སྲོལ་རྒྱུན་སོ་ནམ་སྲིད་བྱུས་དང་སོ་ནམ་པའི་དཀའ་ངལ།
བཙན་བྱོལ་བོད་གཞུང་གིས་འཚེ་བ་མེད་པ་དང་རང་འཚོ་ཐུབ་པ། ཡང་དག་པའི་འཚོ་བ། རང་བྱུང་ཁམས་ལ་མི་གནོད་པ་བཅས་གཞི་རྩར་བཞག་པའི་དཔལ་འབྱོར་ལམ་ལུགས་གཏན་འབེབས་བྱས་ཏེ། རྫས་ལུད་འདེབས་ལས་ཀྱི་ཞིང་ལས་ནས་སྲོལ་རྒྱུན་སོ་ནམ་འདེབས་ལས་ཀྱི་ཕྱོགས་སུ་ཆེས་ཐོག་མའི་མིག་དཔེར་སྟོན་ཆེད། ཀོ་ལི་གྷལ་དོན་ལྡན་གླིང་གཞིས་ཆགས་སུ་ཉམས་མྱོང་དང་ཤེས་ཡོན་ཆུང་བའི་ཞིང་པ་རྣམས་ལ་མཁས་པའི་ལེགས་བཤད་དང་གོང་མའི་བཀའ་སློབ་རིམ་པ་གནང་བ་བརྒྱུད་འགོ་འཛུགས་བྱས་པ་རེད། ལོ་རེ་རེ་ཕྱིན་པ་དང་ཞིང་པ་རྣམས་དཀའ་ངལ་གྱི་ནང་དུ་ལྷུང་ན་ཡང་གོང་རིམ་གྱི་བཀའ་ལ་ནམ་ཡང་ཡ་ལན་མ་ཐུབ་པར་མུ་མཐུད་ངལ་བ་དང་གྱོང་གུན་དང་ལེན་བྱས་དང་བྱེད་བཞིན་པ་རེད།
ཀོ་ལི་གྷལ་དོན་ལྡན་གླིང་གི་གྲོང་སྡེ་ཁག་གི་བརྒྱ་དཔོན་ཚོས་ད་ལྟ་སྲོལ་རྒྱུན་དེ་ཁ་ཡོད་ལག་ཡོད་ལ་གྱོང་གུད་ལས་མི་འདུག ན་ནིང་འགོ་ཐོན་ཙམ་བྱུང་ཡང་ད་ལོ་ཡང་གྱོང་གུན་རག་ས་རེད། ད་ལྟའི་གནས་སྟངས་ལ་བལྟས་ན་མུ་མཐུད་རྒྱུ་ཁག་པོ་རང་རེད་འདུག ཉི་མ་ཉི་མའི་ལྟོ་གོས་ལ་ཡང་དཀའ་ངལ་འཕྲད་ཀྱི་འདུག ང་ཚོས་སྲོལ་རྒྱུན་བཏབ་ནས་ཁྱིམ་ཚང་གི་འཚོ་བ་ལ་ཡང་དཀའ་ངལ་འཕྲད་ཀྱི་ཡོད་དུས་དཀའ་ལས་ཁག་པོ་རེད། སྲོལ་རྒྱུན་ལ་ཐོན་སྐྱེད་མེད་པ་ཐག་ཆོད་པ་ཞིག་རེད། ཅེས་མཐའ་གཅིག་ཏུ་སྲོལ་རྒྱུན་འདེབས་ལས་ཕན་ཐོགས་མེད་པར་གླེང༌།
འདི་གའི་གསར་འགོད་པ་ཟླ་འདི་ཚེས་༡༠ ཉིན་ས་གནས་ས་ཐོག་ཏུ་ཆེད་བསྐྱོད་ཀྱིས་གྲོང་སྡེའི་བརྒྱ་དཔོན་༢༡ ལ་སྲོལ་རྒྱུན་སོ་ནམ་སྐོར་ལ་འདས་པའི་ཉམས་མྱོང་དང༌། ཉམས་མྱོང་དེ་ལ་བརྟེན་ནས་མ་འོངས་པར་རེ་བ་ག་རེ་ཡོད་མེད་སྐོར་བཅར་འདྲི་སྒྲ་འཇུག་བྱས་པ་ནས་ཨང་དང་པོ་གཉིས་པ་ལྟར་བཀོད་པ་ཡིན།
