ནང་ཆོས་དང་འབྲེལ་བའི་དྲི་བ་འགའ།
བོད་ཀྱི་དཔེ་མཛོད་ཁང་གི་དགེ་བཤེས་བསོད་ནམས་རིན་ཆེན་ལགས་ལ་འདི་ག་གསར་ཁང་གིས་བཅར་འདྲི་ཞུས།
དྲི་བ། ནང་པའི་གང་ཟག་ཅིག་བྱེད་པར་མཚན་ཉིད་གང་ཚང་དགོས་པ་རེད།
ལན། སྤྱོད་པའི་སྒོ་ནས་སངས་རྒྱས་དང༌། ཆོས། དགེ་འདུན་གསུམ་པོ་དེ་སྐྱབས་ཡུལ་ཡང་དག་པ་ཞིག་ཏུ་ངོས་འཛིན་དགོས་པ་དང༌། ལྟ་བའི་སྒོ་ནས་ལྟ་བ་བཀར་བཏགས་ཀྱི་ཕྱག་བརྒྱ་བཞི་ཁས་ལེན་མཁན་ཞིག་ལ་ནང་པ་ཟེར་གྱི་ཡོད་རེད། དེ་འདྲ་ཡིན་དུས་སྐྱབས་ཡུལ་དེ་ལ། སྐྱབས་སྟོན་ པ་པོ་སངས་རྒྱས་དང༌། སྐྱབས་དངོས་ཆོས། སྐྱབས་སྒྲུབ་པའི་ཟླ་གྲོགས་དགེ་འདུན་གསུམ་པོ་དེ་སྐྱབས་ཡུལ་རྣམ་དག་ཏུ་ཁས་ལེན་མཁན་དང༌། ཁ་ཙམ་ཚིག་ཙམ་མིན་པར་ཁ་དོན་མཚུངས་པའི་སྐྱབས་སུ་འགྲོ་མཁན་ཞིག་དང༌། སྐྱབས་འགྲོ་རྒྱུད་ལ་ཡོད་མཁན་གྱི་གང་ཟག་ལ་ནང་པ་ཟེར་གྱི་ཡོད་རེད། སྤྱིར་བཏང་ངས་ཁ་ཙམ་ཚིག་ཙམ་མ་ཡིན་པ་ཟེར་བ་དེ་དཔེར་ན། སྐྱབས་འགྲོའི་ཚིག་བཟང་པོ་དེ་འདྲ་གླུ་དང་གཞས་སུ་གཏོང་མཁན་དེ་ཚོ་ཁ་ཙམ་རེད་བསམ་གྱི་ཡོད། ཡང་དེ་ལས་ཅུང་དྲགས་པའི་སྐྱབས་འགྲོ་དང་སློབ་སྦྱོང་ལ་བསམ་བློ་མ་བཏང་བར་སྐྱབས་སུ་མཆི་ཞེས་རེ་བ་བྱེད་སྡོད་པ་དེ་ཚོ་ཚིག་ཙམ་ཟེར་བ་རེད། སྐྱབས་སུ་འགྲོ་བའི་རྒྱུ་དང་རྐྱེན་གང་དགོས་མིན་སློབ་སྦྱོང་མ་བྱས་ན་ཚིག་ཙམ་ཆགས་པ་རེད། ཁ་ཙམ་དང་ཚིག་ཙམ་གྱིས་སྐྱབས་སུ་སོང་ན་ཕན་ཐོགས་ཡོད་མ་རེད་ལབ་ཀྱི་མེད་དེ། དེ་ཙམ་གྱིས་ནང་པའི་གང་ཟག་མཚན་ཉིད་ལྡན་པ་ཞིག་ཆགས་ཀྱི་མ་རེད། ནང་པའི་གང་ཟག་དངོས་གནས་ཤིག་བྱེད་པར་སྐྱབས་འགྲོ་རྣམ་དག་ཅིག་རྒྱུད་ལ་དགོས་ཀྱི་རེད།
