བོད་ནང་གི་མཁས་དབང་ཚོའི་སེམས་འཚབ་དང་དགོངས་འཆར།

སྐུ་ཞབས་བཀྲ་ཤིས་ཚེ་རིང་ལགས་ནས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་རྣམ་པར་ཕུལ་བའི་འཕྲིན་ཡིག་སྐོར་ལ་ཆེད་ལས་མཁས་པ་རྣམ་པའི་དགོངས་འཆར།

བོད་མི་མང་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་གྱིས་བོད་བསྒྱུར་ཞུས།

ཕྱི་ལོ་ ༢༠༠༨ ཟླ་ ༡༠ ཚེས་ ༢༤ ཉིན།།

སྐུ་ཞབས་བཀྲ་ཤིས་ཚེ་རིང་ལགས་ཀྱིས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་རྣམ་པར་ཕུལ་བའི་འཕྲིན་ཡིག་དེ་ཉིད་ལ། གོང་རིམ་འབྲེལ་ཡོད་ཀྱིས་མཆན་བཀོད་མཛུབ་སྟོན་ལྟར་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་དྲིལ་བསྒྲགས་སྡེ་ཚན་ནས་ཕྱི་ལོ་ ༢༠༠༧ ཟླ་ ༧ ཚེས་ ༧ ནས་ ༨ བར་ཉིན་གཉིས་རིང་པེ་ཅིང་དུ་ཆེས་ལས་མཁས་པའི་བཞུགས་མོལ་ཚོགས་འདུ་ཞིག་ཆེད་དུ་བསྐོངས་ཏེ། སློབ་གྲྭ་ཆེ་མོ་དང༌། ཚན་རྩལ་ཞིབ་འཇུག་ཁང༌།གསར་འགྱུར་བརྒྱུད་ལམ་སོགས་སྡེ་ཚན་ཁག་ནས་ཕེབས་པའི་ཆོལ་ཁ་གསུམ་གྱི་བོད་རིག་པའི་མཁས་དབང་རྣམ་པས་གནད་དོན་དེར་གོ་བསྡུར་ཞིབ་ནན་ལྷུག་གསུམ་གནང་བའི་དགོངས་འཆར་ཕྱོགས་བསྡུས་བྱས་པ་ཁག་གཤམ་གསལ། བཞུགས་མོལ་ཚོགས་འདུའི་ཐོག་མཁས་དབང་རྣམ་པས་ཕྱི་ལོ་ ༡༩༨༧ ལོར་འགྲེམས་སྤེལ་བྱས་པའི་བོད་རང་སྐྱོང་ལྗོངས་སུ་བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད།

འཕེལ་རྒྱས་སུ་གཏོང་རྒྱུའི་གཏན་འབེབས་འགའ་ཞིག་ཚོད་ལྟའི་ལག་བསྟར།ཅེས་པ་དང༌། གཤམ་དུ་གཏན་འབེབས་རྙིང་པ་ཞེས་འགོད་རྒྱུ། ཕྱི་ལོ་ ༡༩༨༨ ལོར་འགྲེམས་བསྒྲགས་ཞུས་པའི་དོན་འཁྱོལ་བྱེད་ཕྱོགས་ཀྱི་ཞིབ་སྲོལ། ཕྱི་ལོ་ ༢༠༠༢ ཟླ་ ༥ ཚེས་ ༢༢ ཉིན་བོད་རང་སྐྱོང་ལྗོངས་སྐབས་བདུན་པའི་དམངས་འཐུས་ཚོགས་འདུའི་ཐོག་བསྐྱར་བཅོས་གྲོས་འཆམ་བྱུང་བའི་བོད་རང་སྐྱོང་ལྗོངས་སུ་བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད། འཕེལ་རྒྱས་སུ་གཏོང་རྒྱུའི་གཏན་འབེབས་འགའ་ཞིག་གཤམ་དུ་གཏན་འབེབས་གསར་པ་ཞེས་འགོད་རྒྱུ།བཅས་ཞིབ་ཀློག་བྱས་རྗེས་གསལ་སྟོན་བྱས་དོན།གཏན་འབེབས་གསར་པ་དང་རྙིང་པའི་བར་གྱི་ནང་དོན་ལ་ཧེ་བག་ཆེན་པོ་ཤོར་ཞིང༌། གཏན་འབེབས་རྙིང་པ་དང་དེའི་དོན་འཁྱོལ་བྱེད་ཕྱོགས་ཞིབ་སྲོལ་གྱི་ནང་དོན་ཞིབ་ཅིང་ཕྲ་བ་ཡོད་པ་མ་ཟད། དོན་དངོས་དང་ཤིན་ཏུ་མཐུན་པ་ཞིག་དང༌། བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད། འཕེལ་རྒྱས་གཏོང་བར་ཕན་རླབས་ཆེན་པོ་ལྡན་ལ། ལག་བསྟར་བྱེད་བདེ་ཞིག་ཀྱང་ཡིན། དེ་ལས་གལ་འགངས་ཆེ་བ་ཞིག་ནི་དེ་རྩ་ཁྲིམས་དང་རང་སྐྱོང་ཁྲིམས་ལུགས་སོགས་ཀྱི་འབྲེལ་ཡོད་གཏན་འབེབས་དང་མཐུན་པ་ཞིག་ཡིན། འོན་ཀྱང་གཏན་འབེབས་རྙིང་པའི་ནང་དུ་བོད་ཀྱི་སྐད་ཡིག་འཕེལ་རྒྱས་གཏོང་བར་ཕན་པའི་གལ་འགངས་ཆེ་བའི་ནང་དོན་མང་དག་ཅིག་འཁོད་པ་རྣམས་གཏན་འབེབས་གསར་པས་ནག་བསུབ་བཏང་ཡོད་ལ། ནག་བསུབ་ཏུ་བཏང་བའི་ནང་དོན་དེ་དག་ནི་རྒྱལ་ཁབ་ཀྱི་མི་རིགས་འདྲ་མཉམ་གྱི་སྲིད་བྱུས་མཚོན་པ་ཤ་སྟག་ཡིན་པས། དེ་ནི་གཞུང་འབྲེལ་གྱི་ཡིག་ཆ་ཞིག་གམ་ལྷག་པར་དུ་ཁྲིམས་ལུགས་རང་བཞིན་གྱི་ཡིག་ཆ་ཞིག་ལ་ངེས་པར་དུ་ཚང་དགོས་པ་ཞིག་རེད། གཏན་འབེབས་གསར་པར་དོན་དངོས་དང་མི་མཐུན་པ་དང༌། རྒྱལ་ཁབ་ཀྱི་ཁྲིམས་སྲོལ་སྲིད་ཇུས་དང་མི་མཐུན་པའི་བཟོ་བཅོས་བྱེད་སྟངས་དེས། དོན་དངོས་ཐོག་རྩ་ཁྲིམས་དང་མི་རིགས་རང་སྐྱོང་ཁྲིམས་ལུགས་སོགས་སུ་གསལ་བའི་བོད་མི་རིགས་ཀྱིས་སོ་སོའི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་བྱས་ཆོག་པའི་ཐོབ་ཐང་དང་རང་དབང་རྣམས་མེད་པར་བཟོས་པ་དང༌། དེས་བོད་རང་སྐྱོང་ལྗོངས་སུ་བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད། འཕེལ་རྒྱས་སུ་གཏོང་བར་ལྡོག་ཕྱོགས་ཀྱི་ནུས་པ་ཆེན་པོ་ཞིག་ཐོན་ཐོག ལོ་རྒྱུས་རང་བཞིན་གྱི་གོམ་པ་ཆེན་པོ་ཕྱིར་བཤོལ་བྱས་པ་ཞིག་ཀྱང་ཡིན། དམིགས་ཚད་དེའི་ཐད་ནས་བརྗོད་ན། བོད་ལྗོངས་སློབ་གྲྭ་ཆེ་མོའི་དགེ་རྒན་སྐུ་ཞབས་བཀྲིས་ཚེ་རིང་ལགས་ཀྱིས་བོད་རང་སྐྱོང་ལྗོངས་ཀྱི་མི་དམངས་འཐུས་མི་རྣམས་ལ་ཕུལ་བའི་འཕྲིན་ཡིག་དེའི་ལྟ་བ་ནི་ཤིན་ཏུ་ཡང་དག་པ་ཞིག་རེད། གཏན་འབེབས་གསར་པའི་ནང་ལྷག་པའི་སྐྱོན་གནད་དང་ལྡོག་ཕྱོགས་ཀྱི་ནུས་པ་དེས་ཕུགས་རྒྱང་རིང་པོར་བལྟས་ན་བོད་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་བརྟན་པོའི་ངང་གོང་སྤེལ་གཏོང་བར་ཕན་ནུས་མེད་པ་མ་ཟད། མི་རིགས་མཐུན་བསྒྲིལ་ལའང་དེ་བས་ཕན་ནུས་མེད་པ་དང༌། འཆམ་མཐུན་གྱི་སྤྱི་ཚོགས་སྐྲུན་པར་ཕན་ཐོགས་མེད་པ། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་དོན་འཁྱོལ་བྱུང་བར་ཕན་ཐོགས་མེད་པའི་བྱེད་སྟངས་ཤིག་རེད།དེར་བརྟེན། བོད་ཀྱི་སྐད་ཡིག་ལས་དོན་ལ་མཚོན་ན། སྐུ་ཞབས་བཀྲིས་ཚེ་རིང་ལགས་ཀྱིས་གསལ་སྟོན་གནང་བའི་གནད་དོན་དེ་ནི་དུས་ཡུན་རིང་པོ་ཞིག་ནས་ལྷག་པའི་གནད་དོན་ཞིག་དང༌། དེ་ནི་བོད་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་མུ་མཐུད་གནས་ཐུབ་མིན་དང་འབྲེལ་བའི་དོན་ཆེན་ཞིག རང་རྒྱལ་གྱི་རྒྱལ་སྤྱིའི་མཚན་མཐོང་དང་ཁེ་ཕན་ལ་འབྲེལ་བ་ཡོད་པའི་དོན་ཆེན་ཞིག་ཡིན་སྟབས་འབྲེལ་ཡོད་ནས་དེར་དོ་སྣང་ཆེན་པོ་གནང་དགོས་པ་མ་ཟད། རྩ་ཁྲིམས་དང་རང་སྐྱོང་ཁྲིམས་ལུགས་ཀྱི་སྙིང་དོན་གཞིར་བཟུང་དེ་མཚུངས་ཀྱི་བཟོ་བཅོས་གྲོས་འཆར་བརྒྱུད་ཐག་གཅོད་ལེགས་པོ་ཡོང་ཐབས་བྱེད་དགོས།

གཅིག གནད་དོན་དང་རྒྱུ་མཚན།

དོན་ཚན་དང་པོ། ནང་ཁུལ་དུ།

༡༽ ཕྱི་ལོ་ ༢༠༠༢ ལོའི་གཏན་འབེབས་དེས་མི་རིགས་བར་གྱི་འགལ་རྐྱེན་སློང་སླ་རུ་བསྒྱུར་ཏེ་མི་རིགས་མཐུན་སྒྲིལ་ལ་གནོད་པ་དང༌། བརྟན་ལྷིང་མེད་པའི་རྐྱེན་ངན་བསླངས་ཏེ་འཆམ་མཐུན་སྤྱི་ཚོགས་སྐྲུན་པར་ཕན་གྱི་མེད།

སྐད་ཡིག་འདྲ་མཉམ་ནི་མི་རིགས་འདྲ་མཉམ་སྲིད་ཇུས་ནང་གི་ཆེས་གལ་འགངས་ཆེ་བའི་ནང་དོན་ཞིག་ཡིན། ལག་ལེན་ཐོག་ནས་ར་སྤྲོད་གསལ་པོ་བྱུང་དོན་ཞིག་ལ། བཀོལ་ཤུགས་ཆེ་བའི་སྐད་ཡིག་ཅིག་དང་བཀོལ་ཤུགས་ཆུང་བའི་སྐད་ཡིག་ཅིག་ཆ་རྐྱེན་གཅིག་མཚུངས་འོག་བེད་སྤྱོད་འཇུག་ཏུ་བཅུག་ན། བཀོལ་ཤུགས་ཆུང་བའི་སྐད་ཡིག་ལ་དྲང་པོ་ཆགས་ཀྱི་མེད། གང་ལགས་ཤེ་ན། བཀོལ་ཤུགས་ཆུང་བའི་སྐད་ཡིག་ལ་སྲུང་སྐྱོབ་གང་ཡང་མེད་པའི་རྐྱེན་གྱིས་ཡིན། བོད་ཀྱི་སྐད་ཡིག་ནི་བོད་རིགས་མི་འབོར་བརྒྱ་ཆ་ ༩༦ ཟིན་པའི་བོད་རང་སྐྱོང་ལྗོངས་ཀྱི་སྤྱི་ཁྱབ་སྐད་ཡིག་ཡིན་པ་ནི་སྨོས་ཅི་དགོས། གཏན་འབེབས་གསར་པའི་ནང་བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད། འཕེལ་རྒྱས་སུ་གཏོང་བར་ཕན་པའི་གལ་ཆེ་བའི་ནང་དོན་མང་དག་ཅིག་ཏག་ཏག་ནག་བསུབ་བཏང་ཡོད་སྟབས། བོད་རིགས་མི་འབོར་བརྒྱ་ཆ་ ༩༦ ཡན་ཟིན་པའི་བོད་རང་སྐྱོང་ལྗོངས་ཀྱི་དངོས་ཡོད་གནས་ཚུལ་ལ་བལྟས་ན། སྐད་ཡིག་གནས་སྟངས་ལ་ཁྱོན་ཡོངས་དང་གཏིང་ཟབ་པོའི་སྒོ་ནས་ཞིབ་འཇུག་བྱས་པའི་ཚན་རིག་རང་བཞིན་གྱི་གཞི་རྩ་མེད་པ་དང༌། དངོས་ཐོག་བདེན་འཚོལ་གྱི་བསམ་བློའི་ལམ་སྟོན་མེད་པ། དེའི་རྐྱེན་གྱིས་བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད། འཕེལ་རྒྱས་སུ་གཏོང་བར་བཀག་རྒྱ་ཆེན་པོ་བཟོས་ཡོད་པ་ནི་མངོན་གསལ་རེད། དེར་བརྟེན་གཏན་འབེབས་གསར་པའི་ངོ་བོ་དངོས་ནི་ཕྱིར་བཤོལ་བྱས་པ་ཞིག་ཡིན་པ་དང༌། དེས་བོད་མི་རིགས་ཀྱིས་སོ་སོའི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་གཏང་ཆོག་པའི་ཐོབ་ཐང་འཕྲོག་ཡོད་ལ། བོད་མི་རིགས་ཀྱི་སོ་སོའི་རིག་གཞུང་སྲུང་སྐྱོབ་དང་རྒྱུན་འཛིན་གྱི་ཐོབ་ཐང་ཡང་བཙན་འཕྲོག་བྱས་ཡོད།

སྐད་ཡིག་ནི་མི་རིགས་ཤིག་གི་སྲོག་རྩ་ཡིན་ཞིང༌། བོད་ཀྱི་སྐད་དང་ཡི་གེ་ནི་བོད་མི་རིགས་ལ་དམིགས་བསལ་དུ་ཡོད་པའི་ཁྱད་ནོར་ཞིག་ཡིན། དེ་ནི་བོད་ཀྱི་རིག་གཞུང་ཚད་དང་ལྡན་པ་དང་ཇི་མ་ཇི་བཞིན་དུ་འགོད་བྱེད་ཀྱི་གལ་འགངས་ཆེ་བའི་བརྡ་རྟགས་ཤིག་ཡིན་པ་མ་ཟད། ཀྲུང་གོའི་གཞུང་གཏེར་མཛོད་ནང་གི་ནོར་བུ་ཁྱད་དུ་འཕགས་པ་ཞིག་ཡིན་ཏེ། རྒྱ་ནག་གི་དཔལ་ཡོན་དང༌། འཛམ་གླིང་སྤྱིའི་དཔལ་ཡོན་ལའང་ལེགས་སྐྱེས་ཆེན་པོ་ཕུལ་ཡོད། དེར་བརྟེན་བོད་ཀྱི་སྐད་ཡིག་རྒྱུན་འཛིན་དང་བེད་སྤྱོད། འཕེལ་རྒྱས་སུ་གཏོང་བར་བརྡ་སྤྲོད་རིག་པའི་རིན་ཐང་ཆེན་པོ་ལྡན་པ་མ་ཟད། ཕུན་གསུམ་ཚོགས་པའི་མི་རིགས་རིག་པ་དང༌། རྩོམ་རིགས་རིག་པ། ལོ་རྒྱུས་རིག་པ་བཅས་ཀྱི་རིན་ཐང་ཡང་ཆེན་པོ་ལྡན།

གལ་སྲིད་གཏན་འབེབས་གསར་པ་ལྟར། ད་ལྟ་ནས་བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད། འཕེལ་རྒྱས་སུ་གཏོང་བར་མཐོང་ཆེན་མ་བྱས་ན། བོད་ཀྱི་སྐད་ཡིག་དེ་ཉིད་རིམ་བཞིན་བོད་རིགས་མི་མང་གི་འཚོ་བའི་ཁྲོད་ནས་མེད་པར་གྱུར་ཏེ། བོད་ཀྱི་རིག་གཞུང་གི་སྔར་ཡོད་རྨང་གཞི་རྩ་བརླགས་སུ་འགྱུར་རྒྱུ་མ་ཟད། སྣ་འཛོམས་གོང་བུ་གཅིག་ཏུ་གྲུབ་པའི་ཀྲུང་ཧྭ་རིག་གཞུང་གི་ཆ་ཤས་གལ་འགངས་ཆེ་བ་ཞིག་ཀྱང་མེད་པར་འགྱུར་ངེས་རེད། དེ་ལྟ་བུའི་རྗེས་འབྲས་ནི་བོད་མི་རིགས་ཀྱི་ཆག་སྒོ་ཞིག་ཡིན་ལ། ཀྲུང་ཧྭ་རིག་གཞུང་གི་ཆག་སྒོ་ཞིག་ཀྱང་ཡིན། དེར་བརྟེན་མི་རིགས་ཀྱི་སྲོག་རྩར་གནོད་པ་དང་མི་རིགས་ཀྱི་བརྩེ་གདུང་ལ་གནོད་པ། སྤྱི་ཚོགས་ཀྱི་རིག་གཞུང་འཛུགས་སྐྲུན་ལ་ཕན་པ་མེད་པའི་བྱེད་སྟངས་དེས། སྤྱི་ཚོགས་ནང་དགོས་མེད་ཀྱི་མི་མངོན་པའི་རྐྱེན་ངན་བསླངས་ཏེ་དོན་མེད་དུ་སྤྱི་ཚོགས་ཀྱི་འགལ་ཟླ་བཟོ་རྒྱུ་ངེས་པ་རེད།

