ཏཱ་ལའི་སྒེར་གྱི་སྐུ་ཚབ་ཀྱི་གསང་བ་བརྟོལ་བ།
འདི་ག་གསར་ཁང་ནས་འབོད་སྐུལ་ཞུས་པ་བཞིན་ཟུང་དྲུང་ཀུན་དགའ་བཀྲིས་ཀྱིས་རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར།
རྩོམ་པ་པོ། རྒུའུ་ཀྲིང་(Gu Zheng)
འདོན་སྤེལ་དུས་ཚོད། ཕྱི་ལོ་༢༠༠༨ ཟླ་༡༡ ཚེས་༢༧
གནས་ཚུལ་ཡོང་ཁུངས། (Guo Ji Xian Qu Dao Bao(Internationl Herald Leader)
སྒྱུར་མཁན་གྱི་མཆན། འགོ་བརྗོད་དུ་ཏཱ་ལའི་སྒེར་གྱི་སྐུ་ཚབ་ཀྱི་གསང་བ་བརྟོལ་བ་ཞེས་འཁོད་པའི་གནས་ཚུལ་དེ་རྒྱ་ཡིག་གི་དྲྭ་རྒྱ་འདིའི་http://info.tibet.cn/zt2008/08jcst/djcst/tpbd/200811/t20081127_440400.htm སྟེང་བཀོད་འདུག དྲྭ་རྒྱ་འདི་ནི་རྒྱ་ནག་གཞུང་གིས་ཉེ་དུས་གསར་དུ་བཟོས་པའི་བོད་རྒྱའི་འབྲེལ་ལམ་སྐོར་གྱི་དྲྭ་རྒྱ་ཡིན། Guo Ji Xian Qu Dao Bao(Internationl Herald Leader)ཟེར་བ་འདི་ནི་པེ་ཅིང་དུ་ཡོད་པའི་རྒྱ་ཡིག་གི་དྲྭ་རྒྱ་ཞིག་ཡིན་པ་དང༌། མིང་མི་འདྲ་བ་མ་ཏོགས་དོན་དུ་རྣམ་པ་འགྱུར་བའི་ཤིན་ཧྭ་དྲ་རྒྱ་ཡིན།
འདི་ལོའི་ཕྱི་ཟླ་༥ པར་རྡ་རམ་ས་ལར་ཚོགས་པའི་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་རྒྱ་རི་བློ་གྲོས་དང༌། སྐལ་བཟང་རྒྱལ་མཚན་གྱིས་ཀྲུང་དབྱང་དང་མཉམ་དུ་ཐུག་འཕྲད་འབྲེལ་མོལ་བྱས་པའི་གནས་ཚུལ་ངོ་སྤྲོད་བྱས་ཡོད། ཁོང་ཚོ་ནི་ཏཱ་ལས་གསོ་སྐྱོང་བྱས་པའི་ནུབ་ཕྱོགས་ཀྱི་གནས་ཚུལ་ཤེས་མཁན་གྱི་ལོ་ན་གཞོན་པའི་གྲས་རེད། ཁོང་ཚོ་ནི་ཨ་རི་དང༌། ཡོ་རོབ་ཁུལ་གྱི་ཏཱ་ལའི་ཡི་མཛད་འཆར་གོ་སྒྲིག་བྱེད་མཁན་གཙོ་བོའི་གྲས་ཡིན་ཞིང༌། ཁོང་ཚོ་ནི་ཏཱ་ལའི་ཡི་བསམ་བློ་གསལ་པོར་ཤེས་མཁན་དང༌། ཏཱ་ལའི་ཡི་བསམ་བློ་བསྒྲགས་མཁན་གྱི་དུང་ཆེན་རང་རེད།
