན་འཛིན་ཀརྨ་ཆུང་བདག་ལགས་སུ་སམ་བྷོ་ཊའི་སློབ་གྲྭ་ཁག་གི་ཤེས་ཡོན་གནས་སྟངས་སྐོར་བཅར་འདྲི་ཞུས་པར། ཁོང་གིས། སམ་བྷོ་ཊའི་སྤྱི་ཁྱབ་ཡིག་ཚང་དེ་༡༩༩༩ ལོའི་ཟླ་༦ པའི་ནང་དུ་དབུ་བཙུགས་པ་རེད། དེའི་སྔོན་ལ་སློབ་གྲྭ་ཡོངས་རྫོགས་ཤེས་རིག་ཚོད་འཛིན་སློབ་གྲྭ་ཞེས་བཤད་ཀྱི་ཡོད་པ་རེད། ༡༩༩༩ ནས་ཟུར་སྐྱོང་སྡེ་ཚན་ཆགས་པ་རེད། ད་ལྟའི་སློབ་མ་རྣམས་ཀྱི་ལུས་ངག་ཡིད་གསུམ་གྱི་འཚར་ལོངས་དང༌། ཤེས་ཡོན་གྱི་ཐོག་ལ་འདོད་པ་ཁེངས་པ་ཞིག་ཡོད་མ་རེད།

ཡིན་ནའང་བོད་པའི་སློབ་གྲྭ་གཞན་དང་བསྡུར་ན་སྡུག་པ་མེད་བསམ་གྱི་ཡོད། འོན་ཀྱང་ཤེས་ཡོན་གྱི་འཚར་ལོངས་སྤྱིའི་གནས་ཚད་ལ་འདོད་པ་ཁེངས་པ་རྩ་བ་ཉིད་ནས་ཡོད་མ་རེད་ཅེས་དང༌། ྋསྐྱབས་མགོན་རིན་པོ་ཆེས་རིགས་གཅིག་རྐང་འཛིན་ཞེས་བཀའ་གནང་བ་དེའི་ཐད་ངོས་འཛིན་ག་འདྲ་གནང་གི་ཡོད་མེད་དྲིས་པར། རིགས་གཅིག་རྐང་འཛིན་ཞེས་པ་དེ་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གིས་གསོ་སྐྱོང་བྱེད་དགོས་ཀྱི་ཡོད་དུས། ཆེད་ལས་དང་རིགས་གཅིག་རྐང་འཛིན་མང་པོ་དགོས་ཀྱི་རེད། ཡིན་ནའང་བཙན་བྱོལ་ནང་ལ་ཉུང་ཉུང་ཞེ་དྲག་རེད། ང་རང་སྤྱི་ཁྱབ་འགན་འཛིན་ཞིག་ཡིན་པའི་ཆ་ནས་སློབ་སྦྱོང་ཤུགས་ཆེ་ཤོས་ཤེས་ཡོན་སྒང་ལ་བྱས་ཡོད་པ་རེད། དགེ་རྒན་ལོ་བཅུ་གྲངས་ཙམ་བྱས་པ་རེད། དེའི་རྗེས་སུ་འཛིན་སྐྱོང་ནང་ལས་ཀ་ཤུགས་ཆེན་པོ་བྱས་པ་རེད། དེ་འདྲ་བྱས་ནས་རིགས་གཅིག་རྐང་འཛིན་པ་ཐོན་གྱི་ཨེ་འདུག་བལྟ་དུས་ཁག་པོ་ཞེ་དྲག་རེད་འདུག ང་ཚོས་བསླབ་བྱ་བརྒྱབ་ནས་ཐོན་རྒྱུ་དེ་དཔེ་མི་སྲིད་པའི་ཁག་པོ་རེད་འདུག དེ་ལ་མིག་དཔེ་སྟོན་དགོས་ཀྱི་འདུག ལོ་གཉིས་ཀྱི་སྔོན་ལ་ང་རང་རིགས་གཅིག་རྐང་འཛིན་ནང་ལ་འཛུལ་ཞུགས་བྱས་པ་ཡིན། མ་དྷ་ར་སིའི་རྒྱ་གར་མཐོ་སློབ་ནང་ལ་དེབ་འགོད་བྱས། མཚམས་རེ་དུས་ཚོད་རག་གི་མི་འདུག