A ༡ གྲོང་སྡེའི་བརྒྱ་དཔོན་སྐལ་བཟང་རབ་རྒྱས་ལགས་ཀྱིས། སྲོལ་རྒྱུན་བཏབ་ནས་སྤུས་དག་པོ་ཡག་པོ་ཆགས་ཡོད་མ་རེད། མ་ཟད་ང་རང་ཚོ་དུམ་བུ་ཕྱེད་ཀ་བུ་ལོན་འོག་ལྷག་བསྡད་ཡོད་རེད། སོང་ཙང་བུ་ལོན་སོད་ཀྱི་མི་འདུག་སྲོལ་རྒྱུན་མི་འདེབས་པའི་རྒྱུ་མཚན་དེ་ཡིན། ༢ ཁ་ཐུག་ལ་སྲོལ་རྒྱུན་དེ་ཁག་པོ་ཆགས་ཀྱི་འདུག B ༡ གྲོང་སྡེའི་བརྒྱ་དཔོན་ལས་ཚབ་ཆོས་སྒྲོན་ལགས་ཀྱིས། སྲོལ་རྒྱུན་ལ་ཆར་ཆུ་དང་སོན་ཡག་པོ་མེད་དུས་ང་ཚོར་ཡོད་ན་མེད་ན་ཞིང་ཁ་རེད། སྟོན་ཐོག་ཡག་པོ་མེད་དུས་དཀའ་ངལ་ཆེན་པོར་མཐོང་གི་འདུག ང་ཚོའི་བརྒྱ་ཤོག་མང་པོས་བཏབ་བསྡད་ཡོད་པ་རེད་དེ། དེ་འདྲའི་ཕན་ཐོགས་མི་འདུག སྲོལ་རྒྱུན་གྱིས་ན་ཚ་ཡོང་གི་མ་རེད་ཟེར་ཀྱི་འདུག ཡག་པོ་ད་ཡོད་ས་རེད། ༢ མ་འོངས་པར་ཚང་མ་ཡག་པོ་འགྲོ་ཐུབ་ན་ཕན་ཐོགས་ཀྱི་རེད་བསམ་གྱི་ཡོད། C ༡ གྲོང་སྡེའི་བརྒྱ་དཔོན་བསྟན་དར་ལགས་ཀྱིས། དེ་བཤད་ཁག་པོ་རེད། ད་ལྟ་བར་དུ་ལོ་བཞི་ཕྱིན་པ་རེད། དེའི་སྟོན་འབྲས་ཐོག་ནས་ཡོང་འབབ་ཡག་ཏུ་འགྲོ་བ་དེ་འདྲ་མཐོང་མ་སོང༌། ཡིན་ན་ཡང་ས་ཡག་ཏུ་འགྲོ་ཡི་འདུག ཁ་ཐུག་ཁ་ཐུག་བལྟས་པ་ཡིན་ན་སྲོལ་རྒྱུན་ལ་ལས་ཀ་མང་དྲགས། འགྲོ་སོང་ཆེ་དྲགས་གོང་ཚད་དམིགས་བསལ་མེད་པའི་དཀའ་ངལ་རེད། ཉི་མ་ཉི་མའི་ལྟོ་གོས་ལ་ཡང་དཀའ་ངལ་འཕྲད་ཀྱི་འདུག ༢ མ་འོངས་པར་སྲོལ་རྒྱུན་ལ་ཐེ་ཚོམ་འདུག