ཕྱི་ལོ་༢༠༠༢ ནས་ད་བར་རྒྱ་རི་བློ་གྲོས་དང༌། སྐལ་བཟང་རྒྱལ་མཚན་གྱིས་རྒྱ་ནག་དང་རྒྱ་གར་དབར་ཐེངས་མང་ཕར་འགྲོ་ཚུར་འོངས་ཀྱིས་ཏཱ་ལའི་ཡི་ཚབ་བྱས་ནས་ཀྲུང་དབྱང་དང་མཉམ་དུ་ཐུག་འཕྲད་འབྲེལ་མོལ་བྱས་ཡོད་པ་རེད། ད་བར་འབྲེལ་མོལ་ཐེངས་དགུ་ཙམ་བྱུང་ཡང་མི་མང་ཆེ་བའི་ངོས་ནས་བཤད་ན། རྒྱ་རི་བློ་གྲོས་དང༌། སྐལ་བཟང་རྒྱལ་མཚན་ཞེས་པའི་མིང་དེ་གཉིས་ད་དུང་ངོ་ཡག་པོ་ཞིག་ཤེས་ཀྱི་མེད།
ཏཱ་ལའི་ཡིས་ལས་འགན་ཆེན་པོ་འདི་ཁོང་ཚོར་སྤྲད་དགོས་དོན་གང་ཡིན་ནམ། ཀྲུང་དབྱང་དང་ཐེངས་དང་པོ་ཐུག་འཕྲད་འབྲེལ་མོལ་བྱུང་ནས་ད་བར་ལོ་༦ ཕྱིན་ཚར་བ་རེད། ཏཱ་ལའི་ཡི་སྒེར་གྱི་སྐུ་ཚབ་མི་སྣ་གཏན་ནས་བརྗེད་པོ་བརྒྱབ་མེད་པ་དེས་ཏཱ་ལའི་ཡིས་ཁོང་གཉིས་ལ་ཡིད་ཆེས་ཇི་ཙམ་བྱེད་པ་གསལ་པོ་བསྟན་གྱི་ཡོད།
རྒྱ་རི་བློ་གྲོས་ནི་འདི་ལོ་ལོ་༥༩ ཡིན་པ་དང༌། དེའི་གོང་ཚང་མས་ཤེས་པའི་ཁོང་གི་གོ་གནས་ནི་ཨ་རིར་སྡོད་མཁན་ཏཱ་ལའི་ཡི་ཚབ་བྱེད་མི་སྣ་རེད། གོ་མིང་དེའི་ལས་འགན་ནི་ཏཱ་ལའི་ཨ་རིར་བསྐྱོད་སྐབས་ཀྱི་མཛད་འཆར་གོ་སྒྲིག་བྱ་རྒྱུ་གཅིག་པུ་མ་རེད། ༢༠༠༧ ཟླ་༡༠ ཚེས་༡༨ ཉིན་ཏཱ་ལའི་ལ་ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་གཟེངས་རྟགས་ཐོབ་སྟེ་སྲིད་འཛིན་སྦུ་ཤི་དང་མཉམ་དུ་ཐུག་རྒྱུ་བྱུང་ནས་རྨི་ལམ་དུའང་ཐོབ་རེ་བྱེད་པའི་རེ་བ་མངོན་འགྱུར་བྱུང་བ་རེད། ཨ་རིའི་གསར་འགྱུར་བརྒྱུད་ལམ་གྱིས་སྤེལ་བའི་གནས་ཚུལ་ལ་གཞིགས་ན། གསེར་གྱི་གཟེངས་རྟགས་ཐོབ་ཐུབ་པ་འདིར་རྒྱ་རི་བློ་གྲོས་ཀྱི་བྱས་རྗེས་ཀྱང་གང་འཚམས་ཡོད་པ་རེད། རྒྱ་རི་བློ་གྲོས་ཀྱིས་གྲོས་ཚོགས་ཀྱི་འཐུས་མི་མི་རེ་ངོ་རེའི་ཡིག་ཚང་དུ་བསྐྱོད་དེ་རེ་འབོད་བྱས་པ་ལ་བརྟེན་ནས་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཉུང་ཤས་ཤིག་གིས་འགན་ཁུར་འགོ་ཁྲིད་ཀྱིས་བཏོན་པའི་གྲོས་འགོ་དེ་མཐར་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་གསུམ་ཆ་གཉིས་ཡན་གྱི་མོས་མཐུན་བྱུང་བ་རེད།
