མི་ལོ་ལྔ་བཅུའི་འབྲས་བུ

 བཙན་བྱོལ་བོད་མི་ཡོངས་ཀྱི་འཕྲལ་ཕུགས་གཉིས་ཀྱི་སྲ་བརྟན་ནི་གཞིས་ཆགས་ཁག་ཡིན་པ་དང༌། གཞིས་ཆགས་ཡར་རྒྱས་གཏོང་དང་མི་གཏོང་དེ་སུའི་ཐོག་ཏུ་བབ་ཡོད་ཞུས་ན། ལས་བྱེད་དང་ཤེས་ཡོན་ཅན་ལྷག་པར་དུ་མི་མང་གི་མགོ་ལ་བབས་ཡོད་པ་རེད། མི་རེ་ངོ་རེ་ནས་འགན་ཁུར་དགོས་པ་རེད། ཉེ་ཆར་དྷ་རམ་ས་ལར་དམིགས་བསལ་ཚོགས་ཆེན་གྲུབ་རྗེས་ཕྱི་ཚེས་༢༣ ཉིན་ྋགོང་ས་མཆོག་ནས་བསྩལ་བའི་བཀའ་སློབ་ནང༌། ང་ཚོས་ལོ་སུམ་ཅུའི་ནང་ཕྱིར་མིག་ཅིག་བལྟས་ན་ཤེས་ཡོན་དང་གཞིས་ཆགས་ནང་འཛུགས་སྐྲུན་ཐོག་འཐུས་ཆེན་པོ་ཤོར་འདུག་ཅེས་ཐུགས་ཕམ་སྒོ་ནས་གསུངས་ཡོད། བཀའ་སློབ་གསན་མ་ཐག་ཏུ་ང་ཚོར་ཚོར་སྣང་ཅི་འདྲ་ཞིག་བྱུང༌།

བསམ་ཡོད་ཅན་རེ་ཟུང་ནས་སྔོན་མ་གཞིས་ཆགས་ནང་འཛུགས་སྐྲུན་ལས་འཆར་བྱས་ཡོད་ཀྱང་བརྗོད་དཀའ་བའི་དཀའ་ངལ་ལ་བརྟེན་ལོ་ཤས་ནས་སྒོ་རྒྱག་དགོས་བྱུང་ཡོད། ལྷག་པར་བོད་པ་རང་ཉིད་ནས་བཟོས་པའི་དངོས་ཟོག་རིགས་མི་མང་ནས་བེད་སྤྱོད་མ་བྱས་པའི་ཁར་རྐང་པ་ནས་མར་འཐེན་ཐབས་བྱས། མཐར་རང་གཞན་གཉིས་ཕུང་གི་དཔེ་རུ་གྱུར་ཡོད། རང་རིགས་སྤྱི་ཚོགས་ནང་འདི་ལྟ་བུའི་དཀའ་ངལ་ཕྲད་དང་འཕྲད་མུས་ཡིན་པ་འདི། རྒྱ་ནག་ནས་ཐོན་པའི་དངོས་ཟོག་ལ་ངོ་རྒོལ་གྱི་ཚབ་ཏུ་བོད་པ་རང་ཉིད་ཀྱི་འཚོ་བའི་ཐབས་ལམ་ཁ་བཀག་པ་ལྟ་བུར་སྣང༌། གཞིས་ཆགས་ནང་འཛུགས་སྐྲུན་ཡར་རྒྱས་གཏོང་ཕྱོགས་ཐད་གཞུང་དམངས་གཉིས་ནས་སྤྱི་སྒེར་སུ་འདྲ་ཞིག་ཡིན་རུང་རྒྱབ་སྐྱོར་གནང་དགོས་པ་ལས་དེ་མུར་བཞག་ན་ག་ལ་འགྲིག གལ་ཏེ་མ་འོངས་པར་གཞིས་ཆགས་ཁག་ནང་འཛུགས་སྐྲུན་བྱ་རྒྱུའི་བློ་སྤོབས་ནུས་ལྡན་ཡོང་རྒྱུ་དང༌། དཔལ་འབྱོར་ཡར་རྒྱས་འགྲོ་དགོས་ན་གཞུང་དམངས་གཉིས་ནས་ཕྱར་གྲུ་མཉམ་འདེགས་ཀྱིས་དོན་དངོས་ལག་བསྟར་བྱ་རྒྱུའི་དུས་ལ་བབ་ཡོད། ཡང་དམིགས་བསལ་ཚོགས་ཆེན་སྐབས་ྋགོང་ས་མཆོག་ནས་བཀའ་སློབ་གནང་དོན། ད་ནས་བཟུང་ལོ་ཉི་ཤུའི་ནང་གཞིས་ཆགས་ནང་ཤེས་ཡོན་དང་དཔལ་འབྱོར་ཡར་རྒྱས་གཏོང་དགོས་ཞེས་ནན་ཏན་གསུངས་ཡོད། དེ་ན་རང་རིགས་གཞིས་མི་ཡོངས་ནས་བློ་སེམས་གཅིག་ཏུ་བསྒྲིལ་ཏེ་རང་ནུས་གང་ཡོད་ཐབས་ལམ་བརྒྱུད་ལ་གོ་རིམ་འཁྱོག་བཤད་མེད་པའི་སྒོ་ནས་དཔལ་འབྱོར་ཡར་རྒྱས་གཏོང་ཐབས་སུ་བཟོ་གྲྭ་འཛུགས་སྐྲུན་སོགས་ཀྱི་ལམ་ཕྱོགས་སུ་གཞོལ་དགོས། སྦས་གསང་དང་འཁྱོག་བཤད་བྱེད་པ། མཐུན་སྒྲིལ་མེད་པ་དང་རང་གཞུང་ལ་བརྩི་བཀུར་ཞན་པའི་དབང་གི་གཞིས་ཆགས་ནང་ཡོད་པའི་བཟོ་གྲྭ་སོགས་ཉམས་རྒུད་དུ་གྱུར་པའི་གནས་ལུགས་ཤེས་དགོས། དེ་ནི་ང་ཚོ་ཚང་མའི་ལས་འགན་མ་བསྒྲུབས་པས་ལོ་ལྔ་བཅུའི་འབྲས་བུ་རེད།།
སྦེལ་ཀོབ་ཚེ་དབང་རྡོ་རྗེས།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།