དེ་འདྲ་ཡིན་ཕྱིར། ང་ཚོས་ཚོར་ཤུགས་དྲག་པོའི་སྒོ་ནས་རེ་བ་འདོན་རྒྱུ་ཞིག་ལ། བོད་རང་སྐྱོང་ལྗོངས་ཀྱིས་བོད་རང་སྐྱོང་ལྗོངས་སུ་བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད། འཕེལ་རྒྱས་སུ་གཏོང་རྒྱུའི་གཏན་འབེབས་དེ་ཉིད་ཡང་བསྐྱར་བསྐྱར་བཅོས་བྱེད་སྐབས། ཕྱི་ལོ་ ༡༩༨༧ ལོར་འགྲེམས་བསྒྲགས་བྱས་པའི་གཏན་འབེབས་ཀྱི་གལ་ཆེའི་དོན་ཚན་དང་སྙིང་དོན་རྣམས་རང་འཇགས་བཞག་ཐོག བོད་རང་སྐྱོང་ལྗོངས་སུ་བརྒྱ་ཆ་ ༩༦ ཡན་བོད་རིགས་མང་ཚོགས་ཡིན་པའི་དངོས་ཡོད་གནས་ཚུལ་ལ་གཞིགས་ཏེ་བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་ལ་ཕན་པའི་དོན་ཚན་གསར་སྣོན་དང༌། གཏན་འབེབས་འདི་ཉིད་སྔར་བས་འཐུས་སྒོ་ཚང་བ་དང་ལུགས་དང་མཐུན་པ། སྔར་བས་རྒྱ་ཆེའི་མི་མང་མང་ཚོགས་ཀྱི་ཁེ་ཕན་དང་མཐུན་པ་དང༌། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་དང་འཚམ་པ་ཞིག་གནང་སྟེ། བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་སྐད་ཡིག་ལས་དོན་ལ་སྔར་བས་ཚན་རིག་དང་ནུས་ཤུགས་ལྡན་པའི་ལམ་སྟོན་དང༌། བོད་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཐུབ་པ་བྱེད་དགོས།

གཉིས་པ། བོད་ཀྱི་སྐད་ཡིག་སློབ་ཁྲིད་དེ་ཉིད་སློབ་གསོའི་ཁྱབ་ཁོངས་ཁྲོད་དང་ལྷག་པར་དུ་འོས་འགན་སློབ་གསོའི་དུས་རིམ་སྐབས་ཀྱི་གལ་ཆེའི་གནས་བབ་ལ་ཤུགས་སྣོན་དང་མཐོང་ཆེན་གནང་དགོས། གཏན་འབེབས་གསར་པར་དེའི་སྐོར་སྤྱི་སྤོམ་ཙམ་ལས་ཁ་གསལ་གང་ཡང་འཁོད་མེད། གལ་སྲིད་དེ་བས་ཞིབ་ཕྲ་དང་གསལ་ཁ་དོད་པའི་གཏན་འབེབས་ཤིག་གང་མྱུར་མ་བཟོས་ན། སློབ་གསོའི་ལས་དོན་གྱི་འཛིན་སྐྱོང་མི་སྣ་བྱེ་བྲག་པས་བོད་ཀྱི་སྐད་ཡིག་སློབ་ཁྲིད་མངོན་གསལ་འབུར་འདོན་མི་དགོས་པའི་ཁ་གཡར་ས་ཞིག་ཏུ་གྱུར་ཏེ། བོད་ཀྱི་སྐད་ཡིག་དེ་ཉིད་སློབ་གསོའི་ཁྱབ་ཁོངས་ཁྲོད་སློབ་སྦྱོང་དང་བེད་སྤྱོད་གཏོང་བར་དགོས་གལ་མེད་པའི་བཀག་རྒྱ་འབྱུང་ངེས།

༡༽ སློབ་གསོ་རིག་པའི་ངོས་ནས་བརྗོད་ན། རྨང་གཞིའི་སློབ་གསོའི་སྐད་བརྡའི་ཁྲོད་ཕན་ནུས་ཆེ་ཤོས་ནི་སོ་སོའི་ཕ་སྐད་ཡིན་པ་དེ་འཛམ་གླིང་ཡོངས་ཀྱི་རྩོད་མེད་ཡོངས་གྲགས་ཀྱི་ལྟ་བ་ཞིག་ཆགས་ཟིན། སོ་སོའི་ཕ་སྐད་ལེགས་པར་སྦྱངས་པའི་རྨང་གཞིའི་ཐོག ཕ་སྐད་བརྒྱུད་སྐད་ཡིག་གཞན་པ་དང་དང་ཤེས་བྱ་གཞན་སློབ་སྦྱོང་བྱེད་པ་ནི་ཚན་རིག་དང་མཐུན་པ་ཞིག་ཡིན།

ཕ་སྐད་སློབ་གསོ་ནི་སློབ་གསོའི་ནང་གི་ཨང་དང་པོ་ཡིན་པ་ལག་ལེན་དངོས་ཀྱི་ཁྲོད་ར་སྤྲོད་གསལ་པོ་བྱུང་ཡོད་ལ། དེ་ནི་གནད་དོན་དུ་འགྱུར་མི་དགོས་པ་ཞིག་ཀྱང་ཡིན། རྒྱལ་ནང་གི་གྲངས་ཉུང་མི་རིགས་གཞན་དག་གི་ཕ་སྐད་སློབ་གསོའི་གནད་དོན་དེ་ཉིད་ཐག་གཅོད་ལེགས་པོ་ཟིན་པ་མ་ཟད་གྲུབ་འབྲས་ཀྱང་མི་དམན་པ་ཐོབ་བཞིན་ཡོད། འོན་ཀྱང་བོད་རང་སྐྱོང་ལྗོངས་དང་དེ་མིན་བོད་རིགས་འདུས་སྡོད་ས་ཁུལ་ཁག་ཏུ་ཐོག་མཐའ་བར་གསུམ་དུ་ཕ་སྐད་སློབ་གསོའི་གནད་དོན་དེ་ཉིད་ཐག་གཅོད་བྱེད་ཐུབ་མེད། ལྷག་པར་དུ་བོད་རང་སྐྱོང་ལྗོངས་སུ་བརྒྱ་ཆ་ ༩༦ ཡན་བོད་རིགས་ཡིན་པ་དང༌། གཞི་རིམ་ཞིང་འབྲོག་མི་མང་གིས་རྒྱ་སྐད་རྩ་བ་ནས་བརྗོད་མི་ཐུབ་ལ་གོ་ཡང་མི་ཐུབ་པའི་དངོས་ཡོད་གནས་ཚུལ་འདིར་གཞིགས་ན། སློབ་གྲྭའི་སློབ་གསོས་ཕ་སྐད་སློབ་གསོ་གཙོ་བོ་འཛིན་དགོས་པ་ནི་དངོས་ཡོད་གནས་ཚུལ་དང་མཐུན་པ་ཞིག་དང༌། ཚན་རིག་དང་མཐུན་པའི་འཕེལ་རྒྱ་ལྟ་བ་དང་འཚམ་པ་ཞིག་ཀྱང་ཡིན། འོན་ཀྱང་འདི་ཉིད་ག་དུས་ཡིན་ནའང་གནད་དོན་ཞིག་ཏུ་གྱུར་གྱི་ཡོད། འགའ་ཞིག་གིས་ཡིན་གཅིག་མིན་གཅིག་ཕ་སྐད་མིན་པའི་སྐད་ཡིག་གིས་ཕ་སྐད་ཀྱི་ཚབ་བྱས་ཏེ་དེང་རབས་ཅན་དུ་འགྱུར་ཐབས་བྱེད་ཀྱི་ཡོད་པ་དང༌། འདི་ལྟ་བུའི་ཐལ་བསྐྱོད་རིང་ལུགས་ཀྱི་བྱེད་སྟངས་ནི་གཡོན་ཐལ་བསམ་བློས་གནོད་སྐྱོན་བཏང་བ་དངོས་སུ་མཚོན་ལ། དེས་སློབ་གསོ་འཕེལ་རྒྱས་གཏོང་བར་བཀག་རྒྱ་ཚབས་ཆེན་ཐེབས་ཀྱི་ཡོད།

༢༽ འགྲོ་བ་མིའི་བསམ་བློ་གཏོང་ཕྱོགས་དང་ངོས་འཛིན་བྱེད་ཕྱོགས་ཀྱི་ངོས་ནས་བཤད་ན། ཕ་སྐད་བརྒྱུད་ཤེས་བྱ་སྦྱང་རྒྱུ་ནི་ཆེས་ཕན་ནུས་ལྡན་ལ་ཆེས་ཚན་རིག་ལྡན་པའི་ཐབས་ལམ་ཞིག་ཡིན་པར་ཚན་རིག་ཞིབ་འཇུག་གི་ཐོག་ནས་ར་འཕྲོད་གསལ་པོ་བྱུང་ཡོད་པ་དང༌། ལག་ལེན་དངོས་ཀྱིས་ཀྱང་ཕ་སྐད་སློབ་སྦྱོང་བྱས་ན་ཕན་ནུས་དང་གྲུབ་འབྲས་མངོན་གསལ་ཡོད་པ་གསལ་སྟོན་བྱས་ཡོད། སྐུ་ཞབས་བཀྲིས་ཚེ་རིང་ལགས་ནི་བོད་ཡིག་དང་རྒྱ་ཡིག དབྱིན་ཡིག་བཅས་ཡིག་རིགས་གསུམ་ལ་ཐོགས་པ་མེད་ཅིང༌། ཁོང་གི་ཉམས་མྱོང་ཡིན་ནའང་འདྲ། ཡང་ན་མཁས་དབང་རྣམ་པའི་ཚོར་སྣང་ཟབ་མོ་ཡིན་ནའང་འདྲ། དེ་བཞིན་དུ་རྒྱ་ཆེའི་ཞིང་འབྲོག་མི་མང་གི་མིག་མཐོང་གཟུགས་གྲུབ་ཀྱི་མྱོང་ཚོར་བཅས་གང་ལ་བལྟས་ནའང༌། ཕ་སྐད་སློབ་སྦྱོང་གི་ཕན་ནུས་རང་བཞིན་དང་གལ་འགངས་རང་བཞིན་ར་སྤྲོད་བྱེད་ཀྱི་ཡོད། གནད་དོན་དེའི་ཐད་སྐུ་ཞབས་བཀྲ་ཤིས་ཚེ་རིང་ལགས་ཀྱིས་བཏོན་གནང་བའི་བསམ་འཆར་ཁག་ནི་གལ་འགངས་ཆེན་པོ་ཡིན་ལ། ཁོང་གིས་རྒྱལ་ཁབ་དང༌། མེས་རྒྱལ་ལ་བཅངས་པའི་ལྷག་བསམ་དང༌། ལོ་རྒྱུས་ལ་འགན་ཁུར་བའི་སྙིང་གཏམ་རྣམས་ཀྱིས་མི་ཚོར་སེམས་འགུལ་ཆེན་པོ་ཐེབས་ལ། རྗེས་སུ་ཡི་རང་ཞུ་དགོས་པ་ཞིག་རེད།

དེར་རྟེན། ཕ་སྐད་མིན་པའི་སྐད་ཡིག་དཔེར་ན་རྒྱ་སྐད་སོགས་ཅིག་གིས་ཕ་སྐད་བོད་སྐད་ཀྱི་ཚབ་བྱས་ཏེ་དེང་རབས་ཅན་ཞེས་པ་སློབ་ཁྲིད་བྱེད་རྒྱུ་ནི་ལོང་བའི་རྗེས་སུ་འབྲངས་པའམ་དངོས་དོན་དང་མི་མཐུན་པའི་བྱེད་སྟངས་ཤིག་ཡིན་ལ། ལྷག་པར་དུ་དེ་ནི་གཡོན་ཐལ་བསམ་པའི་རླབས་རྒྱུན་གྱི་ཐོན་རྫས་ཤིག་ཡིན་ཕྱིར། དེའི་རྗེས་འབྲས་ནི་སློབ་ཕྲུག་རྣམས་ཕྱེད་རྒྱ་ཡིག་ཡིག་རྨོངས་དང༌། ཕྱེད་བོད་ཡིག་ཡིག་རྨོངས་སུ་གྱུར་ཏེ། སྐད་ཡིག་གཉིས་ཀ་ཁུངས་མ་འཁྱོལ་པ་ཆགས་ཀྱི་ཡོད། དེ་ལྟར་མི་རབས་ནས་མི་རབས་སུ་འཐུས་ཤོར་དུ་ཕྱིན་ན། བོད་རང་སྐྱོང་ལྗོངས་དང་བོད་ཁུལ་ས་གནས་གཞན་དག་ཏུ་དེང་རབས་ཅན་འཛུགས་སྐྲུན་གྱི་ཤེས་ལྡན་མི་སྣ་མི་ལྡང་བའི་དཀའ་ངལ་ཚབས་ཆེན་འཕྲད་རྒྱུ་དང༌། རྒྱལ་ཁབ་ཀྱི་སློབ་གསོའི་ཐོན་ཁུངས་དང༌། ཤེས་ལྡན་མི་སྣའི་ཐོན་ཁུངས། དཔལ་འབྱོར་བཅས་ལའང་ཆུད་ཟོས་ཆེན་པོ་ཞིག་ཡིན། འདི་དག་ནི་ཕྱི་རོལ་ཡུལ་གྱི་དོན་དངོས་ལ་ཚན་རིག་དང་མཐུན་པའི་ངོས་འཛིན་དང་གདེང་ཚོད་མེད་པ་དང༌། ཚན་རིག་དང་མཐུན་པའི་འཕེལ་རྒྱས་གཞུང་ལུགས་ཀྱི་མཛུབ་སྟོན་མེད་པའི་མངོན་རྟགས་ཡིན་སྟབས། དོན་གྱི་ངོ་བོ་དངོས་ནི་ཕ་སྐད་སློབ་ཁྲིད་ཀྱི་ཐོབ་ཐང་འཕྲོག་པ་དེ་ཡིན། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་དང༌། མ་ལེ་རིང་ལུགས་དང་ཏིང་ཞའོ་ཕིང་གི་གཞུང་ལུགས། མཚོན་བྱེད་གསུམ་གྱི་སྙིང་དོན། དེ་མཚུངས་དུས་རབས་གསར་པའི་ནང་བཏོན་གནང་བའི་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་དང་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་གཞི་གང་ལ་བཅོལ་ནའང༌། མི་རིགས་མཐུན་སྒྲིལ་ལ་གནོད་པ་དང༌། མང་ཚོགས་དང་རྒྱལ་ཁབ་ཀྱི་ཁེ་ཕན་ལ་གནོད་པའི་རྒྱུ་རྐྱེན་ཐ་དག་ས་གནས་འགོ་ཁྲིད་ལས་བྱེད་པ་ཚོས་ནུས་ཤུགས་ཡོད་རྒུ་རྩལ་སྤྲུག་གནང་སྟེ་མེད་པ་བཟོ་དགོས་པ་ལས། ནོར་བའི་ཐོག་ཏུ་ནོར་འཁྲུལ་གྱི་ལམ་སྟོན་བྱས་ན་མི་འགྲིགས།

ཕྱི་ལོ་ ༡༩༨༧ ལོར་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཨུ་ཡོན་ཀྲང་སྐུ་གཞོན་པཎ་ཆེན་རིན་པོ་ཆེ་མཆོག་དང་ང་ཕོད་ངག་དབང་འཇིགས་མེད་རྣམ་གཉིས་ཀྱིས་གཙོ་སྐྱོང་དང༌། འབྲེལ་ཡོད་བོད་རིགས་ལས་བྱེད་མཉམ་ཞུགས་ཀྱིས་གཏན་འབེབས་བྱས་པའི་བོད་རང་སྐྱོང་ལྗོངས་སུ་བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད། འཕེལ་རྒྱས་སུ་གཏོང་རྒྱུའི་གཏན་འབེབས་འགའ་ཞིགཚོད་ལྟ་ཅེས་པའི་ནང༌། བོད་ཀྱི་སྐད་ཡིག་གཙོ་བོ་འཛིན་པའི་ཐོག བོད་རྒྱ་སྐད་ཡིག་གཉིས་ཀ་མཉམ་སྤྱོད་བྱེད་པའི་མཛད་ཕྱོགས་ལག་བསྟར་བྱས་ཏེ། བོད་རང་སྐྱོང་ལྗོངས་སུ་བོད་ཀྱི་སྐད་ཡིག་ཐོག་ནས་སློབ་ཁྲིད་བྱ་རྒྱུ་གཙོ་བོར་བྱེད་པའི་སློབ་གསོའི་མ་ལག་འཛུགས་དགོས་ཞེས་གལ་ཆེ་བའི་ཐག་གཅོད་བྱས་པ་དེ་ནི་རྩ་ཁྲིམས་དང༌། རང་སྐྱོང་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་དང་ཡོངས་སུ་མཐུན་པ་ཞིག་ཡིན། འོན་ཀྱང༌། ཕྱི་ལོ་ ༢༠༠༢ ཟླ་ ༥ ཚེས་ ༢༢ ཉིན་བོད་རང་སྐྱོང་ལྗོངས་སྐབས་བདུན་པའི་དམངས་འཐུས་ཚོགས་འདུའི་ཐོག་བསྐྱར་བཅོས་གྲོས་འཆམ་བྱུང་བའི་བོད་རང་སྐྱོང་ལྗོངས་སུ་བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད། འཕེལ་རྒྱས་སུ་གཏོང་རྒྱུའི་གཏན་འབེབས་ནང༌། གལ་འགངས་ཆེ་ལ་དོན་ཕན་ལྡན་པའི་ཐག་གཅོད་འདི་ཉིད་རྦད་དེ་ནག་བསུབ་བཏང་ཡོད། དེ་ནི་བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད། འཕེལ་རྒྱས་སུ་གཏོང་རྒྱུའི་ཐད་ལོ་རྒྱུས་རང་བཞིན་གྱི་ཕྱིར་བཤོལ་བྱས་པ་ཞིག་ཡིན་པ་མ་ཟད། དོན་དངོས་ཐོག་རྩ་ཁྲིམས་དང་འགལ་ཡོད།

༣༽ གལ་སྲིད་སློབ་གྲྭའི་ནང་དུ་བོད་ཀྱི་སྐད་ཡིག་སློབ་ཁྲིད་ལ་ཤུགས་སྣོན་མ་བརྒྱབ་པ་དང༌། བོད་ཀྱི་སྐད་ཡིག་བཀོལ་སྤྱོད་དང་འཕེལ་རྒྱས་གཏོང་བར་རྨང་གཞི་ལེགས་པོ་ཞིག་མ་བཙུགས་ན། མི་རིགས་སློབ་གསོའི་བྱ་གཞག་དོན་སྙིང་ལྡན་པའི་ངང་འཕེལ་རྒྱས་གཏོང་མི་ཐུབ་པ་མ་ཟད། དེ་ལས་ལྡོག་སྟེ་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་མང་དག་ཅིག་གི་སྣེ་དྲངས་ཏེ། བོད་ཀྱི་སྐད་ཡིག་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་རྒྱུའང་རི་ཉིལ་ཐག་པས་མི་འདུམ་པའི་ཉེན་ཁའི་མཚམས་སུ་སླེབས་ངེས།

དེར་བརྟེན་བོད་ཀྱི་སྐད་ཡིག་སློབ་ཁྲིད་བྱ་རྒྱུ་དེ་གལ་སྲིད་སློབ་ཆུང་ནས་སློབ་འབྲིང་དང༌། དེ་ནས་སློབ་ཆེན། དེ་ལས་ཚད་མཐོ་བའི་ཞིབ་འཇུག་སློབ་མ་དང༌། འབུམ་རམ་པ་བཅས་ཐེག་པ་རིམ་འཛེགས་ཀྱི་མ་ལག་འཐུས་སྒོ་ཚང་བ་ཞིག་མེད་ན། རྐང་རྟེན་མེད་པའི་མཆོངས་བསྐྱོད་ཀྱི་རང་བཞིན་དང༌། བསྐྱར་ཟློས་རང་བཞིན། རང་སྣང་གང་དྲན་རང་བཞིན་བཅས་ཡིན་པའི་མིག་རྒྱང་ཐུང་བའི་སློབ་གསོའི་སྲིད་བྱུས་དེས། སློབ་ཕྲུག་རྣམས་ཀྱི་བསམ་བློའི་འཁྱེར་སོ་དང༌། སྐད་ཡིག སློབ་གསོའི་ནང་དོན་བཅས་ཕན་ཚུན་མཐུད་འབྲེལ་བྱེད་པར་དགོས་གལ་མེད་པའི་འགོག་རྐྱེན་དང་དགོས་གལ་མེད་པའི་རྙོག་འཛིན་བྱུང་སྟེ། སློབ་ཁྲིད་ཀྱི་སྤུས་ཚད་ཇེ་མཐོར་གཏོང་བར་ཤུགས་རྐྱེན་ཚབས་ཆེན་ཐེབས་ངེས་རེད།

