ཕྱག་འཕྱི་ས་ཙམ་གྱི་ཆེད་དུ་ཡིན་ནམ།

ཞི་བདེའི་གཟེངས་རྟགས་དུས་ཆེན་ཉིན་བཀའ་ཤག་གི་གསུང་བཤད་ལ་གཞིགས་ན་ཉེ་ཆར་འཚོགས་ཟིན་པའི་དམིགས་བསལ་ཚོགས་ཆེན་དེ་ཉིད་ཕྱག་འཕྱི་ས་ཙམ་གྱི་ཆེད་དུ་མིན་འགྲོ་བསམ་པའི་ཚོར་སྣང་ཞིག་རང་བཞིན་སླེབས་སོང་བ་དང༌། ཁག་ཅིག་དངོས་ཡོད་གནས་ཚུལ་དང་ཡང་མི་མཐུན་པ་ཆགས་འདུག གསུང་བཤད་ནང་¿འབྲེལ་མོལ་གྱི་ལས་རིམ་ལ་སྐྱོན་བརྗོད་ཀྱང་ཕྱོགས་གང་ས་ནས་ཡོང་བཞིན་པར་བརྟེན། མང་ཚོགས་ཀྱི་བཀའ་ལུང་བསྐྱར་དུ་བླང་དགོས་ཀྱི་དུས་མཚམས་སུ་སླེབས་པར་གཟིགས་ནས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ང་དགུ་པའི་ཆ་རྐྱེན་འོག་དམིགས་བསལ་ཚོགས་ཆེན་ཐེངས་དང་པོ་བསྡུ་བསྐོང་མཛད་པ་དང༌། ཚོགས་ཆེན་དེའི་ནང་བཙན་བྱོལ་བོད་མིའི་གནས་ཡུལ་ཡོངས་ནས་སྐུ་ཚབ་འཐུས་མི་༥༦༠ ལ་ཉེ་བ་ཆེད་ཕེབས་ཀྱིས་ཉིན་གྲངས་དྲུག་རིང་བགྲོ་གླེང་སྦྱང་བཤད་མཐིལ་ཕྱིན་གནང་རྗེས་ཚོགས་ཆུང་བཅོ་ལྔ་ནས་བརྒྱད་ཀྱིས་མང་མོས་དང༌།

གསུམ་གྱིས་སྤྱི་མོས་ཐོག་དབུ་མའི་ལམ་ལ་རྒྱབ་སྐྱོར་དང༌། ཚོགས་ཆུང་བཞིས་སྤྱི་མོས་མང་མོས་གསལ་ཁ་མེད་ནའང་དབུ་མའི་ལམ་ལ་རྒྱབ་གཉེར་ཡོད¿ཅེས་གསུངས་ཡོད་པ་རེད། དེ་ལྟར་ན་དང་པོ་ནས་འབྲེལ་མོལ་ལམ་ལྷོང་ཡོང་གི་མེད་པར་ཕྱོགས་མང་པོ་ནས་སྐྱོན་བརྗོད་ཡོང་གི་ཡོད་ཀྱང༌། ལམ་ཕྱོགས་དེ་མི་མང་གི་མངོན་འདོད་ཡིན་པ་སྟོན་ཆེད་ཙམ་དུ་དམིགས་བསལ་ཚོགས་ཆེན་ཞིག་བསྡུ་བསྐོང་གནང་བ་དང༌། གཞི་རྩའི་གྲུབ་ཆའི་ཐོག་ནས་ཀྱང་དམིགས་ཡུལ་དེ་འགྲུབ་ཆེད་ཙམ་དུ་མིན་ནམ་བསམ་པའི་དོགས་པ་ཞིག་ཀྱང་རང་བཞིན་གྱིས་ཡོང་གི་འདུག ཚོགས་ཞུགས་པ་མི་གྲངས་༥༦༠ ཡོད་ཁོངས་ནས། བརྒྱ་ཆ་༧༥ མ་ཟིན་ཙམ་གཞུང་འབྲེལ་གྱི་མི་སྣ་འབའ་ཞིག་ཡིན་པ་དང༌། བོད་ཀྱི་རྩ་དོན་ཐག་གཅོད་བྱེད་ཕྱོགས་སྐོར་ལ་མི་མང་གི་བསམ་ཚུལ་བསྡུ་རུབ་གནང་འདོད་ཡོད་ན། དུས་ཚོད་འོས་འཚམས་ཤིག་ལ་མ་གོ་མ་ཐོས་མེད་པའི་ཁྱབ་བསྒྲགས་དང་འབྲེལ་མི་མང་གི་བསམ་ཚུལ་ཚད་ལྡན་ཞིག་བསྡུ་རུབ་གནང་དགོས་ཀྱང་གནང་མེད་པ་དང༌། ཚོགས་ཆེན་དེ་འཚོག་རྒྱུའི་གྲ་སྒྲིག་བྱེད་བཞིན་པའི་སྐབས་སུའང་མདའ་མོ་འདི་ནས་བརྒྱབ་ན་མདེའུ་འདི་ནས་དོན་ས་རེད་བསམ་པའི་འཆར་གཞི་ཞིག་འཐེན། རྗེས་སུ་ཚོགས་ཆེན་གྲུབ་པའི་རྗེས་སུ་གོང་གསལ་བཞིན་ཚོགས་ཆེན་གྱི་གྲུབ་འབྲས་ལ་གཞིགས་ནས་¿ད་ཆ་བཙན་བྱོལ་གཞུང་གིས་གདེང་ཚོད་ཆེན་པོས་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་འཁྱོང་དམ་འཛིན་ཐུབ་རྒྱུ་མ་ཟད། རྒྱལ་སྤྱིའི་ནང་སྒྲུབ་ཕྱོགས་ཀྱི་ལས་འགུལ་ཤུགས་ཆེ་རུ་གཏོང་རྒྱུ¿ཞེས་གསུངས་འདུག