ནང་པའི་ཆོས་ཀྱི་སྒོ་སྐྱབས་འགྲོའི་སྐོར།

བོད་ཀྱི་དཔེ་མཛོད་ཁང་གི་དགེ་བཤེས་བསོད་ནམས་རིན་ཆེན་ལགས་ལ་འདི་ག་གསར་ཁང་གིས་བཅར་འདྲི་ཞུས།
དྲི་བ། སྐྱབས་འགྲོ་མ་ཤེས་པར་ནང་པ་ཡིན་ཞེས་ལབ་ན་འགྲིག་གི་ཡོད་པ་རེད་དམ།
ལན། སྤྱིར་བཏང་ནང་པའི་ཆོས་ཀྱི་སྒོ་དེ་སྐྱབས་འགྲོ་རེད། ང་རང་ཚོའི་རྒྱུད་ལ་སྐྱབས་འགྲོ་ཡག་པོ་ཡོད་ན་ནང་པའི་གྲལ་དུ་ཚུད་ཀྱི་རེད། སྐྱབས་འགྲོ་ཡག་པོ་མེད་ན་ནང་པའི་གྲས་སུ་ཚུད་ཀྱི་ཡོད་མ་རེད། སྐྱབས་འགྲོ་ཡག་པོ་ཤེས་ཀྱི་མེད་ཀྱང་ནང་པ་ཡིན་བསམ་སྡོད་མཁན་ཡོད་པ་རེད། ཡིན་ན་ཡང༌། ནང་པའི་གྲས་སུ་ཚུད་མི་ཚུད་དེ་སྐྱབས་འགྲོ་རྒྱུད་ལ་ལྡན་མི་ལྡན་དེ་རེད། སྐྱབས་འགྲོ་ཡོད་མེད་ལ་རག་ལས་པ་ཞིག་རེད།

དྲི་བ། ང་ཚོས་བསང་དང་གསོལ་ཁ་འབུལ་བ་དང་སྐྱབས་འགྲོ་ཤེས་པ་གཉིས་ག་རེ་གལ་ཆེ་བ་ཡོད་རེད།
ལན། སྤྱིར་སྐྱབས་འགྲོ་ཤེས་པ་གལ་ཆེ་བ་ཡོད་རེད། ཡང་བསང་གསེར་སྐྱེམས་དང༌། གསོལ་ཁ་འབུལ་བ་དེ་ཚོ་སྐྱབས་འགྲོ་དང་འབྲེལ་བའི་སྒོ་ནས་བྱེད་ཆོག་གི་རེད། ཀུན་སློང་སྐྱབས་འགྲོ་དང་སེམས་བསྐྱེད་ཟིན་པའི་སྒོ་ནས་བྱས་ན་ནང་པའི་ཆོས་ཆགས་ཀྱི་རེད། ཀུན་སློང་དེ་ཡག་པོ་ཡོད་དགོས་པ་རེད། མ་གཞི་སྐྱབས་འགྲོ་ཤེས་པ་གལ་ཆེན་པོ་རེད། བསང་གསོལ་ཁ་གཏོང་བ་ལ་སོགས་པ་འདྲ་མི་འདྲ་བྱས་ན་ཆོས་ཆགས་མི་ཆགས་ཧ་གོ་ཡི་མ་རེད། གཙོ་བོ་ཀུན་སློང་ཡག་པོ་ཡོད་པ་དང༌། སྐྱབས་འགྲོ་ཡག་པོ་ཤེས་པའམ་ཡོད་པ། བསམ་པ་ཡག་པོ་ཡོད་པའི་ཐོག་ནས་བསང་གསོལ་ཁ་བྱས་ན་ནང་པའི་ཆོས་དང་འབྲེལ་བ་ཡག་པོ་ཆགས་ཀྱི་རེད།
དྲི་བ། སྐྱབས་འགྲོ་མ་ཤེས་པའམ་ཧ་མ་གོ་བའི་སྐྱོན་ཆ་གང་ཡོད་རེད།