དཔེར་ན། གཏན་འབེབས་གསར་པས་གཏན་འབེབས་རྙིང་པའི་ནང་གསལ་བའི་བོད་ཀྱི་སྐད་ཡིག་སློབ་སྦྱོང་སྐོར་གྱི་གལ་ཆེའི་དོན་ཚན་ལ་ཤུགས་སྣོན་བརྒྱབ་མེད་པ་མ་ཟད། གཏན་འབེབས་རྙིང་པའི་ནང་གསལ་བའི་གལ་ཆེ་བའི་དོན་ཚན་མང་དག་ཅིག་ནག་བསུབ་བཏང་ཡོད། བྱེད་སྟངས་དེས་ཁྱོན་ཡོངས་ནས་བོད་ཀྱི་སྐད་ཡིག་སློབ་སྦྱོང་བྱེད་རྒྱུའི་ཤུགས་ཚད་ཉམས་དམས་སུ་བཏང་སྟེ། བོད་ཀྱི་སྐད་ཡིག་འདི་ཉིད་ཡོད་ནའང་འགྲིག་ལ་མེད་ནའང་འགྲིག་པའི་སློབ་ཚན་ཞིག་ཏུ་གྱུར་ཡོད། གཏན་འབེབས་གསར་པའི་དོན་ཚན་དྲུག་པའི་ནང་བཀོད་དོན། འོས་འགན་སློབ་གསོའི་དུས་རིམ་དུ་བོད་ཀྱི་སྐད་ཡིག་དང༌། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་རྒྱ་ཡིག་ལ་གོ་དགོས སྒྱུར་མཆན།གཉིས་སློབ་གསོའི་སློབ་ཁྲིད་ཀྱི་སྐད་ཡིག་ཡིན་ཞིང༌། བོད་ཀྱི་སྐད་ཡིག་དང༌། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་སློབ་ཚན་འཛུགས་རྒྱུ་དང༌། དུས་ཚོད་རན་འཚམ་ཕྱི་རྒྱལ་སྐད་ཡིག་གི་སློབ་ཚན་འཛུགས་རྒྱུ་ཞེས་གསལ་ཡོད། འོས་འགན་སློབ་གསོ་ཞེས་པ་ནི་དེ་སྔོན་འཛིན་རིམ་དྲུག་པ་མན་ཡིན་པ་དང༌། ད་ལྟ་བོད་རང་སྐྱོང་ལྗོངས་སུ་འཛིན་རིམ་དགུ་པའི་བར་འོས་འགན་སློབ་གསོ་ཁྱབ་ལུགས་དྲིལ་བསྒྲགས་བྱེད་ཀྱི་ཡོད། བསྒྱུར་མཆན། འོན་ཀྱང༌། འོས་འགན་སློབ་གསོའི་དུས་རིམ་སྐབས་བོད་ཡིག་གི་སློབ་ཚན་ཁྲིད་པ་དང༌། མཐོ་རིམ་སློབ་འབྲིང་སྐབས་འཛིན་གྲྭ་བཅུ་པ་ནས་བཅུ་གཉིས་བར་ལ་གོ་དགོས། བསྒྱུར་མཆན། རྒྱ་ཡིག་གཅིག་པུའི་ཐོག་ནས་སློབ་ཚན་འཁྲིད་པ་ཡིན་ན། གནས་སྟངས་འདི་སྐུ་ཞབས་བཀྲ་ཤིས་ཚེ་རིང་ལགས་ཀྱིས་གསུངས་པ་ནང་བཞིན། སློབ་ཕྲུག་མང་པོ་ཞིག་གིས་བོད་རྒྱ་སྐད་ཡིག་གཉིས་ཀྱི་ཉེར་མཁོའི་ཆ་ལག་ཕན་ཚུན་རྩ་བ་ནས་མཐུད་མི་ཐུབ་པར་འགྱུར་བའི་དབང་གིས། སློབ་ཁྲིད་ཀྱི་ཕན་འབྲས་ལ་གནོད་སྐྱོན་ཚབས་ཆེན་བཟོ་ངེས། དེ་ནི་བོད་རང་སྐྱོང་ལྗོངས་སུ་ད་ཡོད་སློབ་འབྲིང་དང་སློབ་ཆུང་ཁག་ནང་སློབ་ཕྲུག་ ༤༥༧༨༡༩ ཡོད་པ་ལ་མཚོན་ན། སོ་སོའི་སློབ་གསོའི་ཁེ་ཕན་དང་ཐད་ཀར་འབྲེལ་བའི་གནད་དོན་ཞིག་ཡིན་པ་མ་ཟད། བོད་ཀྱི་སྐད་ཡིག་བྱ་གཞག་བདེ་བླག་ངང་འཕེལ་རྒྱས་འགྲོ་ཐུབ་མིན་དང་འབྲེལ་བའི་དོན་ཆེན་ཞིག་ཀྱང་ཡིན།

གཏན་འབེབས་གསར་པས་བོད་ཀྱི་སྐད་ཡིག་འདི་ཉིད་ཡོད་ནའང་འགྲིག་ལ་མེད་ནའང་འགྲིག་པའི་གནས་སུ་སྐྱེལ་བའི་བསམ་སྦྱོར་དེས། དོན་དམ་དུ་བོད་ཀྱི་སྐད་ཡིག་དང་དེའི་སློབ་ཁྲིད་རིམ་བཞིན་སློབ་གསོ་རིག་པའི་ལོ་རྒྱུས་ཀྱི་སྡིངས་ཆའི་སྒང་ནས་བཙན་ཤེད་ཀྱིས་ཕྱིར་འཐེན་བྱེད་དུ་འཇུག་པ་ཡིན་ལ། བོད་མི་རིགས་ཀྱི་རིག་གཞུང་འདི་ཉིད་འགྲོ་བ་མིའི་རིག་གཞུང་ཁྲོད་ནས་བཙན་ཤེད་ཀྱིས་རྩ་ཡལ་དུ་གཏོང་དུ་འཇུག་པ་དེ་ཡིན། དེ་དང་ཆབས་ཅིག བྱེད་སྟངས་དེས་མི་རྣམས་ཀྱིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་སྦྱོང་དང་བེད་སྤྱོད། རྒྱུན་འཛིན། འཕེལ་རྒྱས་སུ་གཏོང་བའི་རང་དབང་དང་ཐོབ་ཐང་འཕྲོག་སྟེ། རྒྱ་ཆེའི་བོད་རིགས་མི་མང་གི་ཁེ་ཕན་ལ་གནོན་སྐྱོན་ཐེབས་པ་མ་ཟད། རྩ་ཁྲིམས་དང་རང་སྐྱོང་བཅའ་ཁྲིམས། འོས་འགན་སློབ་གསོའི་ཁྲིམས་ལུགས་བཅས་ཀྱི་དགོངས་དོན་དང་འགལ་བ་དང༌། རྒྱལ་ཁབ་ཀྱི་མི་རིགས་སྲིད་བྱུས་དང་འགལ་གྱི་ཡོད།

གསུམ་པ། གཡོན་གྱི་བསམ་བློའི་རླབས་རྒྱུན་གྱིས་ད་དུང་མུ་མཐུན་གནོད་འཚེ་གཏོང་བཞིན་ཡོད་སྟབས། གལ་སྲིད་དུས་ཐོག་དུག་རྫས་དེ་གཙང་སེལ་མ་བྱས་ན། མི་དམངས་དང་རྒྱལ་ཁབ་གཉིས་ཀར་གནོད་སྐྱོན་རྫོགས་རྒྱུ་མེད་པ་འབྱུང་ངེས། གཏན་འབེབས་གསར་པ་ནི་གཡོན་ཐལ་བསམ་བློའི་ཐོན་རྫས་ཤིག་ཡིན་སྟབས། དེའི་ཐད་སྤྱི་ཚོགས་སྟེང་བསམ་ཚུལ་ཤུགས་དྲག་ཡོད་པ་མ་ཟད། མི་རྣམས་གཏིང་ནས་ཁོང་ཁྲོ་ལངས་ཀྱང་ཁ་ནས་བཤད་མི་ཕོད་པར་གྱུར་པ་དང༌། གལ་སྲིད་རྒྱུན་དུ་འདི་ལྟར་བྱས་ན་འཆམ་མཐུན་གྱི་སྤྱི་ཚོགས་སྐྲུན་པར་གནོད་སྐྱོན་ཚབས་ཆེན་ལྷག་ངེས།

སྔོན་ཆད་ཡིན་ན་བོད་རང་སྐྱོང་ལྗོངས་ཙམ་མ་ཟད། བོད་ཁུལ་ས་གནས་གཞན་དག་ཏུའང་བོད་ཀྱི་སྐད་ཡིག་ནི་སྤྱི་ཚོགས་འཚོ་བའི་ཁྲོད་སྤྱི་སྤྱོད་སྐད་ཡིག་གཙོ་བོ་དེ་ཡིན། ལྷག་པར་དུ་གཞུང་ཕྱོགས་ཀྱི་ཡིག་རིགས་ཁག་ཏུ་བོད་ཡིག་ནི་གཙོ་བོ་ཡིན་པ་བཤད་མི་དགོས་པ་ཞིག་རེད། འོན་ཀྱང༌། དེང་སང་ཏག་ཏག་དེ་ལས་ལྡོག་པའི་གནས་བབ་ཅིག་ཏུ་ལྷུང་ཡོད།

དེ་ཡང་བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་ཀྱི་དངོས་ཡོད་ཕན་འབྲས་དང་ཁྱབ་ཚད་ཀྱང་སྤྱིར་བཏང་ཙམ་ལས་མེད་ཅིང༌། བོད་རང་སྐྱོང་ལྗོངས་སུ་དེ་བས་ཀྱང་ཡིད་སྐྱོ་དགོས་པ་ཞིག་ཆགས་ཡོད། དེས་ས་གནས་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་མི་རིགས་སྐད་ཡིག་སྲིད་བྱུས་ལག་བསྟར་དོན་འཁྱོལ་མ་བྱས་པ་མཚོན་གྱི་ཡོད་པ་མ་ཟད། རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་རང་སྐྱོང་བཅའ་ཁྲིམས། འོས་འགན་སློབ་གསོའི་ཁྲིམས་ལུགས་བཅས་ཀྱིས་བོད་རིགས་ལ་གནང་བའི་སོ་སོའི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད། སྲུང་སྐྱོབ་ཀྱི་ཐོབ་ཐང་དང་རང་དབང་ཡོད་པའང་བརྩི་སྲུང་དང་འགན་ལེན་བྱས་མེད་པ་མངོན་གསལ་དུ་མཚོན་གྱི་ཡོད།

དཔེར་ན། མཐོ་སློབ་ཡིག་རྒྱུགས་གཅིག་པུར་མཚོན་ན། བོད་ཀྱི་མི་འབོར་འདུས་སྡོད་ཆེ་ཤོས་ཡིན་པའི་བོད་རང་སྐྱོང་ལྗོངས་ཀྱི་མཐོ་རིམ་སློབ་འབྲིང་འཛིན་གྲྭ་བཅུ་པ་ནས་བཅུ་གཉིས་བར། སྒྱུར་མཆན།གི་བོད་ཡིག་ཆུ་ཚད་ལོ་རེ་ལས་ལོ་རེ་སྡུག་ཏུ་འགྲོ་བཞིན་པ་དེ། རྒྱ་ཡིག་གིས་བོད་ཀྱི་སྐད་ཡིག་གི་ཚབ་བྱས་ཏེ་སློབ་ཁྲིད་བྱས་པའི་རྗེས་འབྲས་ལས་བྱུང་བ་ཞིག་ཡིན། ཆེས་ཡ་མཚན་དགོས་པ་ཞིག་ལ། དེ་འདྲའི་རྒྱ་ཆེ་བའི་བོད་རང་སྐྱོང་ལྗོངས་ཀྱི་སློབ་ཕྲུག་ཚོའི་བོད་ཡིག་ཆུ་ཚད་དེ། ཨ་མདོ་ས་ཁུལ་གྱི་རང་སྐྱོང་ཁུལ་ཆུང་ཆུང་ཞིག་གི་ཆུ་ཚད་ལས་ཧ་ཅང་གིས་སྐྱོ་བ་ཆགས་ཡོད་པ་དང༌། བོད་ཀྱི་རིག་གཞུང་ལྟེ་གནས་སུ་གྲགས་པའི་ལྷ་ས་གྲོང་ཁྱེར་གྱི་སློབ་ཕྲུག་རྣམས་ཀྱི་ཆུ་ཚད་དེ། དེའི་མངའ་འོག་ལྷོ་ཁ་དང་གཞིས་རྩེ་ས་ཁུལ་ལས་སྐྱོ་བ་ཆགས་ཡོད། གལ་སྲིད་བོད་ཀྱི་སྐད་ཡིག་སློབ་ཁྲིད་ལ་མཐོང་ཆེན་དངོས་སུ་བྱས་ཡོད་ན། དེ་ལྟ་བུའི་ཁྱད་པར་ཆེན་པོ་ཞིག་ཡོང་མི་སྲིད། དོན་དངོས་ཐོག་རིག་གསར་སྐབས་རྒྱ་ཡིག་གིས་བོད་ཀྱི་སྐད་ཡིག་གི་ཚབ་བྱས་པའི་སློབ་གསོའི་བྱེད་ཕྱོགས་ནི་གྲུབ་འབྲས་ཐོབ་རྒྱུ་མེད་པའི་དཔེ་མཚོན་གསོན་པོ་ཞིག་ཡིན་ལ། ལག་ལེན་དངོས་ཀྱི་ཐོག་ནས་ཀྱང་དེ་ནི་ཚན་རིག་གཞུང་ལུགས་ཀྱི་མཛུབ་སྟོན་མེད་པའི་སྤྱོད་ཚུལ་ཞིག་དང༌། གཡོན་ཐལ་བསམ་བློས་ནོར་ལམ་དུ་འཁྲིད་པའི་ངན་འབྲས་ཤིག་ཡིན་པར་ར་སྤྲོད་གསལ་པོ་བྱུང་ཡོད། འོན་ཀྱང་གང་ཟག་བྱེ་བྲག་པ་འགའ་ཞིག་གིས་ད་དུང་དེ་ལྟ་བུའི་གྲུབ་འབྲས་ཐོན་རྒྱུ་མེད་པ་ཞིག་བསྐྱར་དུ་ལག་ལེན་བསྟར་རྒྱུར་སྤྲོ་བ་ཆེས་ཆེར་འཕེལ་བཞིན་ཡོད་པས། དེར་རྒྱལ་ཁབ་འབྲེལ་ཡོད་ཚན་པས་དོ་སྣང་ཆེན་པོ་གནང་དགོས་པ་མ་ཟད། ལམ་ནོར་དུ་བསྐྱར་ཞུགས་བྱེད་པའི་གནས་ཚུལ་མ་ཡོང་བ་བྱས་ཏེ་མི་རིགས་ས་ཁུལ་གྱི་སློབ་གསོའི་ལས་དོན་བདེ་བླག་ངང་གོང་དུ་འཕེལ་བར་གནོད་སྐྱོན་མི་འབྱུང་བ་གནང་དགོས།

དེ་མཚུངས་བསམ་བློའི་རླབས་རྒྱུན་དེ་ལྟ་བུའི་ཤུགས་རྐྱེན་འོག བོད་ཀྱི་སྐད་ཡིག་སློབ་དེབ་ཀྱི་ནང་དོན་བཀོད་སྒྲིག་ཀྱང་ཐོག་མཐའ་བར་གསུམ་ནས་གནད་དོན་ཞིག་ཏུ་གྱུར་ཏེ། སློབ་ཁྲིད་ཀྱི་སྤུས་ཚད་དང་གྲུབ་འབྲས་ལ་གནོད་སྐྱོན་ཚབས་ཆེན་ཐེབས་ཀྱིན་ཡོད། བོད་ཀྱི་སྐད་ཡིག་སློབ་དེབ་ཏུ་རྒྱ་ཡིག་སློབ་དེབ་ཀྱི་ནང་དོན་བོད་ཡིག་ཏུ་བསྒྱུར་ཏེ་འགོད་དགོས་པའི་བརྒྱ་ཆ་གཏན་འབེབས་བྱས་པ་དེས། གཅིག་ནས་ནང་དོན་དེ་དག་རྒྱ་ཡིག་ཏུ་གསལ་ཡོད་སྟབས་ཤེས་བྱའི་ནང་དོན་བསྐྱར་ལྡབ་ཏུ་གྱུར་ཏེ། དགེ་རྒན་དང་སློབ་ཕྲུག་རྣམ་པའི་རྩ་ཆེའི་དུས་ཚོད་དང་མི་ཤུགས་ཆུད་ཟོས་སུ་འགྲོ་བ་དང༌། གཉིས་ནས་བོད་ཀྱི་སྐད་ཡིག་གི་དམིགས་བསལ་འགྲོ་ལུགས་དང་ཁྱད་ཆོས་སློབ་སྦྱོང་བྱ་རྒྱུར་ཤུགས་རྐྱེན་ཐེབས་ཐོག བོད་ཀྱི་སྐད་ཡིག་སློབ་དེབ་ལ་ཡོད་དགོས་པའི་ཁྱད་ཆོས་ཀྱང་སྣང་མེད་དུ་བཏང་སྟེ། སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུར་གནོད་ཀྱི་ཡོད།

ཡང་དཔེར་ན། བོད་རང་སྐྱོང་ལྗོངས་ས་གནས་གཞུང་གི་སྡེ་ཚན་ཁག་དང༌། རིམ་པ་ཁག་གི་སློབ་གྲྭ་ཁག་ནང་རིམ་བཞིན་རྒྱ་ཡིག་གིས་བོད་ཡིག་གི་ཚབ་བྱས་འགྲོ་ཡི་ཡོད། གཞུང་ཞབས་ཀྱི་ཡིག་རྒྱུགས་ནང་དུ་བོད་ཡིག་རྩ་བ་ནས་མེད་ཅིང༌། གཞུང་གི་ཡིག་ཆ་ཁག་ཀྱང་ཧ་ལམ་བོད་ཡིག་ཐོག་མེད་པ་དང༌། ཚོགས་འདུ་ཆེ་ཆུང་གང་ཡིན་རུང་འགོ་ཁྲིད་ཚོས་རྒྱ་སྐད་རྐྱང་པའི་ཐོག་ནས་གསུང་བཤད་གནང་སྟེ། དེང་སང་བོད་ཀྱི་སྤྱི་ཚོགས་བྱེད་སྒོའི་ཁྲོད་བོད་ཡིག་ལ་ཧ་ལམ་གནས་བབ་གང་ཡང་མེད་པར་འགྱུར་བཞིན་ཡོད། དེ་ལྟ་བུའི་ཚབས་ཆེ་བའི་གནད་དོན་ཞིག་ལ་སྤྱི་ཚོགས་སྟེང་བསམ་ཚུལ་ཆེན་པོ་བྱུང་སྟེ། སྐྱོན་བརྗོད་དང་བཟོ་བཅོས་དགོས་པའི་བསམ་འཆར་མང་པོ་ཕུལ་རུང༌། འབྲེལ་ཡོད་སྡེ་ཚན་ནས་ལེགས་བཅོས་མི་བྱེད་པ་མ་ཟད། དེ་ལས་ལྡོག་སྟེ་རིག་གསར་སྐབས་ཀྱི་བྱེད་སྟངས་ལྟར་བསམ་འཆར་འདོན་མཁན་ལ་རྡུང་རྡེག་དང་ཞྭ་མོ་གཡོག་གི་ཡོད། དེ་འདྲའི་གཡོན་ཐལ་བསམ་བློས་བོད་ཀྱི་སྐད་ཡིག་སློབ་སྦྱོང་ལ་བཀག་འགོག་དང་འགལ་རྐྱེན་མི་ཉུང་བ་ཞིག་འཕྲད་ཀྱི་ཡོད།