རྒྱབ་སྐྱོར་འཚོལ་མཁན་ཅིག་ཡིན་པའི་རྒྱ་རི་བློ་གྲོས་ཀྱིས་ཨ་རིའི་གྲོས་ཚོགས་དང༌། ཕོ་བྲང་དཀར་པོའི་ནང་ཕར་འགྲོ་ཚུར་འོང་བྱས་ནས་མི་ལོ་༢༠ ཙམ་འགྲོ་གི་ཡོད། གྲོས་ཚོགས་ཁང་ཆེན་ནས་ཐག་རིང་པོ་རང་མེད་པའི་འཛམ་གླིང་དངུལ་ཁང་གི་སྤྱི་ཁྱབ་ལས་ཁུངས་ཀྱི་ཁང་ཆེན་དེ་ཡང་རྒྱ་རི་རྟག་ཏུ་འགྲོ་ས་ཞིག་རེད། ཚོང་ཁེ་མེད་ཅིང་གཞུང་འབྲེལ་མ་ཡིན་པའི་ཨ་རིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཡིན་ཟེར་གྱི་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གཙོ་འཛིན་གྱི་མིང་གནས་ཡོད་པའི་རྒྱ་རི་དང༌། བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་རི་ཆཱ་ཀྲི་གྷིར་གཉིས་ལས་ཁུངས་གཅིག་ནང་ལས་ཀ་མཉམ་དུ་བྱེད་ཀྱི་ཡོད། དེར་ཡོད་པའི་རྒྱ་སྐད་ཀྱི་བརྒྱུད་ལམ་ཞིག་གི་གསར་འགོད་པ་ཞིག་ནས་འདི་ག་གསར་ཁང་ལ་རྒྱ་རི་བློ་གྲོས་ལ་མཐོང་ཚུལ་ཇི་ཡོད་སྐོར་གླེང་སྐབས། ཁོང་ནི་ཀླད་པ་བསིར་ལ་གཟབ་ནན་ཡང་བྱེད་མཁན་ཅིག་རེད་ཅེས་བཤད་མྱོང༌། ཁོང་གིས་ཁོ་རང་གི་སྦྱིན་བདག་རྣམས་རང་འོག་ཏུ་བསྡུ་ཐུབ་ལ་ཞལ་འདེབས་ཀྱང་བསྡུ་ཐུབ་ཀྱི་ཡོད། ཏཱ་ལའི་ངོས་ནས་བཤད་ན། ཡོ་རོབ་ཏུ་འགྲོ་རྒྱུའི་གལ་ཆེའི་རང་བཞིན་དེ་ཨ་རི་ལས་སྐྱོ་གི་མ་རེད། འདི་ལོ་ལོ་༥༥ ཡིན་པའི་སྐལ་བཟང་རྒྱལ་མཚན་གྱིས་ག་དུས་ཡིན་རུང་ཏཱ་ལའི་མཉམ་དུ་འགྲོ་གི་ཡོད། འདི་ག་གསར་ཁང་གིས་ཤེས་པར་གཞིགས་ན། སྐལ་བཟང་རྒྱལ་མཚན་གྱི་དབྱིན་སྐད་དང༌། འཇར་སྐད། ཕ་སྐད་བཅས་ཡག་པོ་ཡོད། ཏཱ་ལའི་ཡི་ཕྱི་སྐད་ཀྱི་ཆུ་ཚད་སྤྱིར་བཏང་ཞིག་ཡིན་སྟབས་སྐལ་བཟང་རྒྱལ་མཚན་གྱིས་ཚིག་སྣེ་སྟོན་རྒྱུའི་འགན་ཁུར་གྱི་ཡོད་པ་དང༌། ཏཱ་ལའི་ལ་ལན་འདེབས་དཀའ་བའི་དྲི་བ་འཕྲད་སྐབས་སྐལ་བཟང་རྒྱལ་མཚན་གྱིས་ཟུར་ནས་ལམ་སེང་དྲན་སྐུལ་བྱེད་ཀྱི་ཡོད། སྐལ་བཟང་རྒྱལ་མཚན་གྱི་མི་སྤྱོད་ནི་གཟབ་ནན་བྱེད་དགོས་མཁན་ཞིག་རེད། རྒྱ་ནག་ནས་ཡིན་པའི་གསར་འགོད་པ་ཞིག་ཡིན་ན་ཕྱིར་ཤིག་བརྒྱབ་ནས་གཡོལ་ཐབས་བྱེད་ཅིང༌། གསར་འགོད་པས་ཁོང་ལ་དྲི་བ་ཞིག་འདོན་དགོས་བསམ་ཡང༌། དེ་ནི་རྩ་བའི་ཆ་ནས་ཡོང་ཐབས་མེད་པ་ཞིག་རེད།
