ཐེ་ཝན་ལ་ཕེབས་རྒྱུའི་དུས་ལ་བབ་མེད།
ཉེ་བའི་ཆར་གསར་འགྱུར་གྱི་བརྒྱུད་ལམ་ཁག་ཅིག་ཏུ་ྋགོང་ས་མཆོག་ཐེ་ཝན་དུ་ཆིབས་བསྒྱུར་གནང་རྒྱུའི་ཐུགས་འདོད་ཡོད་ཚུལ་གསུངས་པ་དང་སྦྲགས། ཐེ་ཝན་གྱི་སྲིད་འཛིན་གྱིས་ྋགོང་ས་མཆོག་ཐེ་ཝན་དུ་ཆིབས་བསྒྱུར་གནང་རྒྱུ་དེ་དུས་ཚོད་དང་རན་འཚམས་ཤིག་མིན་ཚུལ་ཕྱིར་བསྒྲགས་བྱས་པ་རེད། གནད་དོན་འདིའི་ཐད་ནས་ྋགོང་ས་མཆོག་དང་བོད་གཞུང་གི་ངོས་ནས་ཀྱང་བཞེངས་ཕྱོགས་གསལ་པོ་ཞིག་ངེས་པར་དུ་དགོས་པ་ལྟ་བུ་ཞིག་ཏུ་གྱུར་ཡོད། ྋགོང་ས་མཆོག་ཐེ་ཝན་དུ་ཆིབས་བསྒྱུར་གནང་རྒྱུ་དེ་ཐེ་ཝན་གཞུང་ལའང་དུས་ཚོད་རན་འཚམས་ཤིག་མིན་པ་ཡིན་ན། བཙན་བྱོལ་བོད་གཞུང་གི་ངོས་ནས་དེ་བས་ཀྱང་རན་འཚམས་ཤིག་མིན།
ཐེ་ཝན་རང་བཙན་གྱི་ལྟ་ཚུལ་འཛིན་མཁན་མང་གཙོ་ཡར་ཐོན་ཚོགས་པས་གཞུང་འཛིན་པའི་སྐབས་སུ་ྋགོང་ས་མཆོག་གདན་འདྲེན་ཞུས་ཀྱང་ཆིབས་བསྒྱུར་གནང་ཐུབ་མེད་པ་དང༌། རྒྱ་དམར་གཞུང་དང་མཉམ་དུ་ལག་འབྲེལ་གཏོང་མཁན་ཐེ་ཝན་གོ་མིན་ཏང་ཚོགས་པའི་ངོས་ནས་གདན་ཞུ་མ་ཕུལ་ཡང་ཕེབས་དགོས་པ་ཞིག་རྩ་བ་ནས་མིན། སྤྱིར་ཐེ་ཝན་རང་བཙན་བྱེད་དང་རྒྱ་གཞུང་དང་མཉམ་གནས་བྱེད་པར་ང་ཚོ་དང་ཐད་ཀར་འབྲེལ་བ་དེ་ཙམ་མེད་ནའང༌། ཐེ་ཝན་མི་མང་གི་ངོས་ནས་ད་ལྟ་རང་དབང་ཆ་ཚང་ཞིག་ལོངས་སུ་སྤྱོད་བཞིན་ཡོད་པས། གལ་སྲིད་རྒྱ་ནག་གི་དབང་བསྒྱུར་འོག་ཏུ་སོང་བ་ཡིན་ན། ཐེ་ཝན་མི་མང་གི་རང་དབང་དང་ཐོབ་ཐང་ལ་དོ་ཕོག་འགྲོ་རྒྱུ་ཡིན་པ་དངོས་འབྲེལ་ཡིན་སྟབས། ཐེ་ཝན་རང་བཙན་གྱི་ཕྱོགས་ལ་ཤུགས་རྒྱག་མཁན་དང་བཙན་བྱོལ་བོད་གཞུང་གིས་ཐག་ཉེ་པོ་གནང་དགོས་པ་བོད་དོན་འཐབ་རྩོད་ཀྱི་ཆ་ནས་ཙམ་མ་ཡིན་པར། འགྲོ་བ་མི་སྤྱི་ཡོངས་ལ་ཀུན་ཁྱབ་སེམས་ཁུར་གྱི་བྱ་བ་རྩོམ་མཁན་གྱི་སྤྱི་ཚོགས་ཤིག་ཡིན་པའི་ཆ་ནས་ཡིན། དེར་བརྟེན་ཐེ་ཝན་གོ་མིན་ཏང་གི་སྲིད་བྱུས་ལ་འགྱུར་བ་སོང་བའམ། ཡང་ན་ཐེ་ཝན་གྱི་གཞུང་གསར་པ་ཞིག་མ་སླེབས་ཀྱི་བར་དུ་ྋགོང་ས་མཆོག་ཐེ་ཝན་ལ་ཆིབས་བསྒྱུར་གནང་རྒྱུ་དེ་འོས་འཚམས་ཤིག་གཏན་ནས་མིན་པར་སྣང༌།