དུས་ཡུན་རིང་པོ་ཞིག་ནས་བཟུང༌། མི་འགའ་ཞིག་གིས་བོད་དུ་བོད་ཡིག་སྦྱངས་ན་ཁ་ལག་མི་རག་པ་དང༌། ལས་ཀ་མི་རག་པ། ལས་ཀའི་ཐོག་བོད་ཡིག་བེད་སྤྱོད་མེད་པ། བོད་ཡིག་རྗེས་ལུས་ཡིན་པ་དང༌། མཐོ་སློབ་འགྲིམས་རྗེས་བོད་ཡིག་ཕན་མེད་ཡིན་པ་བཅས་མགོ་སྐོར་བསླུ་བྲིད་ཀྱི་ཁྱབ་བསྒྲགས་བྱེད་ཀྱི་ཡོད། ལྷག་པར་དུ་དེ་ལས་ཚབས་ཆེ་བ་ཞིག་ནི། བོད་ཡིག་སྦྱོང་བར་བསྐུལ་ན་བོད་རང་བཙན་རྩོད་པ་རེད་ཅེས་ཁུངས་མེད་ཐ་ཆད་ཀྱི་འཆལ་གཏམ་སྤེལ་གྱི་ཡོད། དེ་འདྲ་ཡིན་ན་བོད་ཀྱི་སྐད་ཡིག་དེ་ནོར་འཁྲུལ་ཞིག་རེད་དམ། བསམ་བློ་གཏོང་སྟངས་དང་རིག་པས་དཔྱད་སྟངས་དེར་བལྟས་ན་རང་རྒྱལ་གྱི་ཁྲིམས་སྲོལ་དང་སྲིད་བྱུས་ལ་དམའ་འབེབས་བཏང་བ་ཞིག་མ་རེད་དམ། རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་དང་མི་རིགས་སྲིད་བྱུས་བཅས་ཀྱིས་མི་རིགས་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་བཏང་ཆོག་པའི་ཐོབ་ཐང་དང་རང་དབང་ལ་བརྩི་འཇོག་དང་སྲུང་སྐྱོབ་དགོས་པའི་གཏན་འབེབས་གསལ་པོ་གནང་ཡོད། ད་དུང༌། ང་ཚོར་སྤྱི་སྤྱོད་འབྲུ་འཛིན་རྒྱ་ཡིག་ལ་གོ་དགོས་དགོས་པ་ལས་ས་གནས་འབྲུ་འཛིན་བོད་ཡིག་ལ་ཟེར་གྱི་ཡོདམི་དགོས་ཞེས་དང༌། ང་ཚོས་དེང་རབས་ཅན་གྱི་ལྕགས་སྨྱུག་སྤྱོད་པ་ལས་སྨྱུག་བྲིས་བོད་ཡིག་ལ་ཟེར་གྱི་ཡོདམི་དགོས་ཅེས་བཤད་ཀྱིན་ཡོད། གཡོན་ཐལ་ཅན་གྱི་རྗོད་ཚུལ་དེ་དག་ནི་ས་གནས་འགོ་འཁྲིད་ལས་བྱེད་འགའ་ཞིག་གི་བསམ་བློའི་ངོས་འཛིན་གཡོན་ཐལ་རིང་ལུགས་སུ་ཕྱོགས་བཞིན་པ་དང༌། མཚོན་བྱེད་གསུམ་དང་འཆམ་མཐུན་གྱི་སྤྱི་ཚོགས་སྐྲུན་དགོས་པའི་ཆེས་མཐོའི་སྙིང་དོན་ནན་ཏན་གྱིས་ལག་ལེན་མཐར་ཕྱིན་མ་བྱས་པ། རྒྱ་ཆེའི་མི་མང་གི་ཁེ་ཕན་ཨང་དང་པོར་མ་རྩིས་པ་བཅས་མངོན་གསལ་དུ་མཚོན་པ་ཞིག་རེད།

གོང་དུ་བརྗོད་པ་ལྟར་འབྲེལ་ཡོད་རྒྱལ་ཁབ་ཀྱི་སྲིད་བྱུས་དང་ཁྲིམས་སྲོལ་བེད་སྤྱོད་བྱས་ཏེ། མི་དམངས་ལ་རྣམ་པ་འགྱུར་བའི་འགོག་གནོན་དང་རྡུང་རྡེག མགོ་སྐོར་བསླུ་བྲིད་གཏོང་བའི་བྱེད་སྟངས་དེས་རྒྱུན་ལྡན་རྩ་བ་ནས་མིན་པའི་ཁོར་ཡུག་ཅིག་བསྐྲུན་ཏེ། མི་མང་པོ་ཞིག་བཟོད་སྒོམ་མི་ཐུབ་པ་དང༌། ཅི་བྱ་གཏོལ་མེད་དུ་གྱུར་པ། ཐ་ན་སྐད་ཆ་བཤད་རྒྱུའི་ཐོབ་ཐང་ཡང་འཕྲོག་ནས་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་གནོད་པའི་མི་མངོན་པའི་འགལ་རྐྱེན་སྣ་ཚོགས་བསྐྲུན་བཞིན་ཡོད།

འགྲོ་བ་མིའི་ལོ་རྒྱུས་འཕེལ་རིམ་ཁྲོད། མི་ལོ་ ༥༠༠༠ ལྷག་གི་ལོ་རྒྱུས་ལྡན་པའི་རྒྱའི་སྐད་ཡིག་དང༌། མི་ལོ་ ༤༠༠༠ ལྷག་གི་ལོ་རྒྱུས་ལྡན་པའི་བོད་ཀྱི་སྐད་ཡིག་གཉིས་ཀྱི་ཕན་ནུས་དང་བྱས་རྗེས་ནི་གལ་ཆེ་ཆུང་གཅིག་པ་ཡིན། བོད་ཀྱི་ས་ཁུལ་དུ། གལ་སྲིད་བོད་ཀྱི་སྐད་ཡིག་དོར་བ་དེ་དེང་རབས་ཅན་དུ་འགྱུར་བའི་རིན་དོད་དུ་བརྩི་དགོས་ན། དེ་ནི་རིན་དོད་ཤིན་ཏུ་ཆེ་བ་ཞིག་ཡིན་པ་མ་ཟད། མ་ལེ་རིང་ལུགས་ཀྱིས་སྐད་ཡིག་འདྲ་མཉམ་ནི་མི་རིགས་འདྲ་མཉམ་གྱི་མཚོན་བྱེད་ཡིན་པའི་རྩ་བའི་རྩ་དོན་དང་འགལ་བ་ཞིག་དང༌། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང༌། རང་སྐྱོང་བཅའ་ཁྲིམས་སུ་གསལ་བའི་འབྲེལ་ཡོད་གཏན་འབེབས་དང་དེ་བས་འགལ་བ་ཞིག་ཡིན། དེ་ལྟ་བུའི་ནོར་འཁྲུལ་ཚབས་ཆེན་ཞིག་གལ་སྲིད་ང་ཚོས་ཏང་ཀྲུང་དབྱང་གིས་ཟིང་བཅོས་ཡོ་བསྲང་དང་རྩ་བའི་ཐོག་ནས་བསྒྱུར་བཅོས་བྱེད་དགོས་པའི་བཀའ་དགོངས་ལྟར་དུས་ཐོག་ཡོ་བསྲང་མཐིལ་ཕྱིན་མ་བྱས་ན། འཆམ་མཐུན་གྱི་སྤྱི་ཚོགས་འཛུགས་སྐྲུན་དང་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་ལག་ལེན་བསྟར་བར་ཤུགས་རྐྱེན་ཚབས་ཆེན་ཐེབས་རྒྱུ་ཡིན་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རང་རེར་ཁ་རྡུང་གཏོང་བའི་ལག་ཆ་ཞིག་ཏུའང་འགྱུར་ངེས་རེད།

དེར་བརྟེན། གཡོན་གྱི་བསམ་པའི་རླབས་རྒྱུན་དང་རྗོད་ཚུལ་གང་ཞིག་ཡིན་རུང་ཚང་མ་ཚན་རིག་དང་རྒྱབ་འགལ་དང༌། དོན་དངོས་དང་འགལ་བ་ལྟག་སྤྲོད་དུ་གྱུར་པ་ཞིག་ཡིན་ཕྱིར། དེའི་རྗེས་འབྲས་ནི་ཤིན་ཏུ་ཚབས་ཆེན་ཡིན་ཏེ། བོད་རང་སྐྱོང་ལྗོངས་དང་བོད་རིགས་འདུས་སྡོད་ས་ཁུལ་ཡོངས་ཀྱི་ས་གནས་སྲིད་གཞུང་གིས་ངེས་པར་དུ་རྒྱལ་ཁབ་ཀྱི་སྲིད་བྱུས་དང་ཁྲིམས་སྲོལ་ལྟར། གཞི་རིམ་མང་ཚོགས་སུ་དངོས་སུ་བསྐྱོད་དེ་ཁོང་ཚོའི་བསམ་འཆར་ཉན་འཇོག་དང༌། དེང་རབས་ཅན་དུ་འགྱུར་བའི་བརྒྱུད་རིམ་ཁྲོད་དངོས་ཐོག་བདེན་འཚོལ་གྱིས་བོད་ཀྱི་སྐད་ཡིག་ལ་གལ་ཆེའི་ནུས་པ་འདོན་བཅུག་སྟེ། དེ་ཉིད་བོད་ཀྱི་རིག་གཞུང་གི་རྨང་གཞི་དང༌། བོད་དེང་རབས་ཅན་དུ་འགྱུར་བའི་མཚོན་བྱེད་དུ་འགྱུར་དགོས།།

བཞི་པ། བོད་ཀྱི་སྐད་ཡིག་བཀོལ་སྤྱོད་ཀྱི་ཁྱབ་ཁོངས་ཆུང་དུ་བཏང་བ་དེ་བོད་ཡིག་སྦྱངས་ན་བེད་མེད་དང༌། ལས་ཀ་མི་རག་པ། མཐོ་སློབ་ཏུ་རྒྱུགས་འཕྲོད་དཀའ་བ་བཅས་འབུར་དུ་ཐོན་པའི་སྤྱི་ཚོགས་གནད་དོན་དང་ཐད་ཀར་འབྲེལ་བ་ཆགས་ཤིང༌། དེའི་རྐྱེན་རྩ་གཙོ་བོ་ནི་ས་གནས་གཞུང་གིས་བོད་ཀྱི་སྐད་ཡིག་ལ་མཐོང་མི་འཇོག་པའི་གཡོན་ཐལ་བསམ་བློའི་རྐྱེན་གྱིས་བྱུང་བ་ཞིག་ཡིན་སྟབས། དེས་རྒྱ་ཆེའི་ཞིང་འབྲོག་མི་དམངས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་མི་རིགས་ཀྱི་བརྩེ་གདུང་ལ་གནོད་འཚེ་ཚབས་ཆེན་བཟོས་ཏེ། མང་ཚོགས་ཀྱིས་དབུས་གཞུང་གི་སྲིད་བྱུས་ལ་གོ་ནོར་ཐེབས་སླ་ལ། འཆམ་མཐུན་གྱི་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་ཕན་མེད་གནོད་ཆེ་ཉག་ཅིག་ཏུ་གྱུར་ཡོད།

བོད་ཀྱི་སྐད་ཡིག་བེད་སྤྱོད་གཏོང་སའི་ཁྱབ་ཁོངས་ཇེ་ཆུ་ཇེ་ཆུང་དུ་འགྱུར་བཞིན་ཡོད། དེ་ནི་བོད་ཀྱི་ལས་རིགས་ཁག་ཏུ་བོད་ཀྱི་སྐད་ཡིག་བེད་སྤྱོད་གཏོང་བའི་ཁོར་ཡུག་དང་གཏན་འབེབས་མེད་པའི་རྐྱེན་ལས་བྱུང་བ་ཞིག་ཡིན།

དང་ཐོག་བོད་ཀྱི་རིག་གཞུང་གི་ལྟེ་བར་གྲགས་པའི་བོད་རང་སྐྱོང་ལྗོངས་སུ། བོད་རིགས་མང་ཚོགས་རྣམས་སོ་སོའི་ཕ་ཚ་བུ་རྒྱུད་རྣམས་རང་ཉིད་ཀྱི་སྐད་ཡིག་སློབ་སྦྱོང་བྱས་རྗེས། རང་མི་རིགས་ཀྱིས་བརྒྱ་ཆ་ ༩༦ ཡན་ཟིན་པའི་ཕ་ཡུལ་དུ་ལས་ཀ་མ་རག་པའི་རྐྱེན་གྱིས་བདེ་བར་གནས་ཐབས་མེད་པའི་སྡུག་བསྔལ་འོག་ལྷུང་བསྡད་ཡོད། དེ་ནི་མང་ཚོགས་ཀྱིས་གོ་བ་ལེན་ཐབས་དཀའ་ལ་གནམ་འོག་གི་མི་རྣམས་ཀྱིས་བཞད་གད་གྱི་གནས་སུ་གྱུར་པའི་བྱ་བ་ཁྱད་མཚར་པོ་ཞིག་དང༌། གཞན་གྱིས་རང་རེའི་རྒྱལ་ཁབ་ལ་རྒོལ་རྡུང་གཏོང་བྱེད་གྱི་ལག་ཆ་ལེགས་ཤོས་ཤིག་འགྱུར་བ་མ་རེད་དམ།

མཐོ་སློབ་རྒྱུགས་སྤྲོད་ཀྱི་ཨང་ཀི་དེའང་གནད་དོན་གལ་ཆེ་ཞིག་ཆགས་ཀྱི་ཡོད། ཚང་མས་མཁྱེན་གསལ་ལྟར། མཐོ་སློབ་རྒྱུགས་སྤྲོད་དེ་མི་རེ་ངོས་རེར་བཤད་ན་མི་ཚེའི་ནང་གི་གལ་ཆེ་བའི་ཁ་ཕྱོགས་འགྱུར་མཚམས་ཤིག་ལ་བརྩི་ཡི་ཡོད། དེར་བརྟེན། སློབ་ཕྲུག་རྣམས་ཀྱི་ལང་ཚོ་དར་ལ་བབས་པའི་རྩ་ཆེའི་དུས་ཚོད་ཡིན་ནའང་འདྲ། ཡང་ན་ལོ་མང་རིང་ནང་མི་རྣམས་ཀྱིས་དཔལ་འབྱོར་དང་སེམས་ཤུགས་ཀྱི་རྒྱབ་སྐྱོར་ཐོག་སློབ་གྲྭའི་དགེ་རྒན་རྣམ་པས་དཀའ་སྤྱད་ཀྱིས་གསོ་སྐྱོང་གནང་བ་བཅས་གང་ཡིན་རུང༌། དེ་ནི་སློབ་ཕྲུག་གི་སློབ་གསོའི་ཁེ་ཕན་གནད་དོན་དང་འབྲེལ་བ་ཞིག་ཡིན་པ་མ་ཟད། རྒན་རབས་སྤུན་ཉེ་རེ་རེའི་དོན་དམ་པའི་ཁེ་ཕན་གྱི་གནད་དོན་དང་འབྲེལ་བ་ཞིག་ཀྱང་ཡིན། འོན་ཀྱང༌། བོད་རང་སྐྱོང་ལྗོངས་སུ་སྤྱིར་བཏང་མཐོ་སློབ་རྒྱུགས་སྤྲོད་སྐབས། བོད་ཡིག་ལ་བརྒྱ་ཆ་ ༥༠ མ་གཏོགས་སྤྲོད་ཀྱི་མེད་པ་དང༌། ཐ་ན་སྐབས་འགར་ད་དུང་མཐོ་སློབ་རྒྱུགས་སྤྲོད་ཀྱི་བརྒྱ་ཆར་རྩ་བ་ནས་རྩིས་འགྲོ་གཏོང་གི་མེད། དེ་ལྟ་བུའི་གཅོག་ཆ་བྱེད་སྟངས་ནི་མི་རྣམས་གོ་བ་ལེན་ཐབས་དཀའ་བའི་བྱ་བ་ཁྱད་མཚར་ཞིག་ཡིན་པ་དང༌། ནན་ཏན་དུ་བརྗོད་ན། ཕར་བལྟས་ན་ཕྲུ་གའི་རྩེད་མོ་ལྟ་བུ་དེ། དོན་དངོས་སུ་བོད་ཀྱི་སྐད་ཡིག་དང་དེའི་སློབ་ཁྲིད་ལ་དམའ་འབེབས་དང༌། བོད་ཀྱི་སྐད་ཡིག་རིག་གནས་ལ་མཐོང་ཆུང༌། ལྷག་པར་དུ་སློབ་གསོའི་ལས་དོན་ལ་སྣང་ཆུང་བཏང་བའི་བྱ་སྤྱོད་ཅིག་ཆགས་ཡོད། གལ་སྲིད་དེ་ལྟར་མུ་མཐུད་ཕྱིན་ན། དེ་ལྟ་བུའི་ནན་ཏན་མིན་པ་དང༌། དངོས་ཡོད་གནས་སྟངས་ལ་བརྩི་འཇོག་མི་བྱེད་པ། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བའི་གཞུང་ལུགས་ཀྱིས་མཛུབ་སྟོན་མེད་པའི་བསམ་བློའི་འཁྱེར་སོས་བོད་ཀྱི་མི་རིགས་སློབ་གསོའི་ལས་དོན་དེ་ཉིད་འཐོར་ཤིག་ཏུ་གཏང་གི་མ་རེད་དམ། དེའི་རྒྱུ་མཚན་ཅི་ཡིན་ནམ། དམིགས་ཡུལ་གང་གི་ཆེད་དུ་ཡིན་ནམ།

ཡང་བསྐྱར་བརྗོད་དགོས་པ་ཞིག་ལ། ཚད་ལྡན་མཐོ་སློབ་ཏུ་བརྩི་བའི་བོད་ལྗོངས་སློབ་གྲྭ་ཆེ་མོའི་ནང༌། ལོ་རབས་དགུ་བཅུ་པའི་ལོ་འགོར་བོད་ཀྱི་སྐད་ཡིག་ཆེད་སྦྱོང་ཚན་ཁག་མེད་པ་བཟོས་པའི་གནས་ཚུལ་བྱུང་མྱོང་བ་མ་ཟད། ཚད་ལྡད་བོད་ཡིག་དགེ་རྒན་མང་དག་ཅིག་དགེ་རྒན་གྱི་གོ་གནས་ནས་ཁ་གྱེས་སུ་བཅུག་ཡོད། དུས་རབས་གསར་པ་འགོ་བཙུགས་མ་ཐག བོད་ལྗོངས་སློབ་གྲྭ་ཆེན་མོས་ཡང་གློ་བུར་དུ་ལོ་གཉིས་ཙམ་རིང་བོད་ཡིག་ཆེད་སྦྱོང་འཛིན་གྲྭ་བསྡུ་མཚམས་བཞག་པའི་གནས་ཚུལ་བྱུང་ཡོད། དེ་ལྟ་བུའི་གཏན་འཇགས་མིན་པའི་སྲིད་བྱུས་དེས་རྒྱ་ཆེའི་ཞིང་འབྲོག་མི་མང་གི་སློབ་ཕྲུག་གི་བདེ་རྩར་ཐུག་པའི་སློབ་གསོའི་ཁེ་ཕན་ལ་གནོད་འཚེ་ཚབས་ཆེན་ཕོག་པ་མ་ཟད། དུས་མཚུངས་དེ་ནི་བོད་ཀྱི་སྐད་ཡིག་ལ་མཐོང་ཆུང་དམའ་འབེབས་དང་བརྩི་མཐོང་མི་བྱེད་པ་མཚོན་གྱི་ཡོད།