ལན། སྐྱབས་འགྲོ་ཤེས་མི་ཤེས་དང༌། དངོས་གནས་སྐྱབས་སུ་འགྲོ་མི་འགྲོ་ཧ་གོ་བ་ལ་རྒྱུ་མཚན་བཞི་ཚང་དགོས་པ་རེད། རྒྱུ་གང་ལ་བརྟེན་ནས་སྐྱབས་སུ་འགྲོ་བ་དེ་དང༌། ཡུལ་གང་ལ་སྐྱབས་སུ་འགྲོ་བ། སྐྱབས་སུ་འགྲོ་སྟངས་ག་འདྲ་ཡིན་པ། སྐྱབས་འགྲོའི་བསླབ་བྱ་དེ་དག་ཧ་གོ་བ་ཡིན་ན་དེ་ནས་སྐྱབས་འགྲོ་ཡག་པོ་ཞེ་དྲག་ཧ་གོ་ཡི་རེད། དེ་མ་གཏོགས་ཚིག་ཙམ་གྱིས་སྐྱབས་སུ་འགྲོ་བ་དེ་སྐྱབས་འགྲོ་རྣམ་དག་ཆགས་མི་ཆགས་ཧ་གོ་ཡི་མ་རེད།
དྲི་བ། སྐྱབས་སུ་འགྲོ་སྟངས་གང་འདྲ་དགོས་པ་རེད།
ལན། སངས་རྒྱས་དེ་སྐྱབས་སྟོན་པ་པོ། བླང་དོར་གྱི་གནས་ལུགས་སྟོན་པ་པོ་རེད་ཟེར་ནས་ཡིད་ཆེས་བྱེད་ཀྱི་ཡོད་པ་རེད། ཆོས་ཟེར་བ་དེ་སྐྱབས་དངོས་དེ་རེད། ཆོས་ཟེར་བ་དེ་སངས་རྒྱས་ཀྱིས་བླང་དོར་གྱི་གནས་གང་བསྟན་པ་ནང་བཞིན་ང་རང་ཚོའི་རྒྱུད་ལ་སྦྱར་བ་དེ་ཆོས་ཀྱི་ཐོག་ནས་འགྲོ་དགོས་པ་རེད། དགེ་འདུན་ཟེར་བ་དེ་སྐྱབས་སྒྲུབ་པའི་ཟླ་གྲོགས་སམ་གྲོགས་པོ་རེད། དཔེར་ན། ང་རང་ཚོ་ནད་པ་ལྟ་བུ་ཡིན་ན། སངས་རྒྱས་སམ་སྐྱབས་སྟོན་པ་པོ་དེ་སྨན་པའི་ཚད་གཞི་དེ་རེད། ནད་དངོས་སུ་དྲག་སྐྱེད་བྱེད་མཁན་དེ་སྨན་རེད། ཆོས་དེ་སྨན་གྱི་ཚད་གཞི་ལྟ་བུ་དེ་རེད། དགེ་འདུན་ཟེར་བ་དེ་ནད་གཡོག་ལྟ་བུ་རེད། དེ་གསུམ་ལ་བརྟེན་ནས་ནད་ལས་གྲོལ་དགོས་པ་ནང་བཞིན་རྗེས་མ་ང་ཚོའི་སྡུག་བསྔལ་ཞི་བ་ལ། སྐྱབས་སྟོན་པ་པོ་དེ་ཧ་གོ་བ་དང༌། དེས་ལམ་བསྟན་པ་ནང་བཞིན་ཡག་པོ་སྒྲུབ། དེ་དགོས་པ་ལ་གྲོགས་བཟང་པོ་བསྟེན་ནས་གོང་དང་མཐུན་པ་ཞིག་འགྲོ་དགོས་ཀྱི་ཡོད་རེད།
དྲི་བ། ནང་པའི་ཆོས་ཀྱི་ནང་དུ་སྐྱབས་འགྲོ་གལ་ཆེན་པོ་ཡིན་ཞེས་གསུང་དགོས་པའི་རྒྱུ་མཚན་གང་ཞིག་ལ་ཐུག་པ་རེད།