ཡིག་ཆ་ཞིག་ལ་གསལ་བར་གཞིགས་ན། ༡༩༩༢ གོང་སྐལ་བཟང་རྒྱལ་མཚན་ཏཱ་ལའི་རུ་ཚོགས་ཀྱི་སུད་སིར་ཡོད་པའི་དོན་གཅོད་ཁང་ནང་བསྡུ་ཉར་བྱས་པ་དང༌། རྗེས་སུ་རྒྱ་གར་རྡ་རམ་ས་ལར་ཡོད་པའི་ཏཱ་ལའི་རུ་ཚོགས་ཀྱི་རྟེན་གཞི་གཙོ་བོའི་ནང་དུ་འབོད་སྐོང་བྱས་ཤིང༌། ཕྱིས་སུ་གོ་གནས་སྤར་ཏེ་༡༩༩༩ ལོར་ཡོ་རོབ་མངལ་ཁུལ་དུ་ཏཱ་ལའི་ཡི་སྐུ་ཚབ་ངོ་མར་བསྐོ་བཞག་བྱས་པ་རེད།
ཀྲུང་གོའི་མཐའ་མཚམས་ས་བབ་ལོ་རྒྱུས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གཞོན་པ་སུན་ཧོང་ཉན་(Sun Hong Nian)གྱིས་འདི་ག་གསར་ཁང་ལ༌། རྒྱ་རི་བློ་གྲོས་ནི་ཏཱ་ལའི་ཡི་ཨ་རིར་ཡོད་པའི་སྐུ་ཚབ་ཡིན་པ་དང༌། སྐལ་བཟང་རྒྱལ་མཚན་ནི་ཏཱ་ལའི་ཡི་ཡོ་རོབ་ཏུ་ཡོད་པའི་སྐུ་ཚབ་རེད། ཏཱ་ལའི་ངོས་ནས་བལྟས་ན། མི་དེ་གཉིས་ནི་འཛམ་གླིང་གི་མཐོང་རྒྱ་ཆེ་ཞིང༌། སྦྱོང་བདར་ཐེབས་པར་མཐོང་གི་ཡོད་པ་རེད། ཅེས་འགྲེལ་བརྗོད་བྱེད་ཀྱི་འདུག
ཏཱ་ལའི་ཡིས་ནུབ་ཕྱོགས་ཀྱི་རོགས་རམ་ལེན་རྒྱུ་གཏན་ནས་མཚམས་འཇོག་བྱེད་མྱོང་མེད་ཅིང༌། རོགས་རམ་དེ་དག་གི་དམིགས་ཡུལ་ལའང་མི་རྣམས་དོགས་པ་མི་བྱེད་ཀ་མེད། སུན་ཧོང་ཉན་གྱིས། ཏཱ་ལའི་ཡིས་ཨ་ཡོ་གཉིས་ནང་ཡོད་པའི་རང་གི་སྐུ་ཚབ་དེ་ཀྲུང་དབྱང་དང་ཐུག་འཕྲད་འབྲེལ་མོལ་བྱེད་མིར་བདམས་པ་དེས་དངུལ་སྤྲོད་མཁན་དེ་ཚོ་སེམས་བདེ་པོ་ཡོང་གི་ཡོད་པ་རེད། གང་ཡིན་ཟེར་ན། དངུལ་སྤྲོད་མཁན་ཨ་ཡོ་གཉིས་ཀྱི་མི་ཚོའི་བསམ་བློ་ག་རེ་ཡིན་པ་དེ་སྐུ་ཚབ་གཉིས་ཀྱིས་རྒྱུས་མངའ་ཧ་ཅང་ཡག་པོ་ཡོད་པས་རེད།
རྒྱ་རི་བློ་གྲོས་དང༌། སྐལ་བཟང་རྒྱལ་མཚན་གཉིས་ཁག་སོ་སོར་༡༩༤༩ དང༌། ༡༩༥༣ ལོར་སྐྱེས་ཤིང༌། སྐྱེས་ཡུལ་བོད་དུ་ཡིན་པ་དང༌། གལ་སྲིད་༡༩༥༩ ལོར་ཕྱི་རྒྱལ་དུ་བཙན་བྱོལ་དུ་སླེབས་མེད་ཚེ། གཅིག་བྱས་ན་ཁོང་གཉིས་ཀྱི་མི་ཚེ་དེ་རྦད་དེ་གཞན་དག་ཅིག་ཡིན་གྱི་རེད།