ཡིན་ནའང་ང་རང་གཉིད་ཉལ་བའི་དུས་ཚོད་ཉུང་དུ་བཏང་ནས་ཨུ་ཚུགས་བརྒྱབ་ནས་བྱེད་ཀྱི་ཡོད། དམིགས་ཡུལ་ག་རེ་ཡོད་ཟེར་ན། ང་རང་ལས་ཀྱི་སྣེ་མོར་སྡོད་མཁན་གྱིས་མིག་དཔེ་ཞིག་སྟོན་ཐུབ་པ་ཡིན་ན། རྒྱུན་གཏན་ངའི་ཁྱབ་ཁོངས་ཀྱི་དགེ་རྒན་རྣམས་ཀྱིས་དེའི་ཐོག་འགྲོ་ཐུབ་པའི་ངེས་པ་ཞིག་རྙེད་པའི་རེ་བ་རེད། ྋསྐུ་མདུན་གྱིས་བཀའ་གནང་བ་བཞིན་ང་ཚོས་ལོ་མང་པོའི་རིང་གྲ་སྒྲིག་བྱེད་དགོས་པ་རེད། དེ་དཔེ་མི་སྲིད་པའི་གལ་ཆེན་པོ་རེད་འདུག ང་ཚོས་རྒྱ་མིའི་མཉམ་དུ་འགྲན་སྡུར་བྱས་པ་དང༌། རྒྱལ་ཁབ་གཞན་དག་མཉམ་དུ་འགྲན་སྡུར་བྱས་པ་འདྲ་པོ་དེ་འདྲ་རྩ་བ་ཉིད་ནས་མ་རེད། དགོས་མཁོ་རང་རེད་བསམ་གྱི་ཡོད་ཅེས་དང༌།

ད་ལྟའི་ཤེས་ཡོན་སྐོར་གྱི་ཚོགས་འདུ་འཚོག་པ་འདིའི་མ་འོངས་པར་ཕན་ཐོགས་གང་འདྲ་ཡོང་མིན་དྲིས་པར། ད་ལྟའི་ཚོགས་འདུ་འདིའི་སྒང་ལ་སྐད་ཆ་གཉིས་བཤད་སྡོད་ཀྱི་ཡོད་རེད། གཅིག་དེ་རིགས་གཅིག་རྐང་འཛིན་གྱི་སྐོར་དང༌། གཅིག་དེ་བོད་པའི་ཕྲུ་གུའི་ཤེས་ཡོན་ཡར་རྒྱས་གང་འདྲ་བྱས་ནས་གཏོང་དགོས་ཀྱི་ཡོད་མེད་རེད། ྋསྐྱབས་མགོན་རིན་པོ་ཆེས་བཀའ་གནང་བ་བཞིན་ང་ཚོའི་ཕྲུ་གུ་འཛིན་གྲྭ་བཅུ་གཉིས་ཐོན་མཁན་སྙན་ཞུ་འབྲི་མི་ཤེས་མཁན་འདུག་གསུངས་པ་ནང་བཞིན། དོན་གནད་གཉིས་ལ་གྲ་སྒྲིག་བྱས་ནས་ཚོགས་འདུ་བསྐོང་བ་རེད། དགོངས་འཆར་གནང་མཁན་ཚོས་ཡག་པོ་གནང་གི་འདུག གལ་ཆེ་ཤོས་དེ་ང་རང་ཚོ་མི་རྒན་པ་ཚོས་འགན་འཁྱེར་རྒྱུ་གལ་ཆེན་པོ་རེད་བསམ་གྱི་འདུག ང་ལ་ཆ་བཞག་ན་སྔོན་མ་དགེ་རྒན་བྱས་པ་ནས་བཟུང་གྱོན་ཆས་དབུར་ཏི་མ་རྒྱབ་པ་གོན་མ་མྱོང༌། ལོ་ཉི་ཤུ་རྩ་གྲངས་ཤིག་འགྲོ་ཡི་འདུག དེ་རང་གོན་གྱི་ཡོད། དེ་བཞིན་ཐ་མག་སྤངས་པ་ཡིན། ཨ་རག་སྤངས་པ་ཡིན། ང་རང་གི་དོན་དག་ཆུང་ཆུང་ཚང་མ་བློས་གཏོང་བྱས་པ་ཡིན། དེ་བཞིན་ཤེས་ཡོན་གྱི་ལས་ཀ་བྱེད་མཁན་རྣམས་ཀྱིས་བློས་གཏོང་བྱེད་དགོས་པ་གལ་ཆེན་པོ་རེད་བསམ་གྱི་འདུག དམིགས་བསལ་དགེ་རྒན་གྱིས་དོན་དག་ཆུང་ཆུང་དེ་ཚོ་བློས་གཏོང་དགོས་ཀྱི་རེད། དེང་སང་ངས་ག་རེ་མཐོང་གི་འདུག་ཟེར་ན། དགེ་རྒན་དང་སློབ་ཕྲུག་གཉིས་ཀྱི་ཤེས་ཡོན་ལ་དོ་སྣང་ཐད་སློབ་ཕྲུག་སྔོན་ལ་འགྲོ་ཡི་འདུག ངས་དགེ་རྒན་ཚོའི་མཉམ་དུ་སྐད་ཆ་བཤད་དུས་སྔོན་མ་ནང་བཞིན་བསྡད་འདུག དེར་བརྟེན་ཡར་རྒྱས་འགྲོ་དགོས་ཀྱི་འདུག དགེ་རྒན་ཟེར་མཁན་དེ་ཤེས་ཡོན་གྱི་སྦྱིན་པ་གཏོང་མཁན་ཞིག་ཡིན་དུས་སོ་སོ་ལ་ཤེས་ཡོན་མེད་ན་ག་རེ་སྦྱིན་པ་གཏོང་རྒྱུ་ཡོད་རེད། དེང་སང་དགེ་རྒན་མང་པོ་ཞིག་གི་གཤིས་ཀ་ག་རེ་འདུག་ཟེར་ན། རང་ཉིད་ཡར་རྒྱས་གཏོང་རྒྱུ་སོགས་ཀྱི་ཐད་དོ་སྣང་ཧ་ལས་པའི་ཆུང་ཆུང་རེད་འདུག སྤྱིར་བོད་པའི་སྤྱི་ཚོགས་ཡོངས་རྫོགས་དེ་འདྲ་རེད། དེབ་རྩ་བ་ནས་ཀློག་གི་མ་རེད། ཨ་མ་ཚོས་དེབ་ཀློག་གི་མ་རེད། པ་ལགས་ཚོས་དེབ་ཀློག་གི་མ་རེད། ང་ལ་ཆ་བཞག་ན། ན་ནིང་དེབ་ཉིས་བརྒྱ་ལྔ་བཅུ་ཙམ་ཀློག་པ་ཡིན། དེ་དག་ཆ་ཚང་ངའི་བུ་མོས་ཀློག་ཡོད་པ་རེད། ཁྱིམ་དུ་གཟུགས་མཐོང་བརྙན་འཕྲིན་ཡོད། དེ་མེད་པ་བཟོས་པ་ཡིན། དེ་ཡང་བློས་གཏོང་ཞིག་རེད། ཕྲུ་གུ་མཉམ་དུ་སྐད་ཆ་བཤད། ཡིན་ནའང་ང་ལ་ངོ་རྒོལ་མང་ཤོས་སྐྱེ་དམན་གྱིས་བྱེད་ཀྱི་འདུག ཕྲུ་གུས་ཉན་གྱི་འདུག དཀར་ནག་དང་ཡག་སྡུག་དབྱེ་འབྱེད་ཐུབ་ཀྱི་འདུག རྒན་པ་ཁག་པོ་རེད་འདུག འགྱུར་བ་གཏོང་ན་རྒན་པ་ཚོས་གཏོང་དགོས་ཀྱི་འདུག ཕྲུ་གུ་ཚོ་འགྱུར་བ་རང་བཞིན་གྱིས་འགྲོ་ཡི་རེད། ང་ཚོར་འགྱུར་བ་གཏོང་རྒྱུ་གལ་ཆེན་པོ་རེད་བསམ་གྱི་འདུག དེ་རིང་ཚོགས་འདུ་འདིར་རྒན་པ་ཚོ་གཉིད་སད་ནས་བློས་གཏོང་ཕྲན་བུ་བྱས་ན་ཏན་ཏན་འགྱུར་བ་འགྲོ་ཡི་རེད་བསམ་གྱི་འདུག དེ་མ་གཏོགས་ཚོགས་འདུ་འཚོགས། གྲོས་ཆོད་བཞག དེ་འདྲ་བྱས་ནས་འགྲོ་སྡོད་ཀྱི་རེད། གང་ཡང་ཡོང་རྒྱུ་ཡོད་མ་རེད། ངས་ཞུས་པ་ཡིན། གཉིད་ཁུག་མཁན་ཞིག་ཡིན་ན་ྋསྐྱབས་མགོན་རིན་པོ་ཆེའི་བཀའ་སློབ་དེས་གཉིད་སད་ཡོད་པ་རེད། གཉིད་རྫུ་བྱེད་མཁན་ཞིག་ཡིན་ན་ཁག་པོ་རེད། གཙང་པོའི་ནང་ལ་གཡུགས་ཀྱང་ད་དུང་གཉིད་རྫུས་བྱེད་ཀྱི་རེད། དངོས་གནས་གཉིད་ཁུག་མཁན་དང་གཉིད་རྫུས་བྱེད་མཁན་ཡིན་མིན་རྒན་པ་ཚོའི་ལས་ཀ་བྱེད་སྟངས་ནས་གསལ་པོ་མཐོང་གི་རེད་བསམ་གྱི་འདུག་ཅེས་འགྲེལ་བརྗོད་གནང་སོང༌།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།