དང་པོ། བོད་ཀྱི་བཙན་པོ་ཐོག་མ་གཉའ་ཁྲི་བཙན་པོའི་སྐོར་གླེང་བ།

འདོན་ཐེངས་སྔོན་མའི་འཕྲོས།
འཕན་མྱི་གཉེན་འཁོར་དང་བཅས་ཏེ་བྲོས་པ་ཡིན་པས་ནོར་ཐབས་མེད་པ་དང་གཉིས། ལྷག་པར་དུ་ཐག་གཅོད་རང་བཞིན་ལྡན་པའི་གཏན་ཚིགས་ནི་དུས་ཚོད་ཀྱི་ཧེ་བག་ཆེན་པོ་དེ་ཡིན་ཏེ། འཕན་མྱི་ནུབ་ཕྱོགས་སུ་བྲོས་པའི་ལོ་དུས་ནི་སྤྱི་ལོ་ ༤༡༤ ལོར་ཡིན་པ་རང་རྒྱལ་གྱི་ཚད་ལྡན་ཡིག་ཆར་གསལ་ཡོད་ཅིང༌། གཉའ་ཁྲི་བཙན་པོ་ཡར་ལུང་དུ་བྱོན་པའི་ལོ་ཚད་ནི་བརྩི་ཚུལ་ཉུང་ཤོས་ལའང་སྤྱི་ལོ་འགོ་མ་ཚུགས་གོང་གི་ལོ་གྲངས་བརྒྱ་དང་ཉི་ཤུ་རྩ་དྲུག་པ་སྟེ་བོད་ཤིང་སྟག་ལོར་བརྩི་བ་ཡིན་པས་མ་མཐར་ཡང་ཧེ་བག་ཆེན་པོ་མི་ལོ་ལྔ་བརྒྱ་ལྷག་ཙམ་ཤོར་ཡོད། འཕན་མྱི་ནུབ་བསྐྱོད་ཀྱི་དུས་དེ་ནི་ཧ་ལམ་སྤུ་རྒྱལ་གྱི་བཙན་པོའི་གདུང་རབས་ཉི་ཤུ་རྩ་བརྒྱད་པ་འབྲོ་མཉེན་ལྡེ་རུ་ཡས་མས་ཀྱི་སྐབས་ཡིན་པས་རྒྱུ་མཚན་འདི་གཅིག་པུའི་ཐོག་ནས་ཀྱང་བཤད་ཚུལ་འདི་དང༌། གཉའ་ཁྲི་བཙན་པོའི་འབྱུང་ཁུངས་ཀྱི་དབར་འབྲེལ་བ་སྤུ་ཙམ་ཡང་མེད་པ་གསལ་བཤད་གང་ལེགས་བྱེད་ཐུབ་པས་བགྲོ་གླེང་མང་པོ་བྱེད་དགོས་དོན་མ་མཆིས་སོ་ཞེས་གསལ་ལོ།།

དེ་ཡང༌། གོང་སྨྲོས་རྒྱ་གར་ཤེས་རབ་གོ་ཆས་མཛད་པའི་ལྷ་ལས་ཕུལ་བྱུང་གི་བསྟོད་འགྲེལ་ལ་སོགས་པར་གཞི་བཅོལ་ཏེ་བྲིས་པའི་དུས་རབས་བཅུ་གཅིག་པའི་རྗེས་ཀྱི་ཅུང་ཡོངས་གྲགས་ཆེ་བའི་ལོ་རྒྱུས་ཡིག་ཆ་སོགས་ཡིག་ཚང་ཕལ་མོ་ཆེའི་ནང་ལ་དགོས་མེད་ཆོས་ལུགས་ཞེན་འཛིན་གྱིས་གཉའ་ཁྲིའི་འབྱུང་ཁུངས་ཀྱང་རྒྱ་གར་ནས་ཡིན་པར་གླེང་ཅི་ཐུབ་བྱས་ཡོད། དེའི་ཐད་གཞན་གྱིས་ཀྱང༌། བོད་ཀྱི་རྒྱལ་པོ་བྱུང་ཚུལ་སྐོར་བརྗོད་ཚུལ་མི་འདྲ་བ་འགའ་ཞིག་བྱུང་ཡོད་པ་དེ་དག་ནི་ཕྱིས་སུ་རྒྱལ་རྒྱུད་རྒྱ་གར་གྱི་རྒྱལ་པོའི་རྒྱུད་ལས་བྱུང་བ་དང༌། ལྷག་པར་དུ་སངས་རྒྱས་ཆོས་ལུགས་པས་བོད་ཀྱི་རྒྱལ་པོའི་རྒྱུད་ནི་རྒྱ་གར་གྱི་ཤཱཀྱའི་རུས་རྒྱུད་ལས་མཆེད་པར་གྲགས་པའི་ཕྱོགས་སུ་འཕོ་འགྱུར་བྱུང་ཡོད་ཅེས་དང༌། ཡང༌། དུས་རབས་བཅུ་གཅིག་པ་ནས་བཟུང་སངས་རྒྱས་ཆོས་ལུགས་ཀྱི་རྐང་པ་བོད་དུ་བརྟན་པོ་ཚུགས་རྗེས། རྒྱ་གར་ནས་མཆེད་པར་གྲགས་པའི་ལྟ་བ་དེ་ནི་ཡོངས་གྲགས་ཀྱི་ལྟ་བ་ཞིག་ཏུ་གྱུར་ཡོད། རྒྱལ་པོའི་འབྱུང་ཁུངས་རྒྱ་གར་ལ་གཏུགས་པའི་ལྟ་ཚུལ་ཡོངས་སུ་ཁས་བླངས་རྗེས། བོད་རང་གི་རྒྱལ་པོའི་འབྱུང་ཁུངས་བརྗོད་པའི་གཏམ་རྒྱུད་དག་རིམ་བཞིན་ཉམས་དམས་སུ་སོང་ཞིང༌། དེ་ནི་དམངས་ཁྲོད་ཀྱི་རྣམ་རྟོག་འབའ་ཞིག་གི་ཡུལ་དུ་ཟད་ཅེས་རྒྱུ་མཚན་དུ་མས་བཀག་གོ། །
བོད་ཀྱི་རྒྱལ་པོ་རྒྱ་གར་ནས་བྱུང་ཚུལ་གྱི་ཤན་ཞུགས་ངན་པས་བཙན་བྱོལ་བོད་གཞུང་གིས་གཏན་འབེབས་མཛད་པའི་འཛིན་གྲྭ་དྲུག་པའི་རྒྱལ་རབས་སློབ་དེབ་ནང་ལའང་གཉའ་ཁྲིའི་སྐོར་འདི་ལྟར་བཀོད་དེ། ཕྱི་ལོའི་སྔོན་༡༢༧ ལོར་བོད་ཀྱི་རྒྱལ་པོ་ཐོག་མ་གཉའ་ཁྲི་བཙན་པོ་བྱུང༌། གཉའ་ཁྲི་བཙན་པོ་བྱུང་ཚུལ་ལ་བཞེད་སྲོལ་མི་འདྲ་བ་འགའ་ཤས་ཡོད་དེ། སྤྱིར་བཏང་རྒྱུན་སྲོལ་དུ་གྲགས་པའི་ལོ་རྒྱུས་ཁག་ལྟར་བྱས་ན། སྔར་རྒྱ་གར་མ་ག་དྷའི་རྒྱལ་པོ་དམག་བརྒྱ་པར་སྲས་མིག་མས་འགྲིབས་སུ་ཡོད་པ། གཡུ་ཡི་སྨིན་མ་ཅན། སོར་མོ་ཤའི་དྲ་བས་འབྲེལ་བ་ཞིག་འཁྲུངས་པ་དང༌། ཡུལ་དེའི་རྒྱལ་པོས་སྲས་དེ་མི་ལ་སྟོན་མ་ནུས་པར་བོད་ཡུལ་གྱི་ཕྱོགས་སུ་སྤྱུགས་པས། རྒྱལ་སྲས་དེ་ཡར་ཀླུང་དུ་སླེབས་ཏེ་བོན་གྱི་མི་ཤེས་པ་ཅན་བཅུ་གཉིས་དང་འཕྲད། ཁོང་ཚོས་ཁྱེད་གང་ནས་ཡོང་ཞེས་དྲིས་པར་ཕན་ཚུན་གོ་བརྡ་མ་འཕྲོད་པར་རྒྱལ་སྲས་དེས་གནམ་ལ་མཛུབ་མོ་བཀེར་པས། ལྷ་ཡི་ཡུལ་ནས་ཕེབས་པར་བསམས། ཤེས་པ་ཅན་བོན་མི་དེ་དག་གིས་འདི་ནི་བོད་ཁམས་ཀྱི་རྗེ་བོར་འོས་སོ་སྙམ་ནས་གཉའ་བར་ཁྲི་བྱས་ཏེ་འཁུར་ཡོང་བ་ལ་གཉའ་ཁྲི་བཙན་པོ་ཞེས་མཚན་གསོལ་ཏེ་བོད་ཀྱི་རྒྱལ་པོའི་ཐོག་མ་ཡིན་ཞེས་གྲགས་ཞེས་འཁོད། དེ་ནི་ཤོད་སྲོལ་མི་འདྲ་བ་མང་པོ་ཡོད་པའི་ནང་ནས་རྒྱུ་མཚན་མེད་པའི་ཤོད་སྲོལ་ཞན་ཆ་དོད་ཤོས་ཤིག་བདམས་ཏེ་བཤད་འདུག་པས་བླུན་རྨོངས་ལ་མགོ་སྐོར་དང༌། མཁས་པ་ལ་ག་ག་ཚིལ་སློང་གཞི་ཙམ་གྱི། བརྟགས་ཤིང་མ་དཔྱད་པའི་བཤད་ཡམས་ལས་དོན་དངོས་ཐད་མདའ་ཤར་འབེན་ནུབ་ལྟར་ཆགས་སོང༌། དཔེར་ན། གཞུང་ཡིག་ཏུ་དེ་འདྲ་བཀོད་པ་ནི། ཕྱི་རབས་གཞོན་སྐྱེས་རྣམས་ཀྱི་སེམས་ཁོང་དུ། མི་རིགས་ཀྱི་དཔང་པོ་གནད་ཆེའི་ལོ་རྒྱུས་ཐད། གཞི་མེད་ལྷ་སྒྲུང་གི་ཚུལ་དུ་ངོ་སྤྲོད་ཙམ་གྱིས་ཆོག་ཤེས་སུ་འཛིན་ན་ནོར་འཁྲུལ་ཚབས་ཆེན་ཞིག་ལོས་ཡིན་སྙམ། གལ་ཏེ་ཨུ་ཚགས་ཀྱིས་མི་གཏོང་ན། གོང་བརྗོད་ལྟར། གནའ་རབས་བྲག་བསྐོས་དང༌། རྡོ་རིང༌། ཏུན་ཧོང་ཡིག་རྙིང་སོགས་ཁག་གང་དུ་ཡང་གཉའ་ཁྲི་རྒྱ་གར་ནས་བྱོན་ཚུལ་རྩ་བ་ནས་མ་གསལ་ལ། འཆད་འགྱུར་ལྟར་སྤུ་རྒྱལ་ཏེ་གཉའ་ཁྲི་སྤོ་བོའི་ཡུལ་ནས་བྱུང་བའི་ཡིག་ཆ་དང་རྒྱུ་མཚན་མང་བས་བསམ་གཞིག་དགོས་ཤིང༌། གཉའ་ཁྲི་འབྱུང་ཁུངས་ཐད་བོད་ཀྱི་སྲིད་དོན་རྒྱལ་རབས་ལས། སློབ་དཔོན་ཤེས་རབ་གོ་ཆས་མཛད་པའི་ལྷ་ལས་ཕུལ་བྱུང་གི་བསྟོད་འགྲེལ་ལས་བཤད་ཅེས་ཟེར་བ་ནི། སྣར་ཐང་པ་རིག་རལ་གྱི་རྫུན་ཡིན་ཏེ། དེ་ལས་མ་བཤད་པའི་ཕྱིར་རོ། །འདི་ནི་གནམ་གྱི་ལྷ་མིའི་རྗེ་བོར་བྱོན་ཞེས་ལྷ་སའི་རྡོ་རིང་ལས་བཤད་པས། དམྱལ་རོང་གི་ཏི་དི་སུ་ཡི་ཁར་བབས་ཞེས་གསུངས་སོགས་གསལ་བས་གཞུང་གིས་སློབ་ཚན་སྐྱར་ཞིབ་དགོས་ངེས་རེད་སྙམ།  
མདོར་ན། གོང་བརྗོད་བོད་རྗེ་ཐོག་མ་གཉའ་ཁྲི་བཙན་པོའི་འབྱུང་ཁུངས་ལ་རྒྱ་གར་ནས་བྱུང་ཚུལ་བཤད་པ་དང༌། རྒྱ་ནག་ནས་བྱུང་ཚུལ་བཅས་བཤད་ཡམས་ཀྱི་ཤོད་སྲོལ་ཁག་མི་འདྲ་བ་གཉིས་ཡོད་ཀྱང༌། དེ་གཉིས་ཀ་བདེན་པ་མིན་པའི་ལུང་རིགས་དུ་མས་བརྒྱན་ཏེ་དངོས་དོན་ར་སྤྲོད་མེ་ལོང་ནང་གི་བྱད་བཞིན་གྱི་གཟུགས་བརྙན་ཤར་བ་ལྟར་གསལ་བཤད་བློ་ཁ་ཚིམ་པར་བྱས་ཡོད་པས། བརྒྱ་བཤད་སྟོང་བཤད་ཇི་ཙམ་བྱས་ཀྱང༌། ནས་ལ་འབབ་རྒྱུ་རྩམ་པ་ཟེར་སྲོལ་བཞིན། གཉའ་ཁྲི་བཙན་པོའི་འབྱུང་ཁུངས་རྒྱ་གར་ནས་མ་ཡིན་ལ། རྒྱ་ནག་ནས་དེ་བས་ཀྱང་མིན་པ་ངེས་ཤེས་བརྟན་པོ་བཟུང་ཆོག་ཅིང༌། ཤོད་སྲོལ་དེ་གཉིས་ནི་རང་མི་རིགས་ཀྱི་ཤ་ཚ་བོར་བའི་རང་འདོད་ཞེ་གཅིག་ཏུ་སྣང་བས་བློ་རྒྱ་བསྐྱེད་པའི་ཕན་པ་མ་མཐོང་ངོ༌།། གཉིས་པ། དངོས་དོན་བདེན་ཐོག་གི་རང་ལུགས་གཏན་ལ་ཕབ་པ། དེ་ཡང༌། སྤུ་རྒྱལ་རྡོ་རིང་ལས་འོད་ལྡེ་སྤུ་རྒྱལ་ཞེས་པ་དང༌། སྤུ་རྒྱལ་བོད་སོགས་སྤུ་ཞེས་པ་མང་དག་ཅིག་འབྱུང་བ་ནི་བོད་རྗེ་ཐོག་མ་གཉའ་ཁྲི་བཙན་པོ་བྱུང་སའི་ཀོང་པོའི་ཕྱོགས་ཀྱི་སྤོ་བོ་ཡུལ་ལ་གོ་དགོས་པ་ཡིན།ས་རཱ་མཐོ་སློབ། ངག་དབང་བྱམས་པས།
འཕྲོས་འདོན་ཐེངས་རྗེས་མར་གཟིགས།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།