ཁོང་གཉིས་དང་ཁོང་གཉིས་ཀྱི་མི་རབས་སྔོན་མ་བསྡུར་ན། ཁོང་གཉིས་ལ་ནུབ་ཕྱོགས་པའི་རིག་གཞུང་སློབ་གསོ་མང་བ་ཐོབ་ཡོད། སྐལ་བཟང་རྒྱལ་མཚན་རང་ལོ་བཅུའི་སྐབས་སུད་སིར་སློབ་སྦྱོང་དུ་བཏང་བ་དང༌། ཀླད་པའི་ནང་བོད་རང་བཙན་གྱི་ལྟ་བ་བླུག་པ་དང་དུས་མཚུངས་ཁོང་ཚོའི་གྲས་ཀྱིས་གང་འདྲ་བྱས་ནས་ནུབ་ཕྱོགས་པའི་གདུང་སེམས་རྒྱབ་སྐྱོར་ཐོབ་པ་བྱེད་རྒྱུའི་ཐད་མི་རབས་སྔོན་མ་ལས་མཁས་པ་ཡོད་པ་རེད། བཙན་བྱོལ་བོད་མིའི་ཁྲོད་ཀྱི་དབྱིན་ཡིག་གི་དུས་དེབ་དང་པོ་དེ་རྒྱ་རི་བློ་གྲོས་ལོ་གཞོན་གཞོན་ཡིན་པའི་སྐབས་སུ་གསར་གཏོད་བྱས་པ་དང༌། དེའི་དམིགས་ཡུལ་ནི་བཙན་བྱོལ་བའི་འཐབ་རྩོད་དེ་འཛམ་གླིང་གིས་མཐོང་བ་བཟོ་རྒྱུ་དེ་རེད།
དུས་རབས་སྔོན་མའི་ལོ་རབས་༧༠ སྐབས་ནི་ཏཱ་ལའི་ཕྱི་རྒྱལ་དུ་བཙན་བྱོལ་ལ་ཕྱིན་ནས་ལོ་བཅུ་གྲངས་ཁ་ཤས་འགྲོ་གི་ཡོད་པའི་དུས་ཚོད་ཡིན་པ་དང༌། བཙན་བྱོལ་བའི་ཁྲོད་ཀྱི་ལོ་ཆུང་ཁ་ཤས་ལ་ཉོབ་སྣང་སླེབས་འགོ་ཚུགས་ནས་བོད་རང་བཙན་ཡོང་རྒྱུར་རེ་བ་མི་འདུག་སྙམ་ཡིད་ཐང་ཆད་པའི་དུས་ཚོད་རེད། ཏཱ་ལའི་ཡིས་ཐད་ཀར་བཀོད་པ་བཏང་བའི་འོག་གཞོན་ནུ་ཚོགས་པ་བཙུགས་པ་དང༌། དམིགས་ཡུལ་ནི་བོད་རང་བཙན་རྩོད་མཁན་ཤུལ་འཛིན་པ་གསོ་སྐྱོང་བྱེད་རྒྱུ་དེ་རེད། དེས་སྐབས་དེའི་རྒྱ་རི་ལྟ་བུའི་སྙིང་རུས་ཆེ་བའི་གཞོན་ནུ་རྣམས་ལ་ནུས་རྩལ་འཇོན་ཐང་སྟོན་པའི་གོ་སྐབས་ཤིག་སྤྲད་པ་རེད། ༡༩༧༠ ལོར་རང་ལོ་ཉེར་གཅིག་ལས་མ་ཟིན་པའི་རྒྱ་རིས་བློ་གྲོས་ནི་གཞོན་ནུ་ཚོགས་པ་ཐོག་མར་བཙུགས་མཁན་གྱི་གྲས་ཤིག་ཡིན་ཞིང༌། ལོ་ལྔའི་རྗེས་རྒྱ་རིས་གཞོན་ནུ་ཚོགས་པའི་ཚོགས་གཙོ་བྱས་པ་རེད།