དེ་དགོས་པར་གང་ལ་བརྟེན་ནས་སྐྱབས་སུ་འགྲོ་བའི་རྒྱུ་ཧ་གོ་དགོས་པ་རེད། སྐྱབས་འགྲོའི་རྒྱུ་ཤེས་དགོས་པ་རེད། སྐྱབས་སུ་འགྲོ་བའི་ཡུལ་ཡག་པོ་ངོས་བཟུང་བའི་ཐོག་ནས། སྐྱབས་སུ་འགྲོ་བའི་ཚུལ་ཞེས་སྐྱབས་སུ་འགྲོ་སྟངས་གསུམ་པོ་དེ་ཧ་གོ་དགོས་པ་རེད། སྐྱབས་སུ་སོང་ནས་སྐྱབས་འགྲོའི་བསླབ་བྱ་བཅས་བཞི་དེ་ཧ་གོ་དགོས་པ་རེད། སྐྱབས་སུ་འགྲོ་བའི་རྒྱུ་འཇིགས་པ་དང་ཡིད་ཆེས་དགོས་པ་རེད། སྡུག་བསྔལ་ལ་འཇིགས་པའི་འཇིགས་པ་དེ་མེད་ན་སྐྱབས་ཡུལ་འཚོལ་གྱི་མ་རེད། སྐྱབས་ཡུལ་ངོས་མ་ཟིན་པ་ཡིན་ན་གང་ལ་སྐྱབས་སུ་འགྲོ་དགོས་པ་ཧ་གོ་ཡི་མ་རེད། སྐྱབས་སུ་འགྲོ་བའི་ཚུལ་ལ་གང་འདྲ་བྱས་ནས་སྐྱབས་སུ་འགྲོ་དགོས་པ་དེ་ཧ་གོ་དགོས་པ་རེད། དེ་དང་འབྲེལ་ནས་སྐྱབས་སུ་འགྲོ་བའི་བསླབ་བྱ་དེ་མ་ཤེས་ན་དགོས་པ་དེ་འགྲུབ་ཀྱི་མ་རེད། དེ་བཞི་ཚང་བའི་སྒོ་ནས་སྙིང་ཁོངས་རུས་པའི་གཏིང་ནས་དེ་བཞི་ཚང་མཁན་ཞིག་དང་སྐྱབས་སུ་འགྲོ་མཁན་ཞིག་ལ་ནང་པའི་གང་ཟག་ཟེར་གྱི་ཡོད་རེད། ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་ཟེར་བ་དེ། འདུས་བྱས་ཐམས་ཅད་མི་རྟག་པ། སྐད་ཅིག་སྐད་ཅིག་གིས་འཇིག་འགྲོ་ཡི་རེད་ཟེར་བ། ཟག་བཅས་ཐམས་ཅད་སྡུག་བསྔལ་བ། ལས་ཉོན་གྱི་དབང་དུ་གྱུར་པའི་ཆོས་ཐམས་ཅད་སྡུག་བསྔལ་གྱི་རང་བཞིན་རེད་ཟེར་བ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ། ཆོས་ཐམས་ཅད་བདག་མེད་རེད་ཟེར་བ། མྱ་ངན་ལས་འདས་པ་དེ་སྲིད་ཞིའི་མཐའ་ལས་འདས་པ་དེ་ཞི་བ་དངོས་གནས་དེ་རེད། གཙོ་བོ་དེ་འཐོབ་པ་ལ་བསམ་བློ་གཏོང་མཁན་ཞིག་ལ་ནང་པའི་གང་ཟག་ཟེར་གྱི་ཡོད་རེད། དེ་འདྲ་ཞིག་བྱེད་པ་ལ་སློབ་སྦྱོང་བྱས་ནས་དངོས་གནས་མཚན་ཉིད་ཚང་བར་སྐྱབས་འགྲོའི་རྒྱུ་དེ་དག་གལ་ཆེན་པོ་རེད།
དྲི་བ། བོད་པའི་སྲོལ་རྒྱུན་སྤྱི་ཚོགས་ནང་དུ་དམར་ཟས་ཟ་བའི་གོམས་གཤིས་ཤུགས་ཆེན་པོ་ཡོད་པས། དེ་ནང་ཆོས་དང་མཐུན་གྱི་ཡོད་དམ།
ལན། སྤྱིར་བཏང་ང་ཚོ་བོད་པའི་སྤྱི་ཚོགས་ནང་ལ་དམར་ཟས་མང་པོ་ཟ་བའི་གོམས་སྲོལ་ཡོད་རེད། ཡིན་ནའང་དངོས་གནས་ནང་པའི་ཆོས་དེ་འཚེ་བ་མེད་པ་ཞིག་ཡིན་ཟེར་གྱི་ཡོད་རེད། སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་དེ་འཚེ་བ་མེད་པ་རེད། དེའི་རྗེས་སུ་འབྲང་མཁན་ཞིག་ཡིན་ན། དམར་ཟས་ཟ་མ་དགོས་ན་ཡག་པོ་རེད། དེ་ལྟར་མ་བྱུང་ནའང་གང་ཉུང་ཉུང་བྱེད་དགོས་པ་གལ་ཆེན་པོ་རེད། དེ་ལ་དོ་སྣང་རྩ་བ་ནས་མ་བྱས་པར་གང་མང་མང་ཟ་བ་དང༌། ཆོས་ཁས་ལེན་པ་དང་སྐྱབས་སུ་འགྲོ་བ་སོགས་བྱེད་བསྡད་ན་ཡག་པོ་མི་འདུག་བསམ་གྱི་ཡོད། དེའི་ངོས་ནས་ག་རེ་བྱེད་དགོས་རེད་ཟེར་ན། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་དེ་རང་གཞན་སུ་གཅིག་ལ་གནོད་པ་བྱེད་རྒྱུ་ཡོད་མ་རེད་ཅེས་དང་ཕན་ཐོགས་སྒྲུབ་དགོས་རེད་གསུང་གི་ཡོད་རེད། དངོས་སུ་ཤ་ཟ་བའི་དུས་ལ་སྡིག་པ་རེད་ཟེར་བཤད་ཐུབ་ཀྱི་མི་འདུག་སྟེ། རྗེས་ནས་བསམ་བློ་གཏོང་དུས་ཤ་ཟ་བ་དེས་སྲོག་ཆགས་མང་པོ་ལ་བརྡབ་གསིག་འགྲོ་ཡི་ཡོད་རེད། དེར་བརྟེན་དམར་ཟས་སྤང་ཐུབ་ན་ཡག་པོ་འདུག དེ་མ་བྱུང་ནའང་གང་ཉུང་ཉུང་གཏོང་ཐུབ་ན་ཡག་པོ་རེད་བསམ་གྱི་འདུག དེང་སང་དང་སྔོན་མ་ཏོག་ཙམ་འདྲ་ཡི་མ་རེད། སྔོན་མ་བོད་ནང་ཡིན་ན་ཅ་ཟིང་པོ་རེད། བོད་ནང་ཡིན་ན་གནམ་གཤིས་གྲང་མོ་རེད། ཤ་ཟོས་ན་དྲོད་ལ་ཕན་གྱི་ཡོད་རེད། འབྲོག་པ་ཚོའི་ཁུལ་ལ་ཁག་པོ་ཡོད་རེད་དེ། དམར་ཟས་ཉུང་ཉུང་དང་དཀར་ཟས་མང་ཙམ་བསྟེན་ཐུབ་ན་ཡག་པོ་ཡོད་རེད། བསམ་བློ་ཞིབ་ཕྲ་གཏོང་ན་དམར་ཟས་དེ་བཙོག་པ་ཞེ་དྲག་རེད། རྒྱུ་དེ་ཉིད་སེམས་ཅན་གཞན་གྱི་ལུས་ནས་བྱུང་བ་ཡིན་པས་ཧ་ཅང་བཙོག་པ་རེད། དེ་འདྲ་ཡིན་དུས་དཀར་ཟས་གཙང་མ་ཟ་ཐུབ་ན་ཡག་པོ་ཞེ་དྲག་རེད་དྲན་གྱི་འདུག
དྲི་བ། སེམས་ལ་སྡུག་བསྔལ་བྱུང་བའི་སྐབས་ལ། ནང་ཆོས་ཐོག་ནས་བསམ་བློ་གང་ཞིག་གཏོང་ན་ཕན་ཐོགས་ཡོང་སྲིད།
ལན༌། ང་ཚོ་རང་གཞན་སུ་ཞིག་ཡིན་ཡང་བདེ་བ་དང་སྐྱིད་པོ་འདོད་མཁན་ཞིག་དང༌། སྡུག་བསྔལ་ཟེར་བ་རྨི་ལམ་དུའང་མི་འདོད་མཁན་ཚང་མ་གཅིག་པ་རེད། དུད་འགྲོ་ཡན་ཚང་མ་སྡུག་བསྔལ་མི་འདོད་མཁན་རེད། དེ་ལས་ལྡོག་སྟེ་ང་ཚོ་ལ་ལུས་ཀྱི་ན་ཚ་དང་སེམས་ཀྱི་སྡུག་བསྔལ་མང་པོ་ཞིག་ང་ཚོའི་རྒྱུད་ལ་ཡོང་གི་ཡོད་རེད། དེ་ལ་ང་ཚོས་ག་རེ་བསམ་བློ་གཏོང་དགོས་རེད་ཟེར་ན། མི་འདོད་པ་ཞིག་ཡོང་བའི་སྐབས་ལ་སེམས་ལ་མི་འདོད་པ་བྱས་ན་ཞེ་དྲག་ཕན་ཐོགས་ཡོད་མ་རེད། མི་འདོད་པ་ཡོང་བསྡད་པ་དེ་ཁ་ཤས་ཀྱིས་ཟེར་ན་འཇིག་རྟེན་བྱེད་པ་པོས་བཟོས་པ་རེད་ཟེར་གྱི་ཡོད་རེད། དེ་འདྲ་མ་རེད། མི་གཞན་གྱིས་བྱ་བ་ངན་པ་བྱས་པ་དེའི་འབྲས་བུ་ང་ཚོ་ལ་སྨིན་པ་མ་རེད། དེ་གང་འདྲ་བྱས་ནས་བྱུང་བ་རེད་ཟེར་ན། ད་ལྟ་ཡིན་ནའང་རེད། སྐྱེ་བ་སྔ་མ་ཡིན་ནའང་འདྲ། རང་གི་ཆེད་དུ་རྐྱང་རྐྱང་བསམ་བློ་བཏང་ནས་གཞན་ལ་དོ་སྣང་མ་བྱས་པར་གཞན་ལ་འཚེ་བ་བྱས། དེ་དང་འབྲེལ་བའི་གཞན་ལ་གནོད་པ་བྱས་པའི་ལས་དེའི་འབྲས་བུ་རེད། འབྲས་བུ་དེ་སོ་སོའི་ཐོག་ལ་བབ་དུས་སོ་སོས་མི་འདོད་པ་མ་བྱས་པར་འབྲས་བུ་དེ་དང་དུ་ལེན་ཐུབ་ན་ཡག་པོ་ཡོད་རེད། གང་ཡིན་ཟེར་ན། སོ་སོས་དེ་འདྲའི་ལས་ཤིག་བསགས་བཞག་དུས་ལས་དེའི་བུ་ལོན་ཆད་བསྡད་ཡོད་རེད། དེའི་ཁ་ཐུག་ལ་ད་ལྟ་ང་ལ་བྱུང་བའི་སྡུག་བསྔལ་དང་མ་འོངས་པར་འབྱུང་བའི་སྡུག་བསྔལ་རྣམས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་གྱི་ཚབ་ཏུ་གོ་ཆོད་པར་ཤོག་བསམ་ཐུབ་ན་ཡག་པོ་རེད། སོ་སོས་དཀའ་ངལ་མྱོང་བ་དེ་ལས་སྡུག་པ་འཇིག་རྟེན་སྒང་ལ་ཁེངས་བསྡད་ཡོད་པ་དེ་དག་གི་གོ་ཆོད་པར་ཤོག་བསམ་པ་ཡིན་ན། སོ་སོར་ལས་བཟང་པོ་དང་བསོད་ནམས་གསོག་པའི་རྒྱུ་རུ་འགྲོ་ཡི་ཡོད་རེད། རང་ལ་སྡུག་བསྔལ་ཞིག་སུ་ཡིན་ཡང་འདོད་ཀྱི་ཡོད་མ་རེད། སྡུག་བསྔལ་བའི་རྒྱུ་དེ་སོ་སོས་བྱ་བ་ངན་པ་བྱས་པ་དང༌། ཀུན་སློང་སྡུག་ཅག་ཁྱེར་ནས་བྱ་བ་བརྩམས་པའི་འབྲས་བུ་རེད། དེ་ཡིན་སྟབས་ཕྱིན་ཆད་དུ་བྱ་བ་ངན་པ་སྤང་དགོས་འདུག་སྙམ་ནས། གཉེན་པོ་བསྟེན། སྡིག་པ་ཐམས་ཅད་བཤགས་སྡོམ་བྱས་ན་ཡག་པོ་རེད། བདེ་བ་འདོད་ན་དགེ་བ་བསྒྲུབ་ནས་སྡིག་པ་སྤང་དགོས་པ་རེད། མི་འདོད་པ་དེ་སེམས་ཀྱིས་བཟོ་ཡི་ཡོད་རེད། དེ་ལ་གཉེན་པོ་བསྟེན་སྟངས་མང་པོ་ཡོད་རེད། མི་འདོད་པ་ཐམས་ཅད་རང་ལ་སྨིན་པའི་སྡུག་བསྔལ་གྱིས་གོ་ཆོད་ཀྱི་རེད་བསམ་པའི་བསམ་བློ་གཏོང་ཐུབ་ན་ཡག་པོ་རེད།
དྲི་བ། ནང་ཆོས་ལ་དད་པ་རྐྱང་རྐྱང་གིས་གོ་ཆོད་ཀྱི་ཡོད་དམ།
ལན། སྤྱིར་བཏང་ཆོས་ཟེར་བ་དེ་ལ་དད་པ་དགོས་ཀྱི་ཡོད་རེད། དད་པ་ཟེར་བ་དེ་སྤྱིར་ཡག་པོ་རེད། དད་པ་ལ་བླ་མ་དང་སངས་རྒྱས་ལ་དད་པ། ལས་འབྲས་ལ་ཡིད་ཆེས་པའི་དད་པ། བདེན་བཞི་བླང་དོར་ལ་དད་པ་ཟེར་བ་མི་འདྲ་བ་མང་པོ་ཡོད་རེད། འདུ་ཤེས་དང་དབང་རྟུལ་གྱི་དད་པ་དེ་གཅིག་པུས་ཕན་ཐོགས་ཀྱི་ཡོད་མ་རེད། དད་པ་དངོས་གནས་དེ་ལས་འབྲས་ལ་ཡིད་ཆེས་པའི་དད་པ་རེད། རྒྱུ་དགེ་བ་ལས་འབྲས་བུ་བདེ་བ་དང༌། རྒྱུ་མི་དགེ་བ་ལས་འབྲས་བུ་སྡུག་བསྔལ་འབྱུང་བ་རེད་ཅེས་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་དེ་འདྲ་གསུངས་ཡོད་རེད། དངོས་གནས་དེ་ག་རང་རེད་སྙམ་པའི་བསླུ་བ་མེད་པ་དང་ཡིད་ཆེས་པའི་དད་པ་ཡོད་ན་དད་པ་ཤུགས་ཆེན་པོ་ཡོང་གི་རེད། ཡིད་ཆེས་ཀྱི་དད་པ་ཡོད་ན་དེ་ལ་བརྟེན་ནས་བདེ་སྡུག་གི་བླང་དོར་ཡོང་གི་ཡོད་རེད། དེ་འདྲ་བྱས་ན་དད་པ་ཤུགས་ཆེན་པོ་ཡོང་གི་རེད། དེ་མ་གཏོགས་རྨོངས་དད་རྐྱང་རྐྱང་གིས་ཁུངས་འཁྱོལ་གྱི་མ་རེད། དེ་ཡིན་སྟབས་རྣམ་དཔྱོད་ལྡན་པ་དང༌། རྒྱུ་མཚན་ལྡན་པའི་ཐོག་ནས་བླང་དོར་གྱི་གནས་ཤེས་པ་དགོས་རྒྱུ་ལས། སྤྱིར་བཏང་དད་པ་ཙམ་གྱིས་གོ་ཆོད་ཀྱི་མ་རེད།།