བྷེལ་ཀོབ་ནང་བཞིན་ས་འོག་ནས་ཆུ་འཐེན་ཆོག་པ་དང་ལོ་ལ་ཕྱེད་ཆགས་ཡིན་དུས་ཡག་པོ་ཡོད་ས་རེད། དོན་ལྡན་གླིང་ལ་ཆུ་དཀོན་པོ་རེད། ལྷག་པར་སྲོལ་རྒྱུན་ལ་འབུས་ཁག་པོ་བྱེད་ཀྱི་འདུག ད་བར་དུ་གྲོང་སྡེ་ནང་མང་པོ་ཞིག་གིས་བཏབ་བསྡད་པ་རེད། ཁོ་ཚོ་ལ་སྡུག་ཅག་ལས་ཡག་པོ་ཞིག་བཤད་རྒྱུ་མི་འདུག སྒང་ནས་ལས་བྱེད་དང་གཞིས་འགོ་ཚོ་སླེབས་ཡོང་དུས་བཤད་རྒྱུ་གཅིག་དང༌། ནང་ལ་སྐད་ཆ་བཤད་རྒྱུ་བཅས་སྐད་ཆ་གཉིས་ཆགས་ཡོང་གི་འདུག སོ་སོ་རང་ལ་ཆ་བཞག་ན་རེ་བ་ཞིག་མི་འདུག D ༡ གྲོང་སྡེའི་བརྒྱ་དཔོན་ངག་དབང་རྡོ་རྗེ་ལགས་ཀྱིས་སྲོལ་རྒྱུན་དེ་འགྲོ་སོང་ཆེན་པོ་དང་དཀའ་ལས་ཆེན་པོ་ཡིན་དུས་དཀའ་ལས་ཁག་པོ་རེད། ༢ དེ་ཞུ་ཐུབ་ཀྱི་མི་འདུག ད་ལྟ་འདེབས་བཞིན་པ་ཚོར་དཀའ་ངལ་འཕྲད་ཀྱི་ཡོད་པ་རེད། E ༡ གྲོང་སྡེའི་བརྒྱ་དཔོན་ངག་དབང་ཕུན་ཚོགས་ལགས་ཀྱིས། སྲོལ་རྒྱུན་སྤྱིར་བཏང་ཡག་པོ་ཡོད་རེད་དེ་ང་རང་ཚོར་མི་འབོར་དང་མཐུན་རྐྱེན་ཐོག་ནས་དཀའ་ལས་རེད། མི་འབོར་དང་དཔལ་འབྱོར་མེད་དུས་རྒྱ་གར་གླ་པ་གོང་ཆེན་པོ་རེད། སྲོལ་རྒྱུན་ལ་ལོ་ནས་ལོ་དཀའ་ལས་ཡོད་དུས་དགོངས་པ་ཞུས་པ་ཡིན། ༢ མི་འབོར་དང་དཔལ་འབྱོར་ཡོད་ན་ཕན་ཐོགས་ཡོད་པ་རེད་འདུག
F ༡ གྲོང་སྡེའི་བརྒྱ་དཔོན་བསྟན་འཛིན་དགྲ་འདུལ་ལགས་ཀྱིས། ད་ལྟ་སྲོལ་རྒྱུན་དེ་ཁ་ཡོད་ལག་ཡོད་ལ་གྱོང་གུད་ལས་མི་འདུག ན་ནིང་འགོ་ཐོན་ཙམ་བྱུང་ཡང་ད་ལོ་ཡང་གྱོང་གུན་ཆགས་ས་རེད། ༢ ད་ལྟའི་གནས་སྟངས་ལ་བལྟས་ན་ད་འགྲོ་བ་ལ་སེམས་ཐག་ཁག་པོ་རང་རེད་འདུག་སྟེ། མ་འོངས་པ་ཡག་པོ་ཡོང་བར་རེ་བ་འདྲ་རྒྱག་གི་ཡོད། G ༡ གྲོང་སྡེའི་བརྒྱ་དཔོན་འབྲུག་ཚེ་རིང་ལགས་ཀྱིས། ངས་བལྟས་ཡོང་དུས་ལུད་དང་ཆར་ཆུ་ཏག་ཏག་བྱུང་ན་རེ་བ་འདུག དེ་འདྲ་མ་བྱུང་ན་ཡག་པོ་ཁྱོན་ནས་མི་འདུག ༢ སྲོལ་རྒྱུན་ལོ་གསུམ་པ་ཡིན། ལོ་དང་པོ་གུན་གསབ་ཅིག་རག་པ་རེད། ལོ་གཉིས་པ་དང་གསུམ་པ་ནས་གྱོང་མ་གཏོགས་ཁེ་བཟང་གང་ཡང་རག་མ་སོང༌།