སུན་ཧོང་ཉན་གྱིས། ཏཱ་ལའི་ཡི་ངོས་ནས་བལྟས་ན། རང་ཉིད་ཀྱིས་གསོ་སྐྱོང་བྱས་པའི་མི་དེ་ཚོ་ཏཱ་ལའི་རང་ཉིད་ཀྱི་བསམ་བློ་ཧ་ཅང་གསལ་རྟོགས་ཡོད་མཁན་དུ་མཐོང་གི་ཡོད་ཅིང༌། མི་དེ་རིགས་ཀྱིས་ཐུག་འཕྲད་འབྲེལ་མོལ་བྱས་ཚེ་ཀྲུང་དབྱང་ལ་མགོ་སྒུར་གུ་བཤངས་བྱེད་ཀྱི་མ་རེད་བསམ་གྱི་ཡོད་པ་རེད། ཅེས་འགྲེལ་བརྗོད་བྱེད་ཀྱི་འདུག
འདི་ལོའི་ཕྱི་ཟླ་༡༡ ཚེས་༡༠ ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་བསྐོང་ཚོགས་བྱས་པའི་གསར་འགོད་ལྷན་ཚོགས་ཐོག་ཉེ་ལམ་གྱི་ཐུག་འཕྲད་འབྲེལ་མོལ་སྐོར་གྱི་གནས་ཚུལ་ཕྱི་བསྒྲགས་བྱས་པ་འདིས་གོང་གི་གནས་ཚུལ་རྣམས་ར་སྤྲོད་བྱས་ཡོད་པ་རེད། རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་རྒྱུན་ལས་བློན་ཆེན་གཞོན་པ་ཀྲུའུ་ཝེ་ཇུན་གྱིས་རྒྱ་རི་བློ་གྲོས་དང༌། སྐལ་བཟང་རྒྱལ་མཚན་སོགས་ལ་སྣེ་ལེན་ཐེངས་མང་བྱས་ཤིང༌། ཁོང་གིས་ཚོར་སྣང་ཟབ་མོ་སྐྱེ་པའི་སྒོ་ནས་གསུང་དོན་ལ། ཐུག་འཕྲད་འབྲེལ་མོལ་འགོ་ཚུགས་ནས་ད་བར་ལ་བལྟས་ཚེ། རྒྱ་རི་བློ་གྲོས་དང༌། སྐལ་བཟང་རྒྱལ་མཚན་གྱིས་ཐེངས་ཚང་མའི་སྐབས་བཏོན་པའི་གནད་དོན་རྣམས་གཅིག་པ་གཅིག་རྐྱང་རེད་འདུག་ཅེས་དང༌། ཐུག་འཕྲད་འབྲེལ་མོལ་ཐེངས་ཚང་མའི་ནང་ཏཱ་ལའི་ཡིས་ཕྱི་ཐུམ་མཛེས་ཤིང་དོན་དུ་བོད་རང་བཙན་གྱི་དངོས་པོ་ཞིག་རྒྱ་རི་བློ་གྲོས་དང༌། སྐལ་བཟང་རྒྱལ་མཚན་བརྒྱུད་ཀྲུང་དབྱང་ལ་བསྐུར་གྱི་ཡོད་ཅིང༌། སྒེར་གྱི་སྐུ་ཚབ་གཉིས་ནི་དངོས་གནས་ཏཱ་ལའི་ཕྱོགས་ཀྱི་དུང་ཆེན་རང་རེད། གལ་ཆེའི་གནད་དོན་འགའ་འཕྲད་སྐབས་ཙུང་པུ་སྒྱུར་མཁན་གྱི་མཆནཿ དེ་ནི་རྒྱ་སྐད་ཡིན་ཞིང༌། སྐབས་འདིར་རྡ་རམ་ས་ལར་གོ་གི་ཡོད།ལ་དགོངས་སྐོར་ཞུ་གི་ཡིན་ཟེར་གྱི་ཡོད་པ་རེད།
ཀྲུང་དབྱང་གི་ལངས་ཕྱོགས་གཞིར་བཟུང་བྱས་ན། ཐུག་འཕྲད་འབྲེལ་མོལ་བྱེད་ཡུལ་ནི་ཏཱ་ལའི་སྒེར་གྱི་སྐུ་ཚབ་ཡིན་པ་དང༌། འབྲེལ་མོལ་གྱི་ནང་དོན་ནི་ཏཱ་ལའི་བླ་མ་དང༌། ཉེ་འཁོར་མི་རྣམས་ཀྱིས་གང་འདྲ་བྱས་ནས་ཁ་བྲལ་གྱི་ལངས་ཕྱོགས་དོར་རྒྱུ་དང༌། གང་འདྲ་བྱས་ནས་རང་ཉིད་