སློབ་གྲྭ་ནི་སྤྱི་ཚོགས་ལ་ཕུལ་བྱུང་མི་སྣ་གསོ་སྐྱོང་དང་ཕྱིར་གཏོང་བྱ་ཡུལ་གྱི་ཤེས་བྱའི་འཐབ་ར་ཞིག་ཡིན་སྟབས། སློབ་གསོའི་བྱེད་ཕྱོགས་སྲིད་བྱུས་རང་སྣང་གང་དྲན་གྱིས་འགྱུར་ལྡོག་གཏོང་མི་རུང་ལ། ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་དང་མི་དམངས་ཀྱི་རྩ་བའི་ཁེ་ཕན་བསྒྲུབ་བྱ་ཨང་དང་པོར་བརྩིས་ཏེ་ཁུར་འགན་མཆོག་ཏུ་གྱུར་པ་སྒྲུབ་དགོས། གལ་སྲིད་གལ་ཆེ་བའི་སློབ་གྲྭའི་སློབ་གསོའི་ཁྱབ་ཁོངས་སུ་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་དང་འཕེལ་རྒྱས་ལ་མུ་མཐུད་བཀག་འཛིན་བྱས་ན། དེའི་རྗེས་འབྲས་ནི་མ་འོངས་པར་བོད་མི་རྣམས་བོད་ཡིད་སྦྱོང་དགོས་ན་ཡང་བསྐྱར་དགོན་པར་འགྲོ་དགོས་པ་དང༌། ཡང་ན་ཕྱི་རྒྱལ་བ་འགའ་ཞིག་གིས་གསུངས་པ་ལྟར། ནུབ་ཕྱོགས་སུ་བསྐྱོད་དེ་ཁོང་ཚོའི་མཉམ་སྦྱངས་དགོས་པ་ཆགས་ངེས། གལ་སྲིད་དངོས་འབྲེལ་དུས་ཚོད་དེ་ལྟ་བུ་ཞིག་ཤར་ཚེ། དེ་ནི་འཛམ་བུ་གླིང་གིས་ང་ཚོ་བོད་ཀྱི་སྐད་ཡིག་གི་ཕ་ཡུལ་དུ་བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་ཀྱི་ཐོབ་ཐང་དང་རང་དབང་འགན་སྲུང་མི་ཐུབ་པའི་འཕྱ་ལད་བྱ་ཡུལ་ཞིག་ཏུ་འགྱུར་གྱི་མ་རེད་དམ། དེ་ལྟ་བུའི་ཚབས་ཆེའིལོ་རྒྱུས་ཀྱི་འགན་སུས་ཁུར་ཐུབ་བམ། དེར་བརྟེན། གལ་སྲིད་གཏན་འབེབས་གསར་པ་བསྐྱར་དུ་བཟོ་བཅོས་བྱ་སྐབས། སྤྱི་ཡོངས་དང་ཕུགས་རྒྱང་རིང་པོ། རྒྱལ་ཁབ་དང་མི་མང་གི་ཁེ་ཕན་ལ་དམིགས་པའི་ཚད་གཞིའི་སྒང་ནས་བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་ལ་ཕན་པའི་དོན་ཚན་དང་ནང་དོན་གཏན་འབེབས་བྱ་ཐུབ་ན། དེ་ནི་བོད་ཀྱི་སྤྱི་ཚོགས་བརྟན་པོའི་སྒོ་ནས་གོང་འཕེལ་གཏོང་བའི་དངོས་ཡོད་དགོས་མཁོ་དང་འཚམས་པ་ཞིག་དང༌། བོད་རང་སྐྱོང་ལྗོངས་སུ་བརྒྱ་ཆ་ ༩༦ ཡན་བོད་རིགས་ཡིན་པའི་དངོས་ཡོད་གནས་སྟངས་དང་མཐུན་པ། བོད་རང་སྐྱོང་ལྗོངས་སུ་བརྒྱ་ཆ་ ༨༠ ལྷག་ཞིང་འབྲོག་མི་དམངས་ཡིན་པས་ཁོང་ཚོའི་རྩ་བའི་ཁེ་ཕན་དང་མཐུན་པ་ཞིག་ཀྱང་ཡིན།

དེ་བཞིན་བོད་རང་སྐྱོང་ལྗོངས་སུ་ང་ཚོས་ཞབས་འདེགས་ཞུ་ཡུལ་གཙོ་བོ་རྒྱ་ཆེའི་ཞིང་འབྲོག་མི་དམངས་ཡིན་པ་གསལ་པོ་མཁྱེན་དགོས། ང་ཚོའི་མཐོ་སློབ་མང་ཆེ་བ་མ་འོངས་པར་ཐད་ཀར་གཞི་རིམ་ཞིང་འབྲོག་མི་དམངས་ཀྱི་འཚོ་བའི་ཁྲོད་དུ་བསྐྱོད་དགོས་ཤིང༌། གལ་སྲིད་རྒྱའི་སྐད་ཡིག་གཅིག་པུ་མ་གཏོགས་ཤེས་ཀྱི་མེད་ན་ཕན་ཚུན་གོ་བརྡ་འཕྲོད་ཐུབ་ཀྱི་མེད་པ་དང༌། དེའི་རྐྱེན་གྱིས་དོན་དམ་དུ་ཟམ་པ་ལྟ་བུའི་ནུས་པ་ཐོན་མི་ཐུབ། སྐད་ཡིག་གིས་ཕན་ཚུན་འབྲེལ་འདྲིས་བྱ་རྒྱུར་འགོག་རྐྱེན་བཟོས་པ་མ་ཟད། དེ་ལས་གལ་ཆེ་བ་ཞིག་ནི་ལས་ཀའི་ཐོག་དཀའ་ངལ་འཕྲད་ཡོང་གི་ཡོད། བོད་རིགས་ལས་བྱེད་མང་དག་ཅིག་གཞི་རིམ་དུ་བསྐྱོད་སྐབས་བོད་སྐད་ཐོག་ཚོགས་འདུ་གཙོ་སྐྱོང་གནང་མི་ཐུབ་པ་དང༌། བོད་སྐད་ཆ་ཚང་བ་ཞིག་མི་ཤེས་པའི་རྐྱེན་གྱིས་ཞིང་འབྲོག་མི་དམངས་དང་ཁ་བརྡ་བྱེད་ཐུབ་ཀྱི་མེད་པར་བརྟེན། མི་རིགས་ལས་བྱེད་ཅིག་ལ་དགོས་ངེས་ཀྱི་ནུས་པ་བརླགས་པར་གྱུར་ཡོད། དེ་ནི་སྐུ་ཞབས་བཀྲ་ཤིས་ཚེ་རིང་ལགས་ཀྱིས་རྒྱ་མིན་བོད་མིན་ཉ་ཉུང་མཉམ་བསྲེས་ཀྱི་སྐད་ཡིག་ཅེས་གསུངས་པ་ལྟར། དེས་རྒྱ་ཆེའི་ཞིང་འབྲོག་མི་དམངས་ལ་ཀྲུང་དབྱང་གི་སྲིད་བྱུས་ཁྱབ་བསྒྲགས་དང་འགྲེལ་བརྗོད་ཚད་དང་ལྡན་པ་བྱེད་ཐབས་བྲལ་བར་བརྟེན། འབྲེལ་ཐག་ལྟ་བུའི་ནུས་པ་འདོན་ག་ལ་ཐུབ།

ལྷག་པར་དུ་བོད་ཁུལ་གྱི་ས་ཆ་གང་དུ་ཕྱིན་རུང༌། འགྲིམ་འགྲུལ་དང་མེ་སྐྱོན་སྔོན་འགོག་སོགས་བོད་ཡིག་ཐོག་གི་ཁྱབ་བསྒྲགས་ཧ་ལམ་མཐོང་ཡུལ་དུ་མེད་ཅིང༌། ས་གནས་འགའ་ཞིག་ཏུ་ཁྱབ་བསྒྲགས་པར་རིས་ཆེན་པོ་དེ་འདྲ་ཡོད་ཀྱང་རྒྱ་ཡིག་གཅིག་པུ་དང༌། ནགས་རི་སྲུང་སྐྱོབ་དང་མེ་སྐྱོན་སྔོན་འགོག་གི་ཁྱབ་བསྒྲགས་ཆེན་པོ་དེ་འདྲ་དང༌། ཐ་ན་ལམ་རྟགས་ཀྱང་རྒྱ་ཡིག་གཅིག་པུ་ཡིན། ས་གནས་ཁ་ཤས་སུ་རྒྱ་མི་ཧ་ལམ་མཐོང་ལམ་དུ་མེད་ཀྱང་དྲིལ་བསྒྲགས་ཡིག་ཆ་ཚང་མ་རྒྱ་ཡིག་ཡིན་ཞིང༌། དེ་དག་སུའི་ཆེད་དུ་ཞབས་ཞུ་བསྒྲུབ་ཀྱི་ཡོད་པ་ཤེས་ཀྱི་མི་འདུག

མི་རིགས་ཤིག་གི་སྐད་དང་ཡི་གེ་ནི་མི་རིགས་དེའི་སྤྱི་ཚོགས་དང་དཔལ་འབྱོར། རིག་གཞུང༌། འཚོ་བ་བཅས་དང་བདེ་སྡུག་མཉམ་མྱོང་དང་ཤི་གསོན་མཉམ་གནས་ཆགས་ཀྱི་ཡོད། དེ་ནི་མི་རྣམས་ཕན་ཚུན་འབྲེལ་བ་སྤེལ་རེས་དང༌། བསམ་བློ་གཏོང་ཕྱོགས་ཀྱི་ཡོ་བྱད་ཅིག་ཡིན་ལ། སློབ་གྲྭར་ཚན་རིག་དང་མཐུན་པའི་ཐབས་ཤེས་ལེགས་ཤོས་འདི་ཉིད་བེད་སྤྱོད་བྱས་ཏེ་སློབ་སྦྱོང་གི་གྲུབ་འབྲས་ཇེ་མཐོར་གཏོང་བྱེད་དང༌། ཤེས་བྱ་ཡོན་ཏན་གང་མང་ཐོབ་པའི་ཡོ་བྱད་ཅིག་ཀྱང་ཡིན་པ་མ་ཟད། མི་རིགས་ཀྱི་སྲོལ་རྒྱུན་རིག་གཞུང་རྒྱུན་འཛིན་དང་དེང་རབས་ཅན་མངོན་དུ་འགྱུར་བའི་མཚོན་བྱེད་ཅིག་ཀྱང་ཡིན། དེར་བརྟེན་གཏན་འབེབས་གསར་པས་མ་མཐའི་གོ་དོན་འདི་དག་ཀྱང་སྣང་མེད་དུ་བཏང་ཡོད་པ་ནི་སྨོས་མེད་རེད།

དེ་འདྲ་ཡིན་ཕྱིར། ས་གནས་གཞུང་གི་ངོས་ནས་བོད་མི་རིགས་ཀྱིས་བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད། འཕེལ་རྒྱས་སུ་གཏོང་བ་དང༌། མི་རིགས་རང་ཉིད་ཀྱི་རིག་གཞུང་སློབ་སྦྱོང་དང་རྒྱུན་འཛིན་བྱེད་པ་དེ་རྒྱལ་ཁབ་ཀྱི་བརྟན་ལྷིང་ལ་གནོད་པའི་ཉེན་ཁ་ཞིག་ལ་བརྩི་ཡི་ཡོད་དམ། ཡང་ན་རང་རྒྱལ་གྱི་ཁྲིམས་ལུགས་ཁྲིམས་སྲོལ་དང་མི་མཐུན་པ་ཞིག་དང༌། རང་རྒྱལ་གྱི་མི་རིགས་སྲིད་བྱུས་དང་མི་མཐུན་པ་ཞིག་ལ་བརྩི་ཡི་ཡོད། དེ་ལྟར་མིན་ན། གོང་བཀོད་ལྟར་བོད་ཀྱི་སྐད་ཡིག་ལ་བཀག་འཛིན་སྣ་མིན་སྣ་ཚོགས་བྱས་པའི་སྤྱོད་ཚུལ་དང་གཏན་འབེབས་ག་ནས་ཡོང་སྲིད། གཏིང་ཟབ་པོའི་སྒང་ནས་བལྟས་ན། བྱེད་སྟངས་དེ་ནི་དོན་དངོས་ཐོག་མི་མང་མང་ཚོགས་ཁྲོད་རང་རེའི་ཏང་གི་གཟུགས་བརྙན་ལ་གནོད་པ་ཞིག་དང༌། རྒྱལ་སྤྱིའི་ཐོག་ཀྲུང་གོ་གུང་ཁྲན་ཏང་གི་སྙན་གྲགས་ལ་གནོད་པ། རྒྱལ་ཁབ་དང་མི་དམངས་ཀྱི་ཁེ་ཕན་ལ་གནོད་པའི་བྱེད་སྟངས་ཤིག་རེད། བྱེད་སྟངས་དེ་རིགས་ཀྱིས་ཡང་སྙིང་བོད་རིགས་མི་མང་ཚོས་དབུས་གཞུང་གི་སྲིད་བྱུས་དང་སེམས་ཁུར་ལ་སྔར་བས་བཀའ་དྲིན་བསམ་ཤེས་བྱེད་པར་ཟམ་པ་ལྟ་བུ་ཞིག་འཛུགས་ཀྱི་ཡོད་དམ། ཡང་ན་རྒྱ་ཆེའི་མི་དམངས་མང་ཚོགས་དང་དབུས་གཞུང་བར་རང་བཞིན་གྱིས་འགལ་རྐྱེན་སློང་གི་ཡོད། རང་རྒྱལ་ནི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན། ཏང་དང་རྒྱལ་ཁབ་བར་གྱི་འབྲེལ་བར་གཏོར་སྐྱོན་ཚབས་ཆེན་བཏང་བའི་བྱེད་སྟངས་དེ་རིགས་ལ། གལ་སྲིད་འབྲེལ་ཡོད་སྡེ་ཚན་ནས་དུས་ཐོག་མཚམས་འཇོག་དང་ཡོ་བསྲངས་བྱེད་དུ་མ་བཅུག་ན། རྒྱལ་ཁབ་དང་སྤྱི་ཚོགས། མི་རིགས་བར་གྱི་འཆམ་མཐུན་ལ་ཆག་སྒོ་ཆེན་པོ་ཞིག་སློང་ངེས།

ལྔ་པ་ཆད་ཡོད། འོད་ཟེར་གྱིཧདྲྭ་རྒྱའི་ནང་དུའང་གཅིག་མཚུངས་ཆད་ཡོད། ནང་དོན་ལ་བལྟས་ན་ཕལ་ཆེ་ཨང་ཀི་འགོད་ནོར་ཤོར་བ་མིན་ནམ་སྙམ། བསྒྱུར་མཆན།

དྲུག་པ། བོད་ཀྱི་སྐད་ཡིག་ཚད་ལྡན་ཅན་དུ་བསྒྱུར་རྒྱུ་དེ་ནི་ཁ་ཚ་དགོས་གཏུགས་ཤིག་ཆགས་པ་མ་ཟད། དུས་མཚུངས་སུ་བོད་ཀྱི་སྐད་ཡིག་བདེ་བླག་ངང་འཕེལ་རྒྱས་འགྲོ་མིན་ལ་འབྲེལ་བ་ཆགས་ཡོད། དེ་ནི་རྒྱལ་ཁབ་ཀྱི་མཛད་བྱུས་ཁོ་ནར་བརྟེན་ནས་གཞི་ནས་འགན་སྲུང་ཐུབ་པ་ཞིག་ཡིན་སྟབས། གཏན་འབེབས་གསར་པས་བོད་ཀྱི་སྐད་ཡིག་ལ་དངོས་སུ་འཕྲད་པའི་དཀའ་ངལ་ལ་མཐོང་ཆེན་བྱེད་དགོས་པ་ལས་སྣང་ཆུང་དུ་གཏོང་མི་རུང༌།

བོད་རིགས་ཀྱི་གཅིག་གྱུར་ཡི་གེ་དེ་ཉིད་རྒྱ་ཡིག་དང་གཅིག་མཚུངས་ཁ་སྐད་ལས་འདས་པའི་ཡི་གེ་ཞིག་ཡིན། འོན་ཀྱང་གཅིག་གྱུར་གྱི་ཡི་གེ་དང་ཁ་སྐད་བར་གོམ་བགྲོད་གཅིག་མཚུངས་ཆགས་མེད་པ་མ་ཟད། ཐ་ན་ཡ་བྲལ་དུ་གྱུར་ཡོད། གལ་སྲིད་དེ་མུར་འགྲོ་བཅུག་ན་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་དང་འཕེལ་རྒྱས་ལ་ཕན་པ་མེད་པ་ནི་མངོན་གསལ་རེད། དེ་བརྟེན་མི་རིགས་ཀྱི་ཁ་སྐད་ཚད་ལྡན་ཞིག་ཁྱབ་གདལ་དང་གཅིག་གྱུར་བཟོ་རྒྱུའི་གནད་དོན་ང་ཚོའི་མདུན་དུ་ལྷག་ཡོད།

༡༽ བོད་སྐད་སྐད་གདངས་ཚད་ལྡན་སྐོར་གྱི་གནད་དོན།

བོད་ཆོལ་ཁ་གསུམ་གྱི་སྐད་གདངས་དང༌། ཆོལ་ཁ་རེ་རེའི་ནང་དུ་ཡུལ་སྐད་སྣ་མིན་ཡོད་པ་ཚང་མ་བསྡོམས་ན་བོད་སྐད་དུ་ཡུལ་སྐད་ཆེ་ཆུང་བཅུ་ཕྲག་ཁ་ཤས་ཡོད་པ་ནི་སྨོས་མེད་རེད། བོད་ཀྱི་གཏམ་དཔེར་བླ་མ་རེར་ཞལ་འདོན་རེ། ལུང་པ་རེར་ཁ་སྐད་རེ་ཞེས་པ་དེས་བོད་ཁུལ་དུ་ཡུལ་སྐད་དང་ཁ་སྐད་སྣ་ཚོགས་ཡོད་པ་བསྟན་ཡོད། དེར་བརྟེན་སློབ་ཁྲིད་དང༌། དྲིལ་བསྒྲགས། འབྲེལ་བ་སྤེལ་རེས་བཅས་སྟབས་བདེ་ཡོང་བའི་ཆེད་དུ། བོད་སྐད་ཀྱི་ཐུན་མོང་དུ་སྤྱོད་པའི་ཚད་ལྡན་སྒྲ་གདངས་ཤིག་གཏན་འབེབས་བྱས་ཏེ། རྒྱ་ཆེའི་བོད་རིགས་མང་ཚོགས་ལ་རྒྱལ་ཁབ་ཀྱིས་གཏན་འབེབས་གནང་བའི་ཚད་ལྡན་ཁ་སྐད་སྒྲ་གདངས་ཞིག་ཡོད་པ་བྱེད་དགོས། ད་ལྟའི་ཆར་དབུས་སློབ་གསོ་པུའུ་སོགས་ཀྱིས་རྒྱབ་སྐྱོར་འོག་བོད་རང་སྐྱོང་ལྗོངས་ཀྱི་བོད་ཀྱི་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་ནས་ལས་དོན་འབོར་ཆེན་བསྒྲུབ་ཡོད་པ་མ་ཟད། ཟིན་བྲིས་གནད་བསྡུས་ཤིག་ཀྱང་བཟོས་ཟིན་སྟབས། རྒྱལ་ཁབ་ཀྱི་འབྲེལ་ཡོད་ལྷན་ཁང་ནས་མུ་མཐུད་རྒྱབ་སྐྱོར་གནང་སྟེ། ཟིན་བྲིས་དེ་དངོས་སུ་འགྲེམས་བསྒྲགས་དང་ལག་ལེན་བསྟར་ཐུབ་པའི་རེ་བ་ཞུ་རྒྱུ་ཡིན།