ལན། སྐྱབས་འགྲོ་གལ་ཆེན་པོ་ཟེར་བ་དེ། ང་རང་ཚོ་སུ་ཡིན་ཡང་སྐྱིད་པོ་ཞིག་མ་གཏོགས་སྡུག་པོ་འདོད་ཀྱི་ཡོད་པ་མ་རེད། སྐྱིད་པོ་ཞིག་དགོས་ཀྱི་ཡོད་པ་རེད། སྡུག་པོ་ཞིག་དགོས་ཀྱི་ཡོད་མ་རེད། སྐྱིད་པོ་དེ་བསྒྲུབ་པ་དང་སྡུག་པོ་དེ་མེད་པ་བཟོ་བའི་དོན་དུ་བླང་དོར་ཡག་པོ་ཧ་གོ་དགོས་རེད། སྐྱིད་པའི་རྒྱུ་དེ་ག་རེ་བསྒྲུབ་དགོས་ཀྱི་འདུག སྡུག་པའི་རྒྱུའམ་སྡུག་བསྔལ་གྱི་རྒྱུ་ག་རེ་དོར་དགོས་ཀྱི་ཡོད་མེད་ཀྱི་བླང་དོར་ཧ་གོ་བ་ལ། སྐྱབས་སྟོན་པ་པོ་ཞིག་དགོས་ཀྱི་ཡོད་རེད། ང་ཚོར་སྐྱབས་སྟོན་པ་པོ་ཡིན་པའི་ཡིད་ཆེས་བྱེད་ས་ཞིག་དགོས་པ་རེད། སྐྱབས་སྟོན་པ་པོས་བསྟན་ཀྱང་སོ་སོ་དེའི་ཐོག་ཏུ་མ་ཕྱིན་པ་ཡིན་ན་ཕན་ཐོགས་ཀྱི་ཡོད་མ་རེད། སྡུག་བསྔལ་ལས་ཐར་ཐུབ་ཀྱི་ཡོད་པ་མ་རེད། དཔེ་ཆ་བཞག་ན། ང་ཚོས་སྨན་པའི་ས་ནས་སྨན་བླངས་ཚར་རྗེས་སྨན་ཕར་ཙམ་དེར་བཞག་བཞག་ན་ཕན་ཐོགས་ཀྱི་མ་རེད། སྨན་དེ་ཟ་དགོས་པ་རེད། དེ་ནང་བཞིན་སྐྱབས་སྟོན་པ་པོ་དེས་བསྟན་པ་ལྟར་ང་ཚོས་སྒྲུབ་དགོས་པ་རེད། དེ་འདྲ་བྱས་ན་སྡུག་པའི་རྒྱུའམ་སྐྱིད་པོ་མེད་པའི་རྒྱུ་དེ་མེད་པ་བཟོ་ཐུབ་ཀྱི་རེད། སྐྱིད་པའི་རྒྱུ་གནས་སྐབས་དང་མཐར་ཐུག་གི་བདེ་བ་དེ་སྒྲུབ་ཐུབ་ཀྱི་རེད། དེ་སྒྲུབ་པ་ལ་ང་ཚོས་ཆོས་བྱེད་དགོས་ཀྱི་ཡོད་རེད། ཆོས་བྱེད་ཅེས་པ་དེ་ཡང་བླང་དོར་ཕྱིན་ཅི་མ་ལོག་པའི་ངང་དོར་བྱ་དོར་དགོས་པ་རེད། ཆོས་བྱེད་ཟེར་བ་དེ་ཡིན་གཅིག་མིན་གཅིག་ཁ་འདོན་འདོན་པ་དང་རོལ་མོ་བརྡུང་བ་དེ་འདྲ་བྱེད་དགོས་མ་རེད། དེ་འདྲ་བྱེད་པ་ལ་རང་ཉིད་ཀྱི་ཆོས་གྲོགས་ཕན་ཚུན་དང་མཐུན་པ་དང༌། ཆོས་དང་མཐུན་པ། དགེ་འདུན་ཟེར་བ་དེ་ཁ་མིག་ཡར་བལྟ་བྱེད་ས་ལྟ་བུ་རེད། ཁོ་རང་ཚོས་ཡག་པོ་བྱས་པ་ཡིན་ན་དེ་ནང་བཞིན་མི་གཞན་གྱིས་དེ་དང་མཐུན་པ་བྱེད་རྒྱུ་དེ་རེད། དེ་བྱས་ནས་གལ་ཆེན་པོ་ཆགས་བསྡད་ཡོད་རེད། སྐྱབས་འགྲོ་ཟེར་བ་དེ་གལ་ཆེན་པོ་དེ་འདྲ་ཞིག་ཆགས་བསྡད་ཡོད་རེད།