H ༡ གྲོང་སྡེའི་བརྒྱ་དཔོན་ཚེ་བརྟན་སྒྲོན་མ་ལགས་ཀྱིས། སྲོལ་རྒྱུན་མ་བཏབ་པའི་རྒྱུ་མཚན་སོ་སོའི་ཉིན་རེའི་འཚོ་བའི་གནས་སྟངས་ལ་བལྟས་དུས་དཔེ་ཆ་བཞག་ན་སྲོལ་རྒྱུན་ལ་འགྲོ་བ་ཡིན་ན། ནམ་རྒྱུན་ཨེ་ཀར་རེ་ལ་དོ་བོ་༢༥ ཐོན་གྱི་ཡོད་རེད། ཡིན་ཡང༌། སྲོལ་རྒྱུན་ཨེ་ཀར་ལྔ་ལ་དོ་བོ་༢༥ ཐོན་གྱི་ཡོད་པ་རེད་ཟེར་དུས་མི་ཚང་གི་འཚོ་བ་སྐྱེལ་རྒྱུ་ལ་དཀའ་ངལ་འཕྲད་དུས་ང་ཚོ་འགྲོ་ཐུབ་ས་མ་རེད། ༢ དེ་བོད་གཞུང་གིས་སྤྱི་ཚོགས་ལ་ཕན་གྱི་རེད་གསུངས་པ་རེད་དེ། ང་ཚོས་སྲོལ་རྒྱུན་བཏབ་དུས་ཁྱིམ་ཚང་གི་འཚོ་བ་ལ་ཡང་དཀའ་ངལ་འཕྲད་ཀྱི་ཡོད་དུས་དཀའ་ལས་ཁག་པོ་རེད། I ༡ གྲོང་སྡེའི་བརྒྱ་དཔོན་རྣམ་རྒྱལ་ཚེ་རིང་ལགས་ཀྱིས། སྲོལ་རྒྱུན་མ་བཏབ་བའི་རྒྱུ་མཚན་སྔོན་མ་དང་མ་འདྲ་བར་གུན་གསབ་ཨེ་ཀར་ལ་སྒོར་གཅིག་སྟོང་རེད་འགྲོ་སོང་ཁག་པོ་རེད། སྟོན་འབྲས་ཉུང་བ་རེད། སྲོལ་རྒྱུན་ཡིན་མིན་ལ་མ་ལྟོས་པར་སྟོན་འབྲས་མང་པོ་ཡོད་རེད། ཨོ་དེ་ཡིས་ཡིན། ༢ མུ་མཐུད་ནས་འགྲོ་ན་ཕན་ཐོགས་རྒྱུ་ཁག་པོ་རེད་དྲན་གྱི་ཡོད། ཡང་མིན་ན་བ་ཕྱུགས་མང་པོ་དགོས་པ་རེད། བ་ཕྱུགས་མང་པོ་སྐྱོང་བ་ལ་ཡང་བ་ཕྱུགས་བདག་པོ་ཐུབ་ཀྱི་ཡོད་མ་རེད། སྲོལ་རྒྱུན་ལ་ཐོན་སྐྱེད་ནི་མེད་པ་ཐག་ཆོད་པ་རེད། དེ་བྱས་ན་ཁག་པོ་རེད། J ༡ གྲོང་སྡེའི་བརྒྱ་དཔོན་བློ་བཟང་ཀུན་དགའ་ལགས་ཀྱིས། གཙོ་བོ་གཅིག་སྲོལ་རྒྱུན་ལ་ལས་ཀ་མང་པོ་འདུག