༢༽ ཐ་སྙད་གསར་པ་གཅིག་གྱུར་དང་ཚད་ལྡན་ཅན་དུ་བསྒྱུར་དགོས།

ད་ལྟའི་ཆར་བོད་ཁུལ་དུ་འཕྲལ་དུ་ཐག་གཅོད་བྱེད་དགོས་པའི་གནད་དོན་གལ་ཆེ་ཞིག་ནི་ཐ་སྙད་གསར་པ་བོད་བསྒྱུར་ཐད་གཅིག་གྱུར་མེད་པ་དང༌། ཚད་ལྡན་མེད་པའི་གནད་དོན་དེ་ཡིན་པ་དང༌། དུས་མཚུངས་སུ་དོན་གཅིག་མིང་གི་རྣམ་གྲངས་དང་འབྲི་སྲོལ་མི་འདྲ་བའི་ཡི་གེ་རྙིང་པའི་རིགས་ཀྱང་ཚད་ལྡན་དུ་བསྒྱུར་རྒྱུ་ཤིན་ཏུ་གལ་ཆེ། ལྷག་པར་དུ་ཚིག་མཛོད་ཁག་ཏུ་དེའི་རིགས་ཀྱི་ནོར་འཁྲུལ་ཤིན་ཏུ་མང༌།

དེ་མིན་ཐག་གཅོད་བྱེད་དགོས་པ་ཞིག་ནི། རྒྱལ་ཁབ་ཀྱིས་ཚིག་མཛོད་རྩོམ་སྒྲིག་དང་དག་བཅོས་ཀྱི་ལས་དོན་དུས་ཀྱི་འགྱུར་བ་དངའཚམ་པའི་རྗེས་ཟིན་མི་ཐུབ་པར་བརྟེན། ད་ལྟའི་ཆར་བོད་ཁུལ་ས་གནས་མི་ཉུང་བ་ཞིག་ཏུ་སོ་སོས་མི་སྣ་རྩ་འཛུགས་བྱས་ཏེ་བོད་ཡིག་གི་ཚིག་མཛོད་འདྲ་མིན་གསར་རྩོམ་བྱེད་ཀྱི་ཡོད་པ་དང༌། དེའི་ཁྲོད་དུ་ཆོས་ལུགས་མི་སྣའང་གང་འཚམས་ཤིག་ཡོད། ཆོས་ལུགས་མི་སྣ་རྣམས་ལ་རྒྱུ་དངུལ་ཡོད་སྟབས། ཁོ་ཚོས་སོ་སོའི་རྩོམ་སྒྲིག་བྱས་པའི་ཚིག་མཛོད་རྣམས་བོད་ཁུལ་དུ་རིན་མེད་བཀྲམས་ཏེ། སོ་སོའི་ཤུགས་རྐྱེན་མཐོ་རུ་གཏོང་གི་ཡོད། ཡིན་ནའང་ཁོ་ཚོས་བེད་སྤྱོད་བྱེད་བཞིན་པའི་ཐ་སྙད་གསར་པ་དེ་དག་ཀྱང་ཁོང་ཚོ་སོ་སོས་སྒྲ་བསྒྱུར་དང་གསར་བཟོ་བྱས་པ་ཤ་སྟག་ཡིན་སྟབས། ཚིག་མཛོད་གསར་པ་གཅིག་གྱུར་དང་ཚད་ལྡན་ཅན་དུ་བསྒྱུར་རྒྱུ་ཁ་ཚ་དགོས་གཏུག་ཏུ་གྱུར་ཡོད།

༣༽ གཅིག་གྱུར་དང་ཚད་ལྡན་ཅན་གྱི་བོད་ཡིག་སློབ་དེབ་ཤིན་ཏུ་དཀོན།

ཐ་སྙད་གཅིག་གྱུར་དང་ཚད་ལྡན་ཅན་མེད་པར་བརྟེན། སློབ་གྲྭ་ཁག་ནས་སོ་སོས་རྩོམ་སྒྲིག་བགྱིས་པའི་སློབ་དེབ་ཁག་ཀྱང་གཅིག་གྱུར་དང་ཚད་ལྡན་ཆགས་ཀྱི་མེད། སློབ་དེབ་དེ་དག་གཙོ་བོ་ཆབ་སྲིད་དང༌། ཁྲིམས་ལུགས། དཔལ་འབྱོར། ཚན་རིག་བཅས་ཐད་ཀྱི་སློབ་དེབ་རྣམས་ཡིན། དཔེར་ན་རྒྱལ་ཡོངས་སུ་ཁྲིམས་ལུགས་ཡིག་རྒྱུགས་བཏང་བའི་ཁྲོད། དབུས་ཁྲིམས་འཛིན་ལས་ཁུངས་ཀྱིས་རྒྱུགས་ཤོག་སོག་ཡིག་དང༌། ཡུ་གུར་གྱི་ཡི་གེ། ཧ་སག་ཁའི་ཡི་གེ་བཅས་སུ་ཕབ་བསྒྱུར་བྱས་ཡོད་ཀྱང་བོད་ཡིག་ཏུ་ཕབ་བསྒྱུར་བྱས་མེད། དེ་ནི་ཁྲིམས་ལུགས་ཐ་སྙད་ཀྱང་བོད་ཁུལ་དུ་ས་གནས་སོ་སོས་བསྒྱུར་ཏེ། གཅིག་གྱུར་དང་ཚད་ལྡན་མེད་པའི་རྐྱེན་གྱིས་ཡིན།

 

དོན་ཚན་གཉིས་པ། ཕྱི་ཕྱོགས་སུ།

དང་པོ། བོད་ཀྱི་སྐད་ཡིག་ཉམས་དམས་སུ་བཏང་བ་དེ་ཐོག་མཐའ་བར་གསུམ་དུ་རྒྱལ་སྤྱིའི་སྟེང་དགྲ་འཛིན་སྟོབས་ཤུགས་ཀྱིས་ཀྲུང་གོར་རྒོལ་རྡུང་གཏོང་བྱེད་ཀྱི་ལག་ཆ་གཙོ་བོ་ཞིག་ཡིན།

དུས་ཡུན་རིང་པོ་ནས་བཟུང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རང་རྒྱལ་གྱི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་གི་སྲིད་བྱུས་དང་ཁྲིམས་སྲོལ་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། དེ་གང་ཡིན་ཟེར་ན། སྐད་དང་ཡེ་གེའི་གནད་དོན་ནི་མི་རིགས་འདྲ་མཉམ་མཚོན་བྱེད་དང༌། མི་རིགས་ཀྱི་རང་སྐད་ཐོབ་ཐང་ལ་བརྩི་འཇོག་བྱེད་མིན་གྱི་ཆེས་རྩ་བ་དང་ཆེས་གལ་འགངས་ཆེ་ཤོས་ཀྱི་མཚོན་རྟགས་ཤིག་ཡིན་ལ། མི་རིགས་ཤིག་གི་ཁྱད་ཆོས་གལ་ཆེ་ཤོས་ཤིག་ཀྱང་ཡིན་སྟབས། མི་རིགས་ཀྱི་སྐད་ཡིག་ནི་མི་རིགས་དེའི་བླ་སྲོག་ཏུ་གྱུར་པའི་རྒྱུ་མཚན་ཡང་དེ་ལ་ཐུག་ཡོད། ༢༠༠༢ ལོའི་གཏན་འབེབས་ཀྱིས་བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་བྱས་ནའང་འགྲིག་ལ་མ་བྱས་ནའང་འགྲིག་པའི་གནས་བབ་ཏུ་བཞག་པ་དེས། ཀྲུང་གོ་དགྲ་བོར་འཛིན་པའི་སྟོབས་ཤུགས་ལ། ཏག་ཏག་ཀྲུང་གོར་རྒོལ་རྡུང་གཏོང་བའི་ཁ་གཡར་ས་ཞིག་མཁོ་སྤྲོད་བྱས་ཡོད། ལྷག་པར་དུ་རྒྱལ་སྤྱིའི་ཚོགས་འདུ་འགའ་ཞིག་ཏུའང་སྲིད་བྱུས་དེ་དག་བེད་སྤྱོད་བྱས་ཏེ་རང་རྒྱལ་ལ་དམའ་འབེབས་ཐེངས་ཁ་ཤས་བྱས་ཡོད་པས། ཀྲུང་གོའི་རྒྱལ་སྤྱིའི་ཐོག་གི་མཚན་སྙན་གྲགས་དང་བརྩི་མཐོང་ལ་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ངན་པ་བསྐྲུན་ཡོད།

གཉིས་པ། དེང་སང་གི་འཇིག་རྟེན་འདིར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྩ་སྟོངས་འགྲོ་ལ་ཉེ་བའི་སྐད་ཡིག་ལ་གནས་ཚུལ་ལ་དོ་སྣང་བྱེད་ཚད་ཤུགས་ཆེ་རུ་འགྲོ་བཞིན་པ་དེས་ཀྱང་རང་རྒྱལ་གྱི་གྲངས་ཉུང་མི་རིགས་ཀྱི་སྐད་དང་ཡི་གེའི་སྲིད་ཇུས་དང་ཁྲིམས་སྲོལ་ལའང་དོ་སྣང་ཇེ་ཆེར་འགྲོ་གི་ཡོད།

སྐད་ཡིག་གང་འདྲ་ཞིག་རྩ་སྟོངས་སུ་གྱུར་ནའང་དེས་འགྲོ་བ་མིའི་རིག་གཞུང་སྤྱི་ལ་གསབ་ཐབས་མེད་པའི་གྱོང་གུན་སྟེར་ངེས། དེ་འདྲ་ཡིན་སྟབས། རང་རྒྱལ་ལ་སྔར་ནས་མི་རིགས་ཀྱི་སྐད་ཡིག་ལ་མཐོང་ཆེན་བྱེད་པའི་སྲོལ་རྒྱུན་བཟང་པོ་ཡོད་ཅིང༌། རང་རྒྱལ་གྱི་རྩ་ཁྲིམས་ནས་རང་སྐྱོང་བཅའ་ཁྲིམས། འོས་འགན་སློབ་གསོའི་ཁྲིམས་ལུགས་བཅས་སུ་རྩོད་མེད་ཡོངས་ཁྱབ་ཀྱི་སྒོ་ནས་མི་རིགས་སྐད་ཡིག་ལ་སྲུང་སྐྱོབ་དང་རྒྱབ་སྐྱོར་གྱི་འབྲེལ་ཡོད་གཏན་འབེབས་གསལ་པོ་བཀོད་ཡོད། དེར་བརྟེན་གཏན་འབེབས་རྙིང་པ་དང་དེའི་དོན་འཁྱོལ་བྱེད་ཕྱོགས་ཀྱི་ཞིབ་སྲོལ་གྱིས་ཀྱང་ནན་ཏན་སྒམ་བརླིང་ངང་བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད། འཕེལ་རྒྱས་སུ་གཏོང་བ་ལ་ཕན་པའི་དོན་ཚན་ཚན་རིག་དང་ལྡན་པ་དང༌། དོན་དངོས་དང་འཚམ་པ། ལག་ལེན་བསྟར་བདེ་བ་མང་པོ་ཞིག་གཏན་འབེབས་བྱས་ཡོད། འབྲེལ་ཡོད་ཞིབ་འཇུག་ཚན་པའི་ཞིབ་འཇུག་སྙན་ཐོར་གཞིགས་ན། སྐད་ཡིག་རྩ་སྟོངས་སུ་འགྱུར་བཞིན་པའི་འཕེལ་ཕྱོགས་དེ། ད་ལྟ་རྩ་བརླག་ཏུ་འགྱུར་ལ་ཉེ་བའི་སྐད་ཡིག་གཅིག་པུའི་གྱོང་གུན་མིན་པར། དུས་མཚུངས་སུ་ད་ལྟ་ཐུན་མོང་དུ་སྤྱོད་བཞིན་པའི་སྐད་ཡིག་ཆེ་རིགས་ཁག་ལའང་ཐད་ཀར་ཤུགས་རྐྱེན་ཐེབས་ཡོད་པ་བསྟན་ཡོད། སྐད་ཡིག་རིག་པ་མཁས་ཅན་ཚོས་ད་ལྟ་འཛམ་བུ་གླིང་དུ་སྤྱོད་བཞིན་པའི་སྐད་ཡིག་འདྲ་མིན་ ༦༠༠༠ ལྷག་ཡོད་པ་ནས་དུས་རབས་འདིའི་ནང་བརྒྱ་ཆ་༥༠ ནས་ ༩༠ ཙམ་རྦད་དེ་རྩ་བརླགས་སུ་འགྲོ་ངེས་ཡིན་པའི་ཚོད་དཔག་བྱས་ཡོད། འོ་ན། གལ་སྲིད་ཚོད་དཔག་འདི་མངོན་སུམ་དུ་འགྱུར་ན། ད་ལྟ་མངའ་ཁོངས་མི་འདྲ་བ་དང་རིམ་པ་མི་འདྲ་བའི་ནང་ཐུན་མོང་དུ་སྤྱོད་བཞིན་པའི་སྐད་ཡིག་ཇི་ཙམ་མ་འོངས་པར་རྩ་བརླགས་སུ་འགྱུར་བའི་ཉེན་ཁ་ཡོད་པ་མ་རེད་དམ། དངོས་ཡོད་གནས་སྟངས་དེར་བལྟས་ཏེ། ད་ལྟའི་སྐད་ཡིག་ཆེ་རིགས་རྣམས་ཀྱིས་ད་དུང་སྣང་དོགས་རྩ་བ་ནས་མེད་པའི་ངང་རྩ་སྟོངས་སུ་འགྱུར་ལ་ཉེ་བའི་སྐད་ཡིག་གནད་དོན་དེ་རང་ཉིད་དང་འབྲེལ་བ་སྤུ་ཙམ་མེད་པ་དང༌། དེ་ནི་སྐད་ཡིག་ཆུང་རིགས་རྣམས་ཀྱི་སེམས་ཁྲལ་ཁོ་ན་ཡིན་པར་ངོས་འཛིན་གནང་ཐུབ་བམ།

ཉེན་ཁ་དེ་བོད་ཀྱི་སྐད་ཡིག་ལའང་དམིགས་བསལ་མེད་པ་ཨ་ཅང་ཅང༌། གཏན་འབེབས་གསར་པས་བོད་ཀྱི་སྐད་ཡིག་ལ་བཀག་རྒྱ་བྱས་ཏེ། གལ་སྲིད་མཐའ་མཇུག་བོད་ཀྱི་སྐད་ཡིག་དེ་ཉིད་བོད་རིགས་ཀྱི་ཕ་ཡུལ་དུ་མེད་པར་གྱུར་ན། དེ་ནས་དངོས་འབྲེལ་ཕྱི་རྒྱལ་མཁས་དབང་འགའ་ཞིག་གིས་འཕྱ་སྨོད་དང་མ་འོངས་ལུང་བསྟན་བྱས་པ་དེ་དངོས་སུ་ཡོང་ངེས་རེད། ཕྱི་རྒྱལ་བ་ཚོས་མ་འོངས་པར་བོད་རིགས་རྣམས་བོད་ཀྱི་སྐད་ཡིག་སྦྱངས་དགོས་ན་ནུབ་ཕྱོགས་སུ་ཕྱི་རྒྱལ་བའི་མཉམ་དུ་སྦྱོང་བར་འགྲོ་དགོས་ཞེས་པའི་སྐད་ཆ་བཤད་པ་དེར་བསམ་གཞིགས་ནན་པོ་བྱེད་དགོས་པ་ཞིག་རེད། དེར་བརྟེན་བོད་ཀྱི་སྐད་ཡིག་ལས་དོན་ཐད་བཤད་ན། ངེས་པར་དུ་མ་ལག་ཡོངས་སུ་ལྡན་པ་དང༌། དོན་དངོས་དང་མཐུན་པ། རྒྱ་ཆེའི་གཞི་རིམ་གྱི་དངོས་ཡོད་གནས་སྟངས་ལ་ཞིབ་འཇུག་མཐིལ་ཕྱིན་བྱས་པའི་རྨང་གཞིའི་ཐོག རྒྱལ་ཁབ་དང་མི་དམངས་ཀྱི་ཁེ་ཕན་ལ་དམིགས་ཏེ་གཟིགས་རྒྱང་མཐོན་པོ་དང༌། ཕུགས་རྒྱང་རིང་པོའི་འཐབ་བྱུས་བསམ་བློའི་མཛུབ་སྟོན་འོག བོད་ཀྱི་སྐད་ཡིག་གོང་འཕེལ་དུ་གཏོང་བར་སྐུལ་སྤེལ་ཐུབ་པའི་གཏན་འབེབས་ཤིག་བཟོ་ཐུབ་དགོས།

 

དོན་ཚན་གསུམ་པ། ཐབས་བྱུས་དང་བསམ་འཆར།

བོད་རང་སྐྱོང་ལྗོངས་ཀྱིས་བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད། འཕེལ་རྒྱས་སུ་གཏོང་རྒྱུའི་གཏན་འབེབས་གསར་པ་དེ་ནི་བོད་ཀྱི་སྐད་དང་ཡི་གེ། རིག་གཞུང་བཅས་ཀྱི་ལས་དབང་དང་འབྲེལ་བའི་གནད་དོན་ཞིག་དང༌། རྒྱ་ཆེའི་བོད་རིགས་ཞིང་འབྲོག་མི་མང་གི་ཁེ་ཕན་དངོས་དང་འབྲེལ་བའི་གནད་དོན་ཞིག་ཡིན་པ་མ་ཟད། རྒྱལ་ཁབ་ཀྱི་མི་རིགས་སྲིད་བྱུས་དང༌། རྩ་ཁྲིམས། རང་སྐྱོང་བཅའ་ཁྲིམས། འོས་འགན་སློབ་གསོའི་ཁྲིམས་ལུགས་བཅས་སུ་གསལ་བའི་མི་རིགས་ཁག་འདྲ་མཉམ་ཐོག་སོ་སོའི་སྐད་དང་ཡི་གེ་བེད་སྤྱོད་ཆོག་པའི་ཐོབ་ཐང་དང་རང་དབང་ཡོད་ཅེས་པར་བརྩི་འཇོག་དང་སྲུང་སྐྱོབ། ལག་ལེན་དོན་འཁྱོལ་བྱེད་མིན་དང་འབྲེལ་བའི་གནད་དོན་ཞིག་ཡིན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐོག་མཐའ་བར་གསུམ་དུ་རང་རྒྱལ་གྱིས་ད་ལྟ་ལག་བསྟར་བྱེད་བཞིན་པའི་མི་རིགས་སྲིད་བྱུས་དང༌། ཁྱད་པར་དུ་མངོན་གསལ་འབུར་དུ་ཐོན་པའི་སྐད་དང་ཡི་གེའི་སྲིད་བྱུས་ལ་དོ་སྣང་བྱེད་བཞིན་པའི་གནད་དོན་དང་འབྲེལ་བ་དམ་པོ་ཡོད་སྟབས། ཚོགས་ཞུགས་ཁྱད་ལས་མཁས་དབང་རྣམས་ནས་གཤམ་གསལ་གལ་ཆེ་བའི་དགོངས་འཆར་ཁག་བཏོན་ཡོད།