ད་ལྟ་འགྲོ་བཞིན་པའི་སྲིད་བྱུས་འདི་ལ་གདེང་ཚོད་ཡོད་ན་འགྲིག་པ་ཞིག་རེད་དེ། དོན་དངོས་གདེང་ཚོད་ག་ཚོད་ཡོད་མེད་རྒྱ་གཞུང་གི་བྱེད་ཕྱོགས་ལ་རག་ལས་ཡོད་པས་ཧ་ཅང་གསལ་པོ་རེད།
    བོད་ནང་ནས་ལོ་འདིར་བོད་རང་བཙན་གྱི་སྐད་འབོད་བརྒྱབ་ནས་རང་སྲོག་བློས་གཏོང་ཧ་ཅང་མང་པོ་བྱུང་ཡོད་པ་མ་ཟད། བསམ་ཚུལ་བསྡུ་བའི་སྐབས་ཐད་ཀར་རང་བཙན་དགོས་པའི་བསམ་ཚུལ་འདོན་མཁན་༥༢༠༩ བྱུང་ཡོད་པ་དང༌། ཐད་ཀར་ལམ་དབུ་མར་བསྐྱོད་དགོས་པའི་བསམ་ཚུལ་འདོན་མཁན་༢༩༥༠ ལས་མེད། འདི་དག་བཙན་གནོན་འོག་ནས་བསྡུ་རུབ་བྱས་པའི་བསམ་ཚུལ་དངོས་གནས་ཤིག་ཡིན་ན་རྩིས་མེད་རྡོག་རོལ་དུ་གཏོང་ཐུབ་པ་ཞིག་གཏན་ནས་མིན་པ་དང༌། ལྷག་པར་དམིགས་བསལ་ཚོགས་ཆེན་གྱི་རྒྱབ་གཉེར་རམ་ཐག་གཅོད་ཀྱི་ནང་དུ། ¿རྒྱ་གཞུང་གི་བྱེད་བབ་ལ་གཞིགས་ཏེ། ད་ཡོད་འབྲེལ་མོལ་སྐུ་ཚབ་གཏོང་རྒྱུ་མཚམས་འཇོག་བྱ་རྒྱུ་དང༌། དུས་ཐུང་ནང་གྲུབ་འབྲས་མ་སོན་ཚེ་རང་བཙན་དང་རང་ཐག་གཅོད་རྩོད་ལེན་གྱི་སྲིད་བྱུས་འཛིན་དགོས་པའི་བསམ་འཆར་ཡང་ཤུགས་ཆེ་བྱུང༌།¿ཞེས་གསལ་པོ་འཁོད་ཡོད་ཀྱང་བཀའ་ཤག་གིས་དེའི་སྐོར་ལ་ཚིག་ཟུར་ཙམ་ཡང་དྲངས་མེད་པ་འདི་རྒྱུ་མཚན་དང༌། དོན་དངོས་དང་མཐུན་ཡོད་མེད་ཀྱང་གསལ་པོ་རེད། བོད་གཞུང་གི་ད་ཡོད་ཀྱི་སྲིད་བྱུས་བརྟན་སྲུང་ཙམ་གྱི་ཆེད་དུ་ཚོགས་ཆེན་འདི་མ་འཚོགས་ཀྱང་སྲིད་བྱུས་ལས་སླ་པོ་འགྱུར་བ་གཏོང་ཐུབ་ཐབས་མེད་ལ། ྋགོང་ས་མཆོག་ཞལ་བཞུགས་པའི་སྐབས་ྋགོང་ས་མཆོག་གི་བཀའ་སློབ་ལམ་སྟོན་ཞིག་ཕེབས་ན་མ་གཏོགས། སྲིད་བྱུས་དེ་བརྟན་པོ་གནས་རྒྱུ་ཡིན་པ་དངོས་ཡོད་གནས་ཚུལ་རེད། དེའི་རྗེས་སུ་ྋགོང་ས་མཆོག་གིས་ག་རེ་གསུངས་པ་དེ་རང་ལ་ཤར་བསྐྱོད་གནང་རྒྱུའི་འདོད་ཚུལ་འཛིན་མཁན་དག་ལམ་ཁ་གང་ཞིག་ཏུ་བསྐྱོད་རྒྱུ་དང༌། མི་རབས་གསར་པ་སླེབས་རིམ་བཞིན་སྲིད་བྱུས་འགྱུར་བ་འགྲོ་མི་སྲིད་ཅེས་བཤད་དཀའ་ཡང༌། ད་ལྟའི་ཆར་སྲིད་བྱུས་འདི་ཉིད་འགྱུར་བ་གཏོང་ཐུབ་ཐབས་མེད་པ་དངོས་ཡོད་གནས་ཚུལ་རེད།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།