བཀའ་ཤག་ལ་ཚིག་གཅིག་གཉིས་མི་ཞུ་ཀ་མེད་བྱུང༌།

བསྟན་འཛིན་ལྷག་བསམ།  ལྷོ་ཕྱོགས་སེ་ར།

ཕྱི་ཟླ་༡༢ པའི་ཚེས་༢༠ ཉིན་བཀའ་ཤག་གི་གཏམ་བཤད་ལ་ཚིག་གཅིག་གཉིས་མི་ཞུ་ཀ་མེད་བྱུང༌། བཀའ་ཤག་གིས་བོད་ནང་ནས་ཚད་ཧ་ཅང་མཐོ་བའི་མང་མོས་ཀྱིས་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱས་ཡོད་ཟེར། དེ་ནི་གཞི་རྩ་མེད་པ་མ་ཟད་བཀའ་ཤག་གི་གཞི་རྩའི་ལྟ་གྲུབ་དང་འགལ་བ་རེད། གང་ཡིན་ཞེ་ན་གོང་ས་མཆོག་གིས་ལོ་༣༠ ཙམ་གྱི་རིང་དབུ་མའི་ལམ་གྱི་སྒོ་ནས་རྒྱ་ནག་ལ་འབྲེལ་བ་བྱས་ཀྱང་གྲུབ་འབྲས་གང་ཡང་ཐོན་མ་སོང་གསུངས་ཙང༌། གཞིས་ལུས་མི་མང་གིས་གོང་ས་མཆོག་གི་ལམ་སྟོན་གསར་པ་ཞིག་གནང་ཤག་གིས་ཅི་གསུང་སྒྲུབ་ཀྱི་ཡིན་ཞུས་པ་མ་གཏོགས་དབུ་མའི་ལམ་ལ་རྒྱབ་སྐྱོར་མཚོན་གྱི་མེད།

བོད་ནང་ནས་ད་ལོ་ཟླ་བ་གསུམ་པ་ནས་བཟུང་སྟེ་བོད་ས་ཡོངས་ནས་བོད་མི་སྟོང་ཕྲག་མང་པོའི་སོ་སོའི་རྒྱུ་ནོར་དང་བཟའ་ཚང་བུ་ཕྲུག ཐ་ན་རང་སྲོག་ཚུན་ཆད་ཡོད་ཚད་བློས་གཏོང་གིས་རང་བཙན་སྐད་འབོད་བྱས་ཡོད་པ་རེད། ཡིན་ནའང་དཔའ་བོ་དཔའ་མོ་དེ་ཚོ་ཕལ་ཆེར་བསད་རྨས་དང་གཙོན་འཇུག་བྱས་ཙང༌། དམིགས་གསལ་ཚོགས་ཆེན་ལ་འབྲེལ་བ་བྱེད་མ་ཐུབ་ཀྱང༌། དེ་ཚོའི་སེམས་ནང་གི་མངོན་འདོད་ཤེས་བཞིན་དུ་དམིགས་གསལ་ཚོགས་ཆེན་གྱི་ཚོགས་གཙོ་དང་བཀའ་ཤག་གིས་རྩིས་མེད་དང༌། མཐོང་ཆུང་བདག་པོ་མ་བརྒྱབ་པ་དང་བོད་མིའི་མངོན་འདོད་ཀྱི་ཆ་ཤས་སུ་མ་བཅུག་པ་ནི་དཔའ་བོ་དཔའ་མོ་དེ་རྣམས་ཐུགས་ཕམ་གྱི་གཞི་དང་དོན་གྱི་བདག་པོ་གཞིས་ལུས་རྒྱ་ཆེའི་མང་ཚོགས་ཡིན་གསུངས་པའི་གཏམ་བཤད་སྙན་པོ་དེ་ཚོ་ཁ་ཙམ་ཡིན་པ་གསལ་པོ་ར་འཕྲོད་པ་རེད། བཙན་བྱོལ་ནང་ནས་འགའ་ཞིག་གིས་ལམ་དབུ་མར་རྒྱབ་སྐྱོར་མ་བྱས་ན་ྋགོང་ས་མཆོག་གི་སྐུ་དབང་འཕྲོག་པ་རེད་ཟེར་བའི་དཀྲོགས་གཏམ་དང་གནོན་ཤུགས་ལ་བརྟེན་ནས་རྒན་ཁོག་འགའ་ཞིག་གིས་ལམ་དབུ་མར་རྒྱབ་སྐྱོར་བྱས་པ་དེ་མི་མང་གི་མངོན་འདོད་ཀྱི་ཆ་ཤས་སུ་བཅུག་ཆོག་ན། བོད་ནང་ནས་སྲོག་བློས་གཏོང་བྱས་པའི་འབོད་ཚིག་དེ་མི་མང་གི་མངོན་འདོད་ཀྱི་ཆ་ཤས་སུ་ཁས་མ་བླངས་པ་དང༌། བདག་པོ་མ་རྒྱབ་པར་བཏང་སྙོམས་སུ་བཞག་པ་ནི་བློ་ཕམ་འོས་པའི་གནས་ཚུལ་ཞིག་རེད། མཐའ་མ་རེ་སྐུལ་ནི་བོད་ནང་ནས་སྲོག་བློས་བཏང་བྱས་པའི་འབོད་ཚིག་དེ་བཀའ་སྤྱི་གཉིས་ཀྱི་མི་མང་གི་མངོན་འདོད་ཀྱི་ཆ་ཤས་སུ་བཅུག་རོགས། ཕལ་ཆེ་བ་བསད་རྨས་དང་གཙོན་འཇུག་བྱས་ཟིན་པའི་བོད་ནང་གི་དཔའ་བོ་དང་དཔའ་མོ་ཡོངས་ཀྱི་ཚབ་བྱས་ནས་རེ་སྐུལ་འདི་ཞུ་བཞིན་ཡོད།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།