དང་པོ། ཕྱི་ལོ་ ༡༩༨༧ ལོའི་གཏན་འབེབས་ཀྱི་སྙིང་དོན་དང་དེའི་དོན་འཁྱོལ་བྱེད་ཕྱོགས་ཀྱི་ཞིབ་སྲོལ་ལ་ཤུགས་སྣོན་དང་ལག་བསྟར་མཐར་ཕྱིན་བྱེད་དགོས་པ་མ་ཟད། བོད་རང་སྐྱོང་ལྗོངས་སུ་བོད་རིགས་མི་འབོར་གྱིས་བརྒྱ་ཆ་ ༩༦ ཟིན་པའི་དངོས་ཡོད་གནས་སྟངས་ལ་གཞིགས་ཏེ་བོད་ཀྱི་སྐད་ཡིག་གོང་སྤེལ་གཏོང་བར་ཕན་པའི་དོན་ཚན་གསར་སྣོན་བྱེད་དགོས། དེ་ལྟར་བྱེད་ཐུབ་ན། དོན་དམ་ཐོག་བོད་ཀྱི་སྐད་ཡིག་ལས་དོན་ལ་སྔར་བས་ཤུགས་སྣོན་ཐེབས་རྒྱུ་དང༌། བོད་ཀྱི་སྐད་ཡིག་ཡུན་གནས་ཐུབ་པ་དང་གོང་སྤེལ་གཏོང་བར་དོན་དམ་གྱི་དོན་སྙིང་ལྡན་པ་ཞིག་ཆགས་ཐུབ། ལྷག་པར་དུ་དེས་རྒྱལ་ཁབ་ཀྱི་མི་རིགས་འདྲ་མཉམ་གྱི་སྲིད་བྱུས་དོན་འཁྱོལ་བྱུང་བ་མཚོན་གྱི་ཡོད་པ་དང༌། རྩ་ཁྲིམས་དང་རང་སྐྱོང་བཅའ་ཁྲིམས། འོས་འགན་སློབ་གསོའི་ཁྲིམས་ལུགས་བཅས་སུ་གསལ་བའི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སྲུང་སྐྱོབ་དང་བེད་སྤྱོད་ཐད་བསྩལ་བའི་ཁྱད་དུ་འཕགས་པའི་ཐོབ་ཐང་དང་རང་དབང་ལ་འགན་སྲུང་བྱས་པ་མཚོན་གྱི་ཡོད་སྟབས། རྒྱ་ཆེའི་བོད་རིགས་ཞིང་འབྲོག་མང་ཚོགས་རྣམས་བློ་བདེ་བག་ཕེབས་ངང་འཚོ་གནས་ཐུབ་པ་དང༌། བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་བརྟན་པོ་ཡོང་བ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྱང་རང་རྒྱལ་གྱི་མི་རིགས་སྲིད་བྱུས་ལ་སྐྱོན་འདོགས་བྱེད་ས་མེད་པ་ཆགས་ངེས་རེད།

གཉིས་པ། མང་ཚོགས་ཀྱིས་ལྟ་བསྐུལ་གང་ལེགས་ཐུབ་པའི་ལམ་ལུགས་སྐྲུན་ཏེ། དབུས་གཞུང་གི་སྲིད་བྱུས་ས་གནས་སུ་དོན་འཁྱོལ་ལག་བསྟར་ཐུབ་པ་བྱེད་དགོས།

གསུམ་པ། བོད་རང་སྐྱོང་ལྗོངས་མི་མང་འཐུས་ཚོགས་ཀྱིས་བསྐྱར་བཅོས་གྲོས་འཆར་བཏོན་ཏེ། བོད་ཀྱི་སྐད་ཡིག་ཐོག་སློབ་ཁྲིད་བྱེད་པའི་སློབ་གསོའི་ལམ་ལུགས་འཛུགས་དགོས་ཞེས་པའི་ཐག་གཅོད་དེ་བསྐྱར་གསོ་ཐུབ་པའི་རེ་བ་ཞུ་གི་ཡོད། དེ་ལྟར་བྱུང་ན། ཁྲིམས་སྲོལ་གྱི་ལམ་ལུགས་འགན་ལེན་དང་ཁག་ཐེག་བྱེད་ཐུབ་ཀྱི་ཡོད་ལ། བོད་རིགས་སློབ་ཕྲུག་རྣམས་སློབ་འབྲིང་དང༌། ལྷག་པར་དུ་མཐོ་འབྲིང་དང་སློབ་གྲྭ་ཆེ་མོ་ཁག་ཏུ་སྐད་ཡིག་གཉིས་ཐོག་རང་བྱུང་ཚན་རིག་གི་སློབ་ཚན་ཁག་སྦྱངས་ཐུབ་པར་གྱུར་ངེས། དེ་ནི་ཡོངས་སུ་ཚུལ་མཐུན་ལུགས་མཐུན་ཞིག་ཡིན།

རྒྱ་ནག་ནང་སར་དཔེ་བླངས་ཏེ་སྔོན་འགྲོའི་སློབ་གསོ་སྐབས་ནས་བོད་ཡིག་སློབ་དགོས་པ་དང༌། དེ་ནས་སློབ་ཆུང་དུ་ཕ་སྐད་ཀྱི་ཆུ་ཚད་ངེས་ཅན་ཞིག་ཏུ་སླེབས་སྐབས་གཞི་ནས་རྒྱའི་སྐད་ཡིག་སློབ་འཁྲིད་བྱེད་དགོས། དེ་ལྟར་བྱེད་ཐུབ་ན། སློབ་འབྲིང་དང་མཐོ་འབྲིང་སྐབས་བོད་ཀྱི་སྐད་ཡིག་སློབ་འཁྲིད་གཙོ་བོར་བཟུང་ཐོག བོད་རྒྱ་སྐད་ཡིག་གཉིས་ཀ་མཉམ་སྤྱོད་བྱེད་པའི་མཛད་ཕྱོགས་ལག་བསྟར་བྱས་ཏེ། སློབ་ཕྲུག་རྣམས་ཀྱི་བོད་རྒྱ་སྐད་ཡིག་གཉིས་ཀའི་ཆུ་ཚད་སྔོན་དཔག་བྱས་པའི་ཕན་འབྲས་ལྟར་ཡོང་ཐུབ་པ་བྱེད་དགོས། དེ་ནི་སློབ་གསོའི་ཚན་རིག་དང་བསམ་པའི་ངོས་འཛིན་གྱི་ཚན་རིག་དང་མཐུན་པ་ཞིག་ཡིན།

དཔེར་ན། དུས་རབས་སྔོན་མའི་ལོ་རབས་བརྒྱད་བཅུ་པའི་ནང༌། བཅོས་བསྒྱུར་སྒོ་འབྱེད་ཀྱི་སྤྱི་ཁྱབ་བྱུས་འགོད་པ་ཏིང་ཞའོ་ཕིང་དང༌། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་བོད་རིགས་ཨུ་ཡོན་ཀྲང་རྣམ་པ་གཉིས་པཎ་ཆེན་རིན་པོ་ཆེ་དང་ངག་ཕོད་ལ་ཟེར། སྒྱུར་མཆན་བཅས་ཀྱི་གཟིགས་སྐྱོང་ཆེན་པོའི་འོག བོད་ཀྱི་སྐད་ཡིག་ལ་ཕུགས་ཡུན་རིང་པོའི་འཕེལ་རྒྱས་དང༌། བོད་ལྗོངས་ཀྱི་མི་རིགས་ཁག་གི་ཕ་ཚ་བུ་རྒྱུད་རྣམས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དེ། ལས་དོན་ཡོངས་ཀྱི་གཞི་རྟེན་ས་དང་འགོ་ཚུགས་སར་བརྩིས་ཏེ། ཕྱི་ལོ ༡༩༨༧ ལོར་བོད་རང་སྐྱོང་ལྗོངས་སུ་བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་བེདསྤྱོད། འཕེལ་རྒྱས་སུ་གཏོང་རྒྱུའི་གཏན་འབེབས་འགའ་ཞིག་ཚོད་བལྟ་ཅེས་པ་དེ་གཏན་འབེབས་འགྲེམས་བསྒྲགས་བྱས་ཡོད་པ་མ་ཟད། ༡༩༨༨ ལོར་དེའི་དོན་འཁྱོ་བྱེད་ཕྱོགས་ཀྱི་ཞིབ་སྲོལ་ཡང་གཏན་འབེབས་འགྲེམས་བསྒྲགས་གནང་ཡོད། གཏན་འབེབས་དེའི་ནང་དུ་བོད་ཀྱི་སྐད་ཡིག་གིས་སློབ་འཁྲིད་བྱ་རྒྱུ་གཙོ་བོར་འཛིན་པའི་སློབ་འཁྲིད་ཀྱི་མ་ལག་བཙུགས་པ་བརྒྱུད། བོད་ལྗོངས་སྤྱི་ཚོགས་ཀྱི་དགོས་མཁོར་དམིགས་པའི་མི་སྣ་གསོ་སྐྱོང་དང༌། བོད་ཀྱི་རིག་གཞུང་རྒྱུན་འཛིན་ཐད་འགན་འཁྱེར་ཐུབ་པའི་མི་རིགས་ཀྱི་ཁྱད་ལས་མི་སྣ་གསོ་སྐྱོང་བྱེད་རྒྱུ་དམིགས་ཡུལ་གཙོ་བོར་བཟུང་སྟེ། གཏན་འབེབས་ཀྱི་དོན་ཚན་བཅོ་ལྔ་ནས་ཉེར་བདུན་བར་བོད་ཀྱི་སྐད་ཡིག་གོང་དུ་སྤེལ་བའི་དངོས་ཡོད་དགོས་མཁོར་དམིགས་ནས། བོད་ལྗོངས་སུ་སློབ་ཆུང་དང་སློབ་འབྲིང༌། རྒྱ་ནག་ནང་སའི་བོད་ལྗོངས་འཛིན་གྲྭ། བོད་ལྗོངས་སུ་སློབ་ཆེན་དང་འབྲིང་རིམ་ཆེད་ལས་སློབ་གྲྭ་བཅས་སུ་བོད་ཀྱི་སྐད་ཡིག་སློབ་ཁྲིད་བྱེད་སྟངས་དང་སློབ་ཁྲིད་ཀྱི་དུས་ཚོད་ཚུན་ནས་ཞིབ་ཕྲའི་ངང་གཏན་འབེབས་གནང་ཡོད་པ་མ་ཟད། སློབ་ཁྲིད་ལས་དོན་གྱི་དངོས་ཡོད་དགོས་མཁོར་དམིགས་ཏེ་ཐ་ན་དགེ་རྒན་གསོ་སྐྱོང་དང༌། སློབ་དེབ་བཀོད་སྒྲིག་བཅས་ཀྱི་ཐད་ལའང་ཞིབ་ཕྲའི་ལམ་སྟོན་གནང་ཡོད།

གཏན་འབེབས་དེས་བོད་མི་རིགས་ཀྱིས་བོད་ཀྱི་སྐད་ཡིག་བེད་སྤྱོད་དང་འཕེལ་རྒྱས་སུ་གཏོང་བའི་ཐོབ་ཐང་དང་རང་དབང་ལ་སྔར་བས་བརྩི་འཇོག་དང་འགན་ལེན་བྱས་ཡོད་ཅིང༌། གཏན་འབེབས་དེ་ལག་ལེན་བྱས་པའི་རྐྱེན་གྱིས། སློབ་གསོའི་ཁྱབ་ཁོངས་ཁྲོད་བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད། འཕེལ་རྒྱས་བཅས་གང་ལེགས་བྱུང་བ་དང་ཆབས་ཅིག སྤྱི་ཚོགས་ཀྱི་ལས་རིགས་གཞན་དུའང་བཀོལ་སྤྱོད་དང་འཕེལ་རྒྱས་བྱུང་སྟེ། བོད་རིགས་ས་ཁུལ་གྱི་དཔལ་འབྱོར་དང་རིག་གཞུང་གོང་འཕེལ་འབྱུང་བར་སྐུལ་འཁྲིད་བྱས་ནས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་དང༌། སྤྱི་ཚོགས་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བ། མི་དམངས་མང་ཚོགས་བློ་བདེ་བག་ཕེབས་ངང་འཚོ་གནས་ཐུབ་པ་བྱུང་སྟེ། རྒྱ་ཆེའི་བོད་རིགས་མང་ཚོགས་ཀྱིས་རྒྱབ་སྐྱོར་དང་བསྔགས་བརྗོད་ཐོབ་པ་མ་ཟད། བོད་ཀྱི་སྐད་ཡིག་དར་རྒྱས་གོང་སྤེལ་བཏང་བའི་རྣམ་པ་གསར་པ་བསྐྲུན་པ་དེས་རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་བཟང་པོ་ཞིག་ཐེབསཡོད་པ་དང༌། དེའི་རྐྱེན་གྱིས་མི་དམངས་ཀྱི་ཁེ་ཕན་འགན་སྲུང་ཐུབ་ཡོད་ལཧརྒྱལ་ཁབ་ཀྱི་ཁེ་ཕན་ཡང་སྲུང་སྐྱོང་ཐུབ་པ་བྱུང་ཡོད།

དེར་བརྟེན། ང་ཚོའི་བསམ་འཆར་ལ། བོད་ཡིག་ཆེད་སྦྱོང་ཚན་ཁག་གི་ཁྱབ་ཁོངས་གང་མྱུར་གཞི་རྒྱ་ཆེ་རུ་གཏོང་དགོས། དེ་ཡང་རིམ་པ་ཁག་དང་རིག་ཚན་ཁག་གི་མཐོ་རིམ་དང་འབྲིང་རིམ་ཆེད་ལས་སློབ་གྲྭའི་ནང་དེ་མཚུངས་ཀྱི་སྤྱི་ཚོགས་ཚན་རིག་སློབ་ཚན་དང༌། རང་བྱུང་ཚན་རིག་སོགས་ཀྱི་བོད་ཡིག་ཆེད་ལས་སློབ་ཚན་གསར་འཛུགས་གནང་དགོས་པ་དང༌། རྒྱ་ཆེའི་ཞིང་འབྲོག་མི་དམངས་ཀྱི་བུ་ཕྲུག་རྣམས་སློབ་ཆུང་དང་སློབ་འབྲིང་ནས་མཐར་ཕྱིན་རྗེས། དེ་མཚུངས་ཀྱི་སློབ་གྲྭ་དང་དེ་མཚུངས་ཀྱི་ཆེད་ལས་འདེམས་ཁ་རང་འདོད་ལྟར་བྱས་ཆོག་པའི་འགན་ལེན་ཏན་ཏིག་བྱེད་ཐུབ་པ་བྱས་ཏེ། བོད་ལྗོངས་ཀྱི་ལས་རིགས་ཁག་སོ་སོའི་འཛུགས་སྐྲུན་མི་སྣ་གསོ་སྐྱོང་དང༌། རྒྱལ་ཁབ་ཀྱི་སློབ་གསོའི་ཐོན་ཁུངས། ཤེས་ལྡན་མི་སྣའི་ཐོན་ཁུངས། རྒྱུ་ནོར་གྱི་ཐོན་ཁུངས་བཅས་མིག་སྨན་མིག་ཐོག་ཏུ་ཕན་པར་བེད་སྤྱོད་བཏང་ནས་འཆམ་མཐུན་དང་བརྟན་པོའི་ངང་གོང་འཕེལ་འགྲོ་བའི་སྤྱི་ཚོགས་ཀྱི་ཁོར་ཡུག་ཅིག་བསྐྲུན་དགོས།

རྒྱ་ནག་ནང་སའི་བོད་ལྗོངས་སློབ་འབྲིང་གི་འཛིན་གྲྭ་ཁག་ཏུའང་བོད་ཀྱི་སྐད་ཡིག་ཐོག་སློབ་འཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་དགོས།

བཞི་པ། བོད་ཀྱི་སྐད་ཡིག་བཀོལ་སྤྱོད་ཀྱི་ཁྱབ་ཁོངས་གསར་གཏོད་བྱས་ཏེ། བོད་ཀྱི་སྐད་ཡིག་བེད་སྤྱོད་དང་འཕེལ་རྒྱས་སུ་གཏོང་བར་མཐུན་རྐྱེན་ལེགས་པོ་ཞིག་སྐྲུན་དགོས།

བོད་ཀྱི་སྐད་ཡིག་སློབ་སྦྱོང་བྱེད་པའི་རྩ་བའི་དམིགས་ཡུལ་ནི་སྐད་ཡིག་བེད་སྤྱོད་བྱ་རྒྱུ་དེ་ཡིན་ཞིང༌། བོད་ཀྱི་སྐད་ཡིག་བེད་སྤྱོད་གཏོང་བའི་རྩ་བའི་དམིགས་ཡུལ་ནི་བོད་ཀྱི་སྐད་ཡིག་གོང་སྤེལ་གཏོང་རྒྱུ་དེ་ཡིན། བོད་ཀྱི་སྐད་དང་ཡི་གེ་འདི་ཉིད་བོད་ལྗོངས་མི་རིགས་ཁག་དང་ལས་རིགས་ཁག་གི་ནང་བཀོལ་སྤྱོད་རྒྱ་ཆེར་བྱེད་ཐུབ་པ་དང༌། དུས་རབས་གསར་པའི་འོག་གོང་སྤེལ་གསར་པ་ཞིག་འབྱུང་ཆེད། ཕྱི་ལོ་ ༡༩༨༧ ལོའི་གཏན་འབེབས་ཀྱི་དོན་ཚན་བཞི་པས། ལྗོངས་ནང་ཁུལ་གྱི་རྫོང་ཡན་རྫོང་ཚུད་གྱི་ཏང་སྲིད་ལས་ཁུངས་དང་མི་དམངས་ཚོགས་པ། བྱ་གཞག་ཚན་པ་ཚགས་ཁང་དང་སྨན་ཁང༌། དངུལ་ཁང༌། སྦྲགས་ཁང་ལྟ་བུ་སོགས་ལ་ཟེར། སྒྱུར་མཆན།བཅས་ཀྱིས་ལྗོངས་ནང་ཁུལ་དུ་གཏོང་རྒྱུའི་ཡིག་ཆའི་རིགས་ཚང་མ་བོད་ཡིག་གཙོ་བོར་བྱེད་པའི་ཐོག བོད་རྒྱ་ཡིག་རིགས་གཉིས་ལ་བེད་སྤྱོད་བྱེད་དགོས། ཁེ་ལས་ཚན་པས་ལྗོངས་ནང་ཁུལ་དུ་སྤེལ་རྒྱུའི་ཡིག་ཆ་རྣམས་ཀྱང་རིམ་པས་བོད་རྒྱ་ཡིག་རིགས་གཉིས་ཀ་ཡོད་པ་བྱ་རྒྱུ། དོན་ཚན་ལྔ་པའི་ནང་དུ། ལྗོངས་ནང་ཁུལ་དུ་རྫོང་ཡན་རྫོང་ཚུད་གྱི་ཏང་སྲིད་ལས་ཁུངས་དང་མི་དམངས་ཚོགས་པ། བྱ་གཞག་ཚན་པ་བཅས་ཀྱིས་ཚོགས་འདུ་བསྐོངས་འཚོགས་བྱེད་སྐབས། ཡིག་ཆ་དང་དཔྱད་ཡིག་རྣམས་ངེས་པར་དུ་བོད་རྒྱ་ཡིག་རིགས་གཉིས་ཡོད་དགོས་པ་དང༌། གལ་འགངས་ཆེ་བ་དང་གཞི་རྒྱ་ཆེ་བའི་ཚོགས་འདུའི་ཐོག་ཚོགས་འདུར་ཞུགས་མཁན་བོད་རིགས་ཀྱིས་དངོས་གཞིའི་གཏམ་བཤད་བྱེད་སྐབས། ངེས་པར་དུ་བོད་སྐད་རྒྱག་དགོས་པ་དང༌། ཚོགས་འདུའི་སྐར་སྒྱུར་གྱིས་རྒྱ་སྐད་དུ་བསྒྱུར་རྒྱུ། ཚོགས་འདུར་ཞུགས་མཁན་གཞན་གྱིས་རྒྱ་སྐད་ཀྱི་ཐོག་ནས་དངོས་གཞིའི་གཏམ་བཤད་བྱས་ཚེ། དེ་ཡང་བོད་སྐད་དུ་བསྒྱུར་རྒྱུ། དོན་ཚན་ཞེ་བཞིའི་ནང་དུ། དངུལ་ཁང་ཁག་གིས་བོད་ཀྱི་སྐད་ཡིག་ལ་བརྟེན་ནས་འགན་བབས་ལས་ཀ་བྱེད་ཕྱོགས་གསལ་པོ་བསྟན་ཡོད་པ་དང༌། དོན་ཚན་ཞེ་ལྔའི་ནང་ཚོང་ལས་དང་སྦྲག་ཁང༌། དངུལ་ཏར། དེ་མིན་ཞབས་འདེགས་ལས་རིགས་ཀྱིས་ཕྱི་ཕྱོགས་ལ་འགན་བབས་བྱེད་སྒོ་སྤེལ་སྐབས། ཟོག་འཛིན་དང་རྩིས་ཤོག ལག་འཛིན་སོགས་འཛིན་ཤོག་ཚང་མ་བོད་རྒྱ་ཡིག་རིགས་གཉིས་ཀྱི་ཐོག་ནས་འབྲི་རྒྱུ། དོན་ཚན་ཞེ་དྲུག་ནང༌། སྨན་དོན་སྡེ་ཁག་གི་ཐད་ཀར་མང་ཚོགས་དང་འབྲེལ་བ་ཡོད་མཁན་སྨན་པ་ཚོས། འགན་བབས་ལས་ཀའི་ཁྱབ་ཁོངས་ནང་བེད་སྤྱོད་གཏོང་དགོས་པའི་བོད་རྒྱ་སྐད་ཡིག་གཉིས་ངེས་པར་དུ་བྱང་ཆུབ་པ་ཞིག་ཤེས་པ་དགོས་རྒྱུ། ཞེས་གཏན་འབེབས་གསལ་པོ་གནང་ཡོད་པ་མ་ཟད། དོན་ཚན་ཞེ་བདུན་པ་ནས་ལྔ་བཅུ་པ་བར་བོད་རིགས་དང་འབྲེལ་བའི་ཁྲིམས་འཛིན་ལས་དོན་གྱི་བཀོལ་སྤྱོད་སྐད་ཡིག་ངེས་པར་དུ་བོད་ཀྱི་སྐད་ཡིག་ཡིན་དགོས་པའི་སྐོར་འཁོད་ཡོད། གོང་བརྗོད་དོན་ཚན་ཁག་ཏུ་བོད་རང་སྐྱོང་ལྗོངས་ཀྱི་ལས་རིགས་ཁག་ཡོངས་རྫོགས་ཚུད་ཡོད་པས། དེས་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་ལ་སྡིངས་ཆ་རྒྱ་ཆེན་པོ་ཞིག་གནང་ཡོད།

