སེར་བྱེས་གྲྭ་ཡེ་ཤེས་ཤེས་རབ་ལགས་སུ་བཅར་འདྲི།

དྲི་བ། ཁྱེད་རང་དང་པོ་རྒྱ་གར་ལ་དམིགས་ཡུལ་གང་འདྲ་ཞིག་གིས་ཐོག་ནས་ཡོང་བ་ཡིན།
ལན། ང་རང་ཕ་ཡུལ་ལ་ཡོད་སྐབས་ལོ་ན་ཆུང་བ་དང་ཤེས་ཡོན་མེད་པ། ཁོར་ཡུག་ལ་བསམ་བློ་བཏང་ན་འགྲོ་འདུག་དང་སྨྲ་བརྗོད་རང་དབང་སོགས་གང་ཡང་མེད་པས། རྒྱ་གར་