སྒེར་གྱི་ཆབ་སྲིད་ཀྱི་མདུན་ལམ་ཐོག་བསམ་ཞིགས་བྱེད་པའི་གནད་དོན་ཁོ་ན་རེད། རྒྱ་རི་བློ་གྲོས་ཁོང་ཚོ་ཏཱ་ལའི་སྒེར་གྱི་སྐུ་ཚབ་ཡིན་ཀྱང༌། སྐབས་རེ་སྐད་ཆ་ཤོད་སྟངས་ལ་གཞིགས་ན་ཀྲུང་དབྱང་གིས་གཏན་ནས་ངོས་ལེན་མེད་པའི་བཙན་བྱོལ་བོད་གཞུང་གི་སྐུ་ཚབ་ཡིན་པ་འདྲ་པོ་འདུག དཔེར་ན། འབྲེལ་མོལ་ཐེངས་༩ པའི་སྐབས་རྒྱ་རིས་ཀྲུང་དབྱང་ལ་དྲན་ཐོ་ཞིག་ཕུལ་ཡོད། དྲན་ཐོའི་ནང་བཙན་བྱོལ་བོད་གཞུང་ནི་བོད་རྒྱ་ཆེའི་མི་དམངས་ཀྱི་ཁེ་ཕན་མཚོན་མཁན་དང༌། བོད་མིའི་ངོ་ཚབ་ཡིན། ཅེས་པའི་སྐད་ཆ་དེ་ཚོ་ཡང་དྲན་ཐོའི་ནང་བྲིས་ཡོད་པ་རེད།
ཕྱི་ཟླ་༡༡ ཚེས་༥ ཉིན་ཀྲུང་དབྱང་དང་མཉམ་དུ་འབྲེལ་མོལ་ཐེངས་དགུ་པ་ཚར་རྗེས་རྒྱ་རི་བློ་གྲོས་དང༌། སྐལ་བཟང་རྒྱལ་མཚན་གཉིས་ལམ་སེང་རྒྱ་གར་དུ་ཕྱིན་པ་རེད། མི་ཚོས་ཁོང་གཉིས་ཀྱིས་འབྲེལ་མོལ་གྱི་གནས་ཚུལ་རྣམས་ཏཱ་ལའི་ལ་སྙན་སེང་ཞུ་གི་རེད་བསམ་གྱི་ཡོད་པ་རེད། འོན་ཀྱང་ཕྱི་ཚེས་༦ ཉིན་རྒྱ་གར་དུ་འབྱོར་རྗེས་སྔོན་ལ་སྐུ་ཚབ་གཉིས་ནས་ཐུག་ཡས་ཀྱི་མི་དེ་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་ཟམ་གདོང་རེད། དེའི་ཐོག་ནས་ཁོང་གཉིས་ཀྱིས་ཡང་སྙིང་སུའི་སྐུ་ཚབ་བྱེད་ཀྱི་ཡོད་དམ་སྙམ་པའི་དྲི་བ་དེར་ཐེ་ཚོམ་དང་དོགས་པ་ཆེ་རུ་ཕྱིན་པ་རེད།
དོན་དངོས་ཐོག་རྒྱ་རི་བློ་གྲོས་དང༌། སྐལ་བཟང་རྒྱལ་མཚན་གཉིས་བཙན་བྱོལ་བོད་གཞུང་དང་འབྲེལ་བ་ཧ་ཅང་དམ་པོ་ཡོད་པ་དང༌། ཁོང་གཉིས་ཀས་དེ་སྔ་ཁྲིམས་འགལ་གྱི་སྒྲིག་འཛུགས་དེའི་ནང་གལ་ཆེའི་ལས་འགན་བླངས་མྱོང་ཡོད་སྟབས་ཏཱ་ལའི་རུ་ཚོགས་ནང་གི་རྐང་འཛིན་མི་སྣར་གྱུར་ཡོད་པ་རེད།
འོན་ཀྱང་བཙན་བྱོལ་བོད་གཞུང་གི་གཙོ་བོའི་མི་སྣ་དེ་སྔར་བཞིན་ཏཱ་ལའི་བླ་མ་རེད། དེར་བརྟེན་གནད་དོན་དབྱེ་ཞིབ་པ་ཁ་ཤས་ཀྱིས་སྣང་ཚུལ་དེ་ལ་གླིང་བུ་ལྕེ་གཉིས་མའམ་ཡང་ན་གཅིག་བཤད་གཅིག་འཁྲབ་ཀྱི་ལྟད་མོ་ཟེར་གྱི་ཡོད་པ་རེད།