གཉིས་འགྲོ་སོང་ཤུགས་ཆེན་པོ་འགྲོ་ཡི་འདུག གསུམ་ཚོང་ར་ཡག་པོ་བརྟན་པོ་མེད་དུས་ཁག་པོ་རེད། ༢ ལས་ཀ་ཚག་ཚུད་བྱེད་མཁན་གྱི་མི་དང་ཆ་རྐྱེན་ཡོད་ན་ཕན་ཐོགས་ཀྱི་རེད་དྲན་གྱི་ཡོད། ཞིང་ལས་པ་གཞོན་སྐྱེས་མེད་པ་དང་འགྲོ་སོང་ཆེ་བས་ཁག་པོ་འདུག K ༡ གྲོང་སྡེའི་བརྒྱ་དཔོན་དབྱངས་ཅན་ལགས་ཀྱིས། ང་ཚོས་སྲོལ་རྒྱུན་མ་བཏབ་པའི་རྒྱུ་མཚན། གཅིག་ན་མི་རྒན་རྒོན་ཚོ་ལས། གཞོན་སྐྱེས་ཚོས་ས་ཞིང་འདེབས་ཀྱི་མི་འདུག གཉིས་ནས་དང་པོ་ནས་འགྲོ་སོང་ཆེན་པོ་རེད། དེ་འདྲའི་དཔལ་འབྱོར་མེད་པའི་རྒྱུ་མཚན་གྱིས་དང་པོ་ནས་རྩ་བ་ནས་ཡོང་ས་མ་རེད་ཞུ་རྒྱུ་ཡིན། ༢ ལབ་ཐུབ་ཀྱི་མ་རེད། ཡིན་ན་ཡང་ང་ཚོས་ཕར་བལྟས་དུས་ལོ་རེ་ལོ་རེ་ནས་སྡུག་ཏུ་འགྲོ་ཡི་འདུག L ༡ གྲོང་སྡེའི་བརྒྱ་དཔོན་ཀརྨ་ལགས་ཀྱིས། ལོ་གསུམ་གྱི་ཉམས་མྱོང་ལ་བལྟས་པའི་སྒང་ལ་ལུད་དང་གང་ཅིའི་ཐད་ནས་ཏག་ཏག་ཅིག་མ་བསྡད་དུས་དཀའ་ངལ་ཞེ་བོ་ཞིག་འཕྲད་ཀྱི་འདུག ༢ སྲོལ་རྒྱུན་དང་དེང་དུས་ཞིང་པའི་གནས་སྟངས་ལ་བལྟས་པ་ཡིན་ན་དེང་དུས་དེ་ཡོང་འབབ་ཆེ་བ་འདུག སྲོལ་རྒྱུན་ཞེ་དྲག་ཆུང་ཆུང་རེད། སྲོལ་རྒྱུན་དེ་ཏག་ཏག་མི་འདུག་གྱོང་ཞེ་བོ་ཞིག་རག་གི་འདུག
M ༡ གྲོང་སྡེའི་བརྒྱ་དཔོན་བསྟན་འཛིན་སྒྲོལ་མ་ལགས་ཀྱིས། སྲོལ་རྒྱུན་ལ་དཀའ་ལས་ཁག་པོ་རེད། ད་ལྟ་ང་ཚོས་ཡོང་འབབ་མི་འདུག་ཟེར་ལ་དཀའ་ལས་མང་པོ་འདུག་ཟེར། ཡོང་འབབ་མེད། དཀའ་ལས་མང་ན་འདེབས་ཐུབ་ཐབས་མེད་པ་རེད། ༢ སྲོལ་རྒྱུན་འདེབས་ལས་ལ་ཉམས་མྱོང་མེད་པས་ཧ་གོ་མ་སོང༌། N ༡ གྲོང་སྡེའི་བརྒྱ་དཔོན་འབྱོར་རྒྱས་ལགས་ཀྱིས། ང་ནི་སྲོལ་རྒྱུན་མི་དགོས་ཟེར་མཁན་ཚོ་དང་གཅིག་པ་ཡིན། ངས་བཤད་ཤེས་ཀྱི་མེད། ཡིན་ན་ཡང་མི་དགོས་མཁན་ཚོ་དང་བསམ་ཚུལ་གཅིག་རང་ཡིན། O ༡ གྲོང་སྡེའི་བརྒྱ་དཔོན་བསམ་གཏན་བཀྲིས་ལགས་ཀྱིས། སྲོལ་རྒྱུན་ལ་མི་འབོར་མང་པོ་དང་བ་ཕྱུགས་འཚོ་སྐྱོང་ལ་ལས་ཀ་མང་པོ་འདུག སྤྱིར་བཏང་སྲོལ་རྒྱུན་ཟེར་བ་ཡག་པོ་རེད་དེ། སྔོན་མའི་མི་ནང་བཞིན་ད་ལྟ་ལག་ལེན་བསྟར་ཐུབ་ཀྱི་མི་འདུག དེང་སང་ཕོ་སར་མོ་སར་ཚོས་ལས་ཀ་དེ་བྱེད་ཐུབ་ཀྱི་མི་འདུག ༢ སྲོལ་རྒྱུན་ངོ་མ་ལག་ལེན་ཐུབ་ན་ཕན་ཐོགས་ཀྱི་རེད། ལག་ལེན་མ་ཐུབ་ན་ཁག་པོ་རེད། ཡུན་རིང་པོར་སྟོན་ཐོག་གི་འབྲས་བུ་མ་ལོན་ན་ང་ཚོར་དེའི་བར་ལ་ཟ་རྒྱུ་དགོས་པ་རེད། ཨོ་དེ་ཡིས་ཁག་པོ་ཞེ་དྲག་ཆགས་འགྲོ་ཡི་འདུག P ༡ གྲོང་སྡེའི་བརྒྱ་དཔོན་བསྟན་འཛིན་བཟང་པོ་ལགས་ཀྱིས། ང་ཚོའི་ལོ་གཉིས་ཀྱི་ནང་གི་ཉམས་མྱོང་ལ་ཆ་བཞག་ན་གྱོང་གུན་མ་གཏོགས་ཁེ་བཟང་ཞིག་མི་འདུག ༢ སྔ་མོ་བོད་ལ་ཆ་བཞག་ན་སྲོལ་རྒྱུན་རེད། དེ་ཡང་སོ་སོའི་བ་ལུད་ཞིང་ཁ་ལ་བསག་ན་འགྲིག་འགྲོ་ཡི་ཡོད་རེད། ས་ཆའི་ཁྱད་པར་ཡོད། ང་ཚོ་ལ་ཆུ་གཏོང་རྒྱུ་ཡོད་པ་མ་རེད། སྲོལ་རྒྱུན་མུ་མཐུད་ནས་སོང་ན་ང་རང་གི་མྱོང་ཚོར་ལ་ཆ་བཞག་ན་ཤིན་ཏུ་ཁག་པོ་རེད་དྲན་གྱི་ཡོད།
q ༡ གྲོང་སྡེའི་བརྒྱ་དཔོན་ཉི་མ་ལགས་ཀྱིས། སྲོལ་རྒྱུན་མ་བཏབ་པའི་རྒྱུ་མཚན་ད་བར་དུ་ཀོ་ལེ་གྷལ་དུ་སྲོལ་རྒྱུན་འདེབས་མཁན་ཚོའི་ཕར་འགྲོ་སོང་དང་ཚུར་ཡོང་འབབ། མི་ཆ་ལ་སོགས་པའི་དཀའ་ངལ་ཆེན་པོ་ཡོད་རེད། འགྲོ་སོང་ཆེན་པོ་དེ་ཁག་པོ་རེད། ༢ ཧོབ་སྟེ་བལྟས་ན་སྲོལ་རྒྱུན་ཡག་པོ་འདྲ་བོ་མཐོང་གི་ཡོད་རེད། ཡིན་ཡང་སྲོལ་རྒྱུན་འདེབས་མཁན་གྱི་དཀའ་ངལ་ལོ་བཞི་ལྔའི་ནང་སེལ་ཐུབ་པ་དགོས་རེད། དེ་མ་སེལ་ན་རང་མགོ་ཐོན་གྱི་མ་རེད། ཟ་རྒྱུ་རག་གི་མ་རེད། ལམ་ཡོད་མ་རེད། R ༡ གྲོང་སྡེའི་བརྒྱ་དཔོན་ཟླ་བ་དོན་གྲུབ་ལགས་ཀྱིས། ང་ཚོའི་གྲོང་སྡེ་རྒྱ་གར་གཞུང་ལམ་ཞིག་གི་ཉེ་འགྲམ་ལ་ཁེལ་ཡོད། མ་ཚད་རྒྱ་གར་གྱི་གྲོང་སྡེ་དང་ཉེ་བོ་རེད། སྟོན་ཐོག་བསྡུ་བཞིན་པའི་སྐབས་རྐུན་མ་དེ་འདྲའི་དཀའ་ངལ་ཞེ་བོ་ཞིག་ཡོད་རེད། ད་ལྟ་ཡོད་བཞིན་པའི་ཤིང་སྡོང་འབྲས་ལྡན་འདེབས་རྒྱུ་ཡོད་མ་རེད། འབྲས་མེད་བཏབ་བཞག་པ་དེ་ཚོ་ཡང་རྒྱ་གར་གྱིས་དབོར་ནས་གླག་ཁེལ་གྱི་ཡོད་མ་རེད། གང་ལྟར་སྲོལ་རྒྱུན་ལ་དུས་ཚོད་མང་པོ་དགོས་དུས་རྒྱ་གར་ཚོས་བ་ཕྱུགས་ཞིང་ཁར་གློད་ནས་དཀའ་ངལ་ཞེ་བོ་རེད། ༢ ང་ལ་རྒྱུས་མེད་མོད་སྲོལ་རྒྱུན་དེ་ལུགས་དང་མཐུན་པ་ཞིག་བྱུང་ན་ཕན་ཐོགས་ཀྱི་རེད་བསམ་པ་ཡོད། ཞིང་པའི་ངོས་ནས་དཀའ་ལས་རྒྱག་ཐུབ་ན་ཕན་ཐོགས་ཀྱི་རེད། S གྲོང་སྡེའི་བརྒྱ་དཔོན་དོན་གྲུབ་ལགས་ཀྱིས། ངས་འདེབས་ཀྱི་མེད་པའི་རྒྱུ་མཚན་ང་ཚོ་ལ་བ་ཕྱུགས་མང་པོ་ཡོད་མ་རེད། སྲོལ་རྒྱུན་ལ་བ་ལུད་དགོས་ཀྱི་ཡོད་རེད། གཉིས་པ་དེ་ལ་མི་ཡོད་མ་རེད། རྒན་རྒོན་ཏག་ཏག་རེད། གསུམ་པ་ང་ཚོའི་བརྒྱ་ཤོག་ལ་ཕྱུག་པོ་འགྲོ་སོང་གཏོང་དགོས་ན་གཏོང་ཆོག་ཆོག་དེ་འདྲ་མེད་པ་རེད། ལས་ཀ་བྱེད་མཁན་མེད་པ། སྒོར་མོ་མེད་ན་སྲོལ་རྒྱུན་འདེབས་རྒྱུ་མེད་པ་རེད། ༢ ལས་ཀ་ལ་རག་ལས་པ་དང་གཙོ་བོ་ཤུགས་ལས་ལ་རག་ལས་པ་རེད། T ༡ གྲོང་སྡེའི་བརྒྱ་དཔོན་པདྨ་ཆོས་སྐྱབས་ལགས་ཀྱིས། ངས་སྲོལ་རྒྱུན་མ་བཏབ་པའི་རྒྱུ་མཚན་ཆར་ཆུ་དཀོན་པོ་ཞེ་དྲག་རེད། ས་ཆ་རྡོ་རོབ་ཡིན་པས་རེད། རྒྱ་གར་ནང་བཞིན་ཆུ་ས་འོག་ནས་འཐེན་ཡོད་ན་སྟོན་ཐོག་ཡོད་པ་རེད། ང་ཚོས་ཆར་ཆུ་གཅིག་པུ་སྒུག་དགོས་དུས་ཁག་པོ་རེད་འདུག