དྲི་བ། ཚད་གཞི་གང་ཞིག་ཟིན་ན་སངས་རྒྱས་དང༌། ཆོས། དགེ་འདུན་བཅས་སྐྱབས་སུ་འགྲོ་ཡུལ་དུ་འཇོག་ཆོག་གི་རེད།
ལན། སྟོན་པ་ཤཱཀྱ་ཐུབ་པ་དེ་སངས་རྒྱས་རེད། ཚང་མས་སངས་རྒྱས་སུ་འཇོག་གི་ཡོད་རེད། སངས་རྒྱས་ཟེར་བ་དེ་སྐྱོན་ཡོངས་རྫོགས་ཟད་ཚར་བ་དང༌། ཡོན་ཏན་ཡོངས་རྫོགས་ཚང་བ་ཞིག་ལ་སངས་རྒྱས་ཟེར་བ་རེད། སྐྱབས་སྟོན་པ་པོ་ཁོ་རང་སྡིག་པ་ལས་གྲོལ་བསྡད་མཁན་ཞིག་དང༌། གཞན་སྡིག་པ་ལས་སྒྲོལ་བའི་ཐབས་ལ་མཁས་པ། ཚང་མ་ལ་ཉེ་རིང་མེད་མཁན་དང་ཕྱོགས་རིས་མེད་མཁན། ཁོ་རང་ལ་ཕན་ཐོགས་ཡོད་མེད་ལ་མ་ལྟོས་པར་ཚང་མ་ལ་ཕན་པ་སྒྲུབ་མཁན་དེ་འདྲ་ཞིག་ལ་སྐྱབས་སྟོན་པ་པོ་སངས་རྒྱས་ཟེར་བ་རེད། ཆོས་ཟེར་བ་དངོས་གནས་དེ་འགོག་པའི་བདེན་པ་དང་ལམ་གྱི་བདེན་པ་ཟེར་བ་དེ་རེད། འགོག་པའི་བདེན་པ་ཟེར་བ་དེ་སྐྱོན་གང་ཡང་རུང་བ་ཚང་མ་རྩ་བ་ནས་སྤང་ཚར་བསྡད་པ་དེ་ལ་ཆོས་དངོས་ཟེར་བ་རེད། དེ་འཐོབ་བྱེད་ལམ་གྱི་བདེན་པ་རེད། ཆོས་དཀོན་མཆོག་ཟེར་བ་དེ་འགོག་བདེན་དང་ལམ་གྱི་བདེན་པ་ཟེར་བ་དེ་རེད། དགེ་འདུན་དཀོན་མཆོག་ཟེར་བའི་དགེ་འདུན་དངོས་གནས་དེ་འགོག་བདེན་དང་ལམ་བདེན་དེ་གཉིས་རྒྱུད་ལ་ལྡན་མཁན་གྱི་འཕགས་པའི་གང་ཟག་ལ་ཟེར་གྱི་ཡོད་རེད། སངས་རྒྱས་ཀྱིས་གསུངས་པའི་ཆོས་དེ་ལུང་གི་ཆོས་ཟེར་གྱི་ཡོད་རེད། དེ་འདྲའི་ལུང་གི་ཆོས་དེ་སྒྲུབ་པ་ལ་སྐྱོན་ཚང་མ་སྤངས་བ་དང༌། ཡོན་ཏན་མཐའ་དག་ཚུར་བསྒྲུབས་པ་ཡིན་ན་ཆོས་དཀོན་མཆོག་གྲུབ་པ་རེད། དེའི་ནང་ནས་སྡོམ་པ་གཙང་མའམ་ཡག་པོ་ཡོད་པའི་དགེ་འདུན་བཞི་ལ་དགེ་འདུན་དཀོན་མཆོག་ཟེར་གྱི་ཡོད་རེད། སྤྱིར་བཏང་དགེ་འདུན་དཀོན་མཆོག་ནི་འཕགས་པའི་དགེ་འདུན་ཡིན་དགོས་རེད། དེ་མ་གཏོགས་དགེ་འདུན་དཀོན་མཆོག་ཆགས་ཀྱི་མ་རེད།།   
 

    

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།