འོན་ཀྱང་གཏན་འབེབས་གསར་པས་གཏན་འབེབས་སྙིང་པའི་ནང་གི་གལ་ཆེ་བའི་དོན་ཚན་ཁག་ནག་བསུབ་བཏང་སྟེ། བོད་ཀྱི་སྐད་ཡིག་བཀོལ་སྤྱོད་ཀྱི་ཁྱབ་ཁོངས་ཆུང་དུ་བཏང་ཡོད། དམིགས་ཚད་དེའི་སྒང་ནས་བརྗོད་ན། གཏན་འབེབས་གསར་པ་དེས་གཞུང་འབྲེལ་ཡིག་ཆའི་རྣམ་པའི་ཐོག་ནས་བོད་ཀྱི་སྐད་ཡིག་དེ་ཉིད་ལས་རིག་ཁག་ཏུ་བཀོལ་སྤྱོད་གཏོང་བར་བཀག་རྒྱ་བྱས་ཡོད་ལ། བོད་ལྗོངས་མི་རིགས་ཁག་གི་མི་དམངས་ཀྱིས་བོད་ཡིག་སློབ་སྦྱོང་ཐད་འཛིན་པའི་ཧུར་བརྩོན་རང་བཞིན་དམའ་རུ་བཏང་སྟེ། བོད་ཀྱི་སྐད་དང་ཡི་གེ་བདེ་བླག་ངང་གོང་སྤེལ་གཏོང་བར་འགོག་རྐྱེན་བྱས་ཡོད། དེར་བརྟེན། ང་ཚོའི་རེ་བ་ལ་བོད་རང་སྐྱོང་ལྗོངས་ཀྱིས་གཏན་འབེབས་གསར་པར་བསྐྱར་བཅོས་བྱེད་སྐབས། བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་དངོས་ཡོད་དགོས་མཁོར་བསྟུན་ཏེ། ཕྱི་ལོ་ ༡༩༨༧ ལོར་འགྲེམས་བསྒྲགས་བྱས་པའི་གཏན་འབེབས་ཀྱི་གལ་ཆེ་བའི་ནང་དོན་རྣམས་སོར་བཞག་ཐོག བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད། འཕེལ་རྒྱས་སུ་གཏོང་བར་ཕན་ཆ་ཡོད་པའི་དོན་ཚན་གསར་པ་བསྣན་ནས་བོད་ཀྱི་སྐད་དང་ཡི་གེ་འདི་ཉིད་བོད་རང་སྐྱོང་ལྗོངས་ཀྱི་ལས་རིགས་ཁག་ཡོངས་རྫོགས་དང་འཚོ་བའི་ཁྱབ་ཁོངས་ཡོངས་རྫོགས་སུ་ཁྱབ་ཐུབ་པ་དང། ཏང་སྲིད་ལས་ཁུངས་དང་ཁེ་ལས་སྡེ་ཚན། བྱ་གཞག་སྡེ་ཚན་བཅས་ཀྱིས་ལས་མི་གསར་བསྡུ་བྱེད་དུས། བོད་ཡིག་ཤེས་པ་དེ་ཆ་རྐྱེན་ཨང་དང་པོར་འཇོག་ཐུབ་ཐབས་བྱེད་དགོས། གཞུང་ཞབས་གསར་བསྡུའི་ཡིག་རྒྱུགས་གཏོང་དུས་བོད་ཡིག་ཡིག་རྒྱུགས་ངེས་པར་དུ་གསར་སྣོན་བྱེད་དགོས་ཤིང༌། ཏང་སྲིད་ལས་ཁུངས་དང༌། མི་དམངས་ཚོགས་པ། ཁེ་ལས་ཚན་པ། བྱ་གཞག་ཚན་པ་བཅས་ཀྱིས་བོད་ཡིག་ཆུ་ཚད་དེ་ལས་བྱེད་ཤེས་ཡོན་ཅན་དུ་བསྒྱུར་བའི་དགོས་ངེས་ཆ་རྐྱེན་དང་གལ་ཆེའི་ནང་དོན་ཞིག་ཏུ་བརྩི་དགོས།

ལྔ་པ། བོད་ཀྱི་སྐད་ཡིག་གི་གོ་གནས་མཐོ་རུ་བཏང་སྟེ་བོད་ཀྱི་སྐད་ཡིག་བེད་སྤྱོད་དང་འཕེལ་རྒྱས་སུ་གཏོང་བར་རྨང་གཞི་བརྟན་པོ་སྐྲུན་དགོས།

དེ་ཡང་དང་ཐོག་གཡོན་ཐལ་བསམ་བློའི་རླབས་རྒྱུན་གྱིས། བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་བཏང་ཆོག་པའི་ལུགས་མཐུན་གྱི་ཐོབ་ཐང་དང་རང་དབང་ལ་རྡུང་རྡེག་དང་བཀག་འགོག མང་ཚོགས་ལ་མགོ་སྐོར་གཏོང་བའི་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཁྲིམས་སྲོལ་དང་སྲིད་བྱུས་དང་འགལ་བའི་གཏམ་སྤྱོད་དང་བྱེད་སྟངས་དེ་རིགས་ཡོ་བསྲང་བྱེད་དགོས། དེ་ནས་མཐོ་སློབ་རྒྱུགས་སྤྲོད་ཁྲོད་བོད་ཀྱི་སྐད་ཡིག་གི་ཨང་ཐོབ་བརྒྱ་ཆར་ལུགས་མཐུན་མིན་པའི་སྒོ་ནས་གཅོག་ཆ་བྱེད་སྟངས་དེ་ཡོ་བསྲང་བྱས་ཏེ། རྒྱ་ཡིག་དང་འདྲ་མཉམ་གྱི་ཨང་ཐོབ་བརྒྱ་ཆ་བརྒྱ་སྤྲོད་དགོས། སློབ་ཚན་གཉིས་ཉ་ཉུང་མཉམ་བསྲེས་བྱེད་རྒྱུ་མེད་ལ། རྣམ་པ་ཙམ་གྱི་རིང་ལུགས་དང་གཡོལ་ཐལ་རིང་ལུགས་སྤྱོད་ཚུལ་གྱིས་བོད་ཀྱི་སྐད་ཡིག་སློབ་ཁྲིད་རྒྱུན་ལྡན་ཅན་དུ་བསྒྱུར་པར་འགོག་རྐྱེན་མི་ལྷག་པ་གནང་དགོས། མཐའ་མཇུག་བོད་ཀྱི་ལས་རིགས་ཁག་སོ་སོ་ཚང་མས་བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་བཀོལ་སྤྱོད་གཏོང་བར་ཤུགས་སྣོན་བརྒྱབ་སྟེ། ཞིང་འབྲོག་མི་དམངས་ཀྱི་བུ་ཕྲུག་རྣམས་ཀྱིས་བོད་ཡིག་ཆེད་སྦྱོང་བྱས་རྗེས་ལས་ཞུགས་ཀྱི་དཀའ་ངལ་སེལ་ཐུབ་པ་དགོས།

དྲུག་པ། རྒྱལ་ཁབ་དབུས་སློབ་གསོ་ལས་ཁུངས་ནས། སྐད་གཉིས་སློབ་ཁྲིད་ཁྲོད་ཇི་ལྟར་བྱས་ནས་ཕ་སྐད་སློབ་ཁྲིད་གཙོ་བོ་འཛིན་དགོས་པའི་མཛུབ་སྟོན་རང་བཞིན་གྱི་སྲིད་བྱུས་འདོན་པའི་རེ་བ་ཞུ་རྒྱུ་ཡིན།

དེ་ཡང་མི་རིགས་གཅིག་གི་སྐད་ཡིག་བཀོལ་སྤྱོད་དང་འཕེལ་རྒྱས་ཚད་ལྡན་ཅན་དུ་གཏོང་རྒྱུ་དེ་སྤྱི་ཚོགས་ཀྱི་དགོས་མཁོ་ཞིག་ཡིན་ལ། མི་རིགས་ཡར་རྒྱས་ཀྱི་དགོས་མཁོ་ཞིག་ཀྱང་ཡིན། ཕ་སྐད་སློབ་ཁྲིད་ཅེས་མི་རིགས་སྐད་ཡིག་སློབ་གསོའི་རྩ་བའི་དམིགས་ཡུལ་ནི། རྒྱ་ཆེའི་མི་དམངས་ཀྱི་སྤུས་ཚད་ཇེ་མཐོར་གཏོང་རྒྱུ་དང༌། ཤེས་ལྡན་མི་སྣ་དེ་བས་མང་བ་གསོ་སྐྱོང་བྱེད་ཐུབ་པའི་ཆེད་དུ་ཡིན། བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད། འཕེལ་རྒྱས་སུ་གཏོང་བ་ནི་ལོ་རྒྱུས་ཀྱིས་ང་ཚོར་གནང་བའི་འགན་འཁྲི་ཞིག་ཡིན།

བདུན་པ། བོད་ཀྱི་སྐད་ཡིག་ཐད། འཕྲལ་དུ་ཐག་གཅོད་དགོས་པའི་གནད་དོན་ནི། བོད་ཀྱི་སྐད་ཡིག་ཚད་ལྡན་ཅན་དུ་བསྒྱུར་རྒྱུ་དང༌། བོད་ཁུལ་ས་གནས་ཁག་ཏུ་བོད་ཀྱི་སྐད་ཡིག་སློབ་ཚན་གྱི་ནང་དོན་ལུགས་མཐུན་དང་ཚད་ལྡན་ཅན་དུ་བསྒྱུར་རྒྱུའི་གནད་དོན་དེ་ཡིན། དེའི་སྐོར་རྒྱལ་ཁབ་རང་གི་གཞུང་འབྲེལ་ཐོག་ནས་ཐག་གཅོད་ཡོང་བའི་རེ་བ་ཞུ་ཡི་ཡོད།

བརྒྱད་པ། རྒྱལ་ཁབ་ཀྱིས་བོད་ཀྱི་སྐད་ཡིག་ལས་དོན་ཐད་དོན་དམ་གྱི་སྙོམས་སྒྲིག་གནང་རྒྱུར་ཤུགས་སྣོན་རྒྱག་དགོས། དེ་ཡང་དབུས་སུ་བོད་ཀྱི་སྐད་ཡིག་ཚད་ལྡན་ཅན་དུ་བསྒྱུར་བའི་ལྷན་ཁང་དབང་ཤུགས་ལྡན་པ་ཞིག་གསར་འཛུགས་དང༌། དེའི་འོག་ཏུ་ལས་ཀ་བྱེད་སའི་སྡེ་ཚན། དེ་ནས་རྒྱལ་ཡོངས་སུ་སྙན་གྲགས་ཅན་གྱི་བོད་ཀྱི་སྐད་ཡིག་རིག་པའི་མཁས་དབང་རྣམས་རྩ་འཛུགས་གྱིས་བོད་ཡིག་ཐ་སྙད་གསར་པ་ཞིབ་བཤེར་གཏན་འབེབས་ལྷན་ཁང་ངམ་ཚོགས་ཆུང་བརྒྱུད། བོད་ཁུལ་ཡོངས་ཀྱི་སྐད་ཡིག་གཅིག་གྱུར་ཡོང་བར་སྙོམ་སྒྲིག་གནང་ཐུབ་པའི་རེ་བ་ཞུ་ཡི་ཡོད།

དགུ་པ། རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་ལས་ཁུངས་ཀྱི་རེ་འདུན་ལྟར། བོད་ཡིག་དང་གྲངས་ཉུང་མི་རིགས་ཀྱི་ཚིག་མཛོད་པར་སྐྲུན་ལས་དོན་གཅིག་གྱུར་འཆར་འགོད་དང་བཀོད་སྒྲིག་གནང་སྟེ། འབྲེལ་ཡོད་ཚིག་མཛོད་ཁག་པར་སྐྲུན་བྱེད་མཁན་ལས་ཁུངས་ཤིག་ཆེད་དུ་ཟུར་འཛུགས་གནང་དགོས།

བཅུ་པ། བོད་རང་སྐྱོང་ལྗོངས་དང༌། བོད་ཁུལ་ས་གནས་གཞན་དག་གི་རང་སྐྱོང་སྲིད་གཞུང་ཁག་གིས་མང་ཚོགས་ཀྱི་སེམས་གཏིང་གི་སྐད་ཆར་མཐོང་ཆེན་དུ་བརྩི་དགོས་ལ། མི་དམངས་མང་ཚོགས་ཀྱིས་སོ་སོའི་ཕ་སྐད་ལ་བཅངས་པའི་བརྩེ་དུང་ལ་མཐོང་ཆེན་བྱས་ཏེ། སྤྱི་ཚོགས་ཀྱི་འགལ་ཟླ་མི་ལྷག་པ་དང༌། མི་རིགས་མཐུན་སྒྲིལ་དང་འཆམ་མཐུན་གྱི་སྤྱི་ཚོགས་སྐྲུན་པར་སྐུལ་འདེད་གཏོང་ཐུབ་པ། ས་གནས་དེ་གའི་སྤྱི་ཚོགས་དང་དཔལ་འབྱོར་བརྟན་པོའི་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་ཐུབ་པ་གནང་དགོས།

གཞུང་གི་ལས་བྱེད་ཚོས། དབུས་གཞུང་དང་མང་ཚོགས་བར་ཕན་ཚུན་གུས་བརྩིའི་ཟམ་པ་ལྟ་བུའི་འབྲེལ་བ་སྐྲུན་དགོས་ཤིང༌། མང་ཚོགས་ལ་སོ་སོ་རང་ཁྱིམ་རང་བདག་ཡིན་པའི་ཚོར་བ་དང༌། མེས་རྒྱལ་ཁྱིམ་ཚང་ཆེན་པོའི་ནང་ཁོག་ཡངས་བསྟུན་གཤིབས་ཀྱི་ཚོར་བ་དངོས་སུ་མྱངས་ནས་ཡི་མི་རང་བའི་བསམ་ཚུལ་མེད་པར་གྱུར་ཏེ། མི་རིགས་མཐུན་སྒྲིལ་ལ་ཕན་པ་དང༌། འཆམ་མཐུན་གཅིག་གྱུར་གྱི་ཆབ་སྲིད་ཁོར་ཡུག་ཅིག་དང༌། མི་དམངས་ཞི་བདེའི་དཔལ་ལ་རོལ་བའི་མཛེས་སྡུག་ལྡན་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་འོག བོད་ཁུལ་གྱི་དཔལ་འབྱོར་འཛུགས་སྐྲུན་གོང་སྤེལ་དང་སྐུལ་འདེད་གཏོང་བར་ལེགས་སྐྱེས་འབུལ་ཐུབ་དགོས།

བཅུ་གཅིག རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་ནས་གནད་དོན་འདིའི་ཆེད། ཆེད་དོན་མཁས་དབང་ལས་གྲུབ་པའི་བརྟག་དཔྱད་ཞིབ་འཇུག་ཚོགས་ཆུང་ཞིག་གཞི་རིམ་མང་ཚོགས་ཁྲོད་ཆེད་དུ་བཏང་ནས། མང་ཚོགས་ཀྱི་སེམས་གཏིང་གི་སྐད་ཆར་ཉན་ཞིབ་དང་དངོས་ཡོད་གནས་སྟངས་ལ་ཉམས་ཞིབ་གནང་བའི་རེ་བ་ཡོད།

བཅུ་གཉིས། སྲིད་བྱུས་དང་གཏན་འབེབས་གང་ཡིན་རུང་དོན་འཁྱོལ་ཐུབ་པ་དགོས་པ་ལས་ཤོག་སྟོང་ལྟ་བུ་ཞིག་ཆགས་རྒྱུ་མེད། དེ་ནི་གནད་འགག་ནང་གི་གནད་འགག་ཅིག་ཡིན།

མདོར་ན། རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་རང་སྐྱོང་བཅའ་ཁྲིམས། འོས་འགན་སློབ་གསོའི་ཁྲིམས་ལུགས་བཅས་སུ་གསལ་བ་རྣམས་བརྩི་སྲུང་དང་ལག་ལེན་མཐིལ་ཕྱིན་བསྟར་དགོས་པ་སྟེ། དཔེར་ན། མི་རིགས་ས་ཁོངས་རང་སྐྱོང་གི་རང་སྐྱོང་སྲིད་གཞུང་གིས་མི་རིགས་ས་ཁུལ་དེའི་སྐད་ཡིག་བེད་སྤྱོད་དང༌། འཕེལ་རྒྱས་སུ་གཏོང་བའི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་དགོས་པ་ལྟ་བུ་ཡིན། བོད་ལྗོངས་སུ་བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་བྱེད་ཐུབ་ན། གཅིག་ནས་རྒྱལ་ཁབ་ཀྱིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་བརྩི་མཐོང་དང༌། སྲུང་སྐྱོབ། གོང་སྤེལ་བཏང་བ་མཚོན་གྱི་ཡོད་ལ། གཉིས་ནས་ཏང་དང་མང་ཚོགས་བར་གྱི་འབྲེལ་ལམ་ཡང་དམ་ཟབ་ཏུ་འགྱུར་ངེས་རེད། དེ་ལྟར་བྱུང་ན། ནང་ཁུལ་དུ་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་ཐོབ་ཐང་ལ་སྲུང་སྐྱོབ་ཐོབ་ཐུབ་པ་དང༌། ཕྱི་ཕྱོགས་ལ་མཚོན་ན། རྒྱལ་ཁབ་ཀྱི་ཚད་མཐོའི་ཁེ་ཕན་སྲུང་སྐྱོབ་ཀྱི་ཐད་རྒྱལ་སྤྱིའི་དགྲ་འཛིན་སྟོབས་ཤུགས་ཀྱིས་ཀྲུང་གོར་སྐྱོན་འདོགས་བྱེད་ས་མེད་པ་ཞིག་ཆགས་ངེས་རེད།། །།

༠༧།༠༧།༠༧

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།