U ༡ གྲོང་སྡེའི་བརྒྱ་དཔོན་བཀྲིས་རྣམ་རྒྱལ་ལགས་ཀྱིས། གཙོ་བོ་ང་རང་གི་བསལ་ཚུལ་ཡིན་ན། སྲོལ་རྒྱུན་གལ་ཆེན་ཡིན་པ་རེད། སྲོལ་རྒྱུན་ལ་ས་ཆུ་ཡག་པོ་དགོས་རེད། གཙོ་བོ་གཡས་གཡོན་གྱི་གླང་ཆེན་ཡིན་ནའང་རེད༌། སེམས་ཅན་དེ་ཚོ་གཙང་མ་དགོས་པ་རེད། རོགས་རམ་དགོས་རེད། རོགས་མེད་ན་ཁག་པོ་རེད། ༢ ང་ཚོ་བོད་པ་རེད། འཛམ་བུ་གླིང་ཚང་མ་སྲོལ་རྒྱུན་ལ་ཕྱིན་པ་ཡིན་ན་བརྒྱ་ཆ་བརྒྱ་ཐམ་པ་ཡར་རྒྱས་ཡག་པོ་འགྲོ་ཡི་རེད་བསམ་གྱི་འདུག v ༡ གྲོང་སྡེའི་བརྒྱ་དཔོན་དབང་པོས་སྲོལ་རྒྱུན་མི་འདེབས་པ་གང་ཡིན་ཟེར་ན་དེ་ལ་མི་མང་པོ་དགོས་པ་རེད། ངེད་ལ་མི་མང་པོ་མེད། གཡོག་པོ་གླས་ན་འགྲོ་སོང་ཆེན་པོ་རེད། བྱས་ཙང་ལོ་རེ་ལ་ཆ་བཞག་ན་ང་ཚོས་མི་ཚང་སོ་སོས་བྱེད་མ་ཐུབ་པར་མཉམ་ལས་བྱེད་ཀྱི་ཡོད། གཡོག་པོར་སྒོར་མོ་སྤྲད་རྒྱུ་མེད་པ་རེད། གཞོན་སྐྱེས་རྣམས་ནི་ཕྱི་ལོག་དང་སློབ་གྲྭར་སོང་ཙང་མེད་པ་རེད། འདིར་ཡོད་པ་ཚང་མ་རྒན་རྒོན་རྐྱང་རྐྱང་རེད། དཔེར་ན། དེ་རིང་ཞི་བདེའི་དུས་ཆེན་ཉིན་མོ་གལ་ཆེན་ཞིག་རེད། ང་བརྒྱ་དཔོན་ཡིན་པའི་ཆ་ནས་མཛད་སྒོ་ལ་འགྲོ་དགོས་ཀྱང་འགྲོ་ཐུབ་མ་སོང༌། གང་ཡིན་ཟེར་ན་མཉམ་ལས་ཀྱི་ཐོག་ནས་གྲོང་སྡེའི་ལས་ཀ་ཚར་གྱི་མི་འདུག ༢ ངས་བལྟས་ན་མ་འོངས་པར་སྲོལ་རྒྱུན་མཐའ་འཁྱོལ་ས་མ་རེད། གང་ཡིན་ཟེར་ན་ད་ལྟ་འདེབས་བཞིན་པ་ཚང་མ་མ་འགྲིག་པ་དང་མ་རེད་པ་རྐྱང་རྐྱང་རེད་ཅེས་འགྲེལ་བརྗོད་གནང་སོང༌།།
མེ་སོར་གསར་འགོད་པས།