བཙན་བྱོལ་བོད་གཞུང་གི་ངོས་ནས་ཐེ་ཝན་དང་འབྲེལ་བ་འཛིན་ཕྱོགས་ཀྱི་ཐད་ནས་སྔ་ཕྱིར་ནོར་འཁྲུལ་མང་པོ་བྱུང་མྱོང་ཡོད་ལ། དཔེར་ན་ཐེ་ཝན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་རྐུབ་སྟེགས་སུ་ཡོད་སྐབས་བོད་གཞུང་གིས་འབྲེལ་བ་གཏན་ནས་གནང་མེད་པ་མ་ཟད། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཐེ་ཝན་གཞུང་གིས་སྐྱོབ་གསོ་རོགས་རམ་གནང་བ་ཁག་ལ་དགག་བྱ་ཤུགས་ཆེ་གནང་ཡོད་པ་དང༌། དེ་ལ་བརྟེན་ནས་སྤྱི་ཚོགས་ཁྲོད་རྩོད་རྙོག་འདྲ་མིན་མང་པོ་བྱུང་ཡོད། ལངས་ཕྱོགས་དེ་རང་མུ་མཐུད་བཟུང་ཡོད་ན་འགྲིག་པ་ཞིག་ཡིན་ཡང༌། དེ་ལྟར་མ་ཡིན་པར་གཞུང་དང་འབྲེལ་བ་བྱུང་ཡོད་ལ། གནད་ཡོད་དཔོན་རིགས་ཁག་ཅིག་དང་ལྐོག་ནས་ཀྱང་འབྲེལ་བ་བྱུང་ཡོད། རྗེས་སུ་ཐེ་ཝན་དང་འབྲེལ་བ་བྱེད་སྟངས་དང༌། ལྷག་པར་དུ་བོད་སོག་ལས་ཁུངས་དང་འབྲེལ་བ་བྱེད་ཕྱོགས་ཐད་སྲིད་བྱུས་ཁ་གསལ་ཡོད་ཀྱང༌། ༢༠༠༦ ལོའི་ཕྱི་ཟླ་༡༠ ནང་ཙམ་ལ་བོད་མི་མང་མདོ་སྨད་སྤྱི་འཐུས་སྐུའི་ཚ་བོ་བསྟན་འཛིན་མཁས་གྲུབ་ལགས་ཀྱིས་སྤྱི་འཐུས་རྒྱུན་ལས་ལ་ཕྱག་ཡིག་ཅིག་ཕུལ་བའི་ནང༌། ¿རང་རེའི་ཕྱོགས་ནས་ཐེ་ཝན་བོད་སོག་ལས་ཁུངས་དང་ད་ལྟ་ནས་འབྲེལ་ལམ་གནང་དགོས¿ཞེས་སོགས་འཁོད་ཡོད་པ་རེད། བོད་གཞུང་གིས་ཐེ་ཝན་བོད་སོགས་ལས་ཁུངས་ལ་འཛིན་པའི་སྲིད་བྱུས་ལ་འགྱུར་བ་གཏན་ནས་སོང་མེད་ཀྱང༌། ཁོང་གི་སྙན་ཞུ་དེའི་སྐོར་ལ་གླེང་སློང་བྱེད་མཁན་སུ་ཡང་བྱུང་མེད་ལ། དོགས་པ་ཐེ་ཚོམ་ཙམ་ཡང་སྐྱེ་མཁན་བྱུང་ཡོད་མེད་ཐེ་ཚོམ་གྱི་རང་བཞིན་དུ་གྱུར་ཡོད་པ་རེད། སྐབས་རེ་འབྲེལ་བ་བྱེད་མཁན་གྱི་གང་ཟག་ལ་རག་ལས་པ་ལས། བྱེད་ཡུལ་ལ་ཁྱད་པར་དེ་ཙམ་ཡོད་མེད་ཀྱང་བཤད་ཚོད་ཐིག་དཀའ་བ་ལྟ་བུར་མཐོང༌། དེ་དང་དེ་ལྟ་བུ་དཔེ་མཚོན་མང་པོ་ཞིག་གི་ཐོག་ནས་བསམ་བློ་བཏང་ན་ཐེ་ཝན་གཞུང་དང་བཙན་བྱོལ་བོད་གཞུང་གི་འབྲེལ་བ་འཛིན་ཕྱོགས་ཀྱི་ཐད་ནས་རིང་ཐུང་དང༌། སྦོམ་ཕྲ་འདྲ་མིན་སྣ་ཚོགས་ཤིག་བྱུང་མྱོང་ཡོད་པ་དང༌། དེ་ལ་བརྟེན་ནས་དགོས་ས་དང་མི་དགོས་ས་མང་པོ་ཞིག་ནས་བཙན་བྱོལ་བོད་པའི་སྤྱི་ཚོགས་ཁྲོད་བརྡབ་གསིག་ཧ་ཅང་ཆེན་པོ་བྱུང་མྱོང་བ་རེད། དེ་དག་གི་ཉམས་མྱོང་ལ་གཞིགས་ནས་ད་ལྟའི་ཆར་ཡང་ཐེ་ཝན་གཞུང་དང་འབྲེལ་བ་འཛིན་ཕྱོགས་ལ་ནོར་འཁྲུལ་མ་ཤོར་བ་ཞིག་གནང་དགོས་པ་ཧ་ཅང་གལ་ཆེ། གཞུང་གི་སྲིད་བྱུས་ཡོད་པ་བཞིན། མི་སྒེར་དང་ཚོགས་པ་སོགས་ཀྱིས་དེ་བཞིན་ལག་ལེན་དུ་འདེབས་ཐུབ་པ་ལ་རྩ་བའི་སྲིད་བྱུས་ཁ་གསལ་གཏིང་གསལ་ཞིག་ཡོད་པ་དེར། གཞུང་སྒེར་ཚང་མ་གཅིག་གྱུར་གྱིས་བསྐྱོད་ཐུབ་པ་ཞིག་དགོས་པ་གལ་ཆེ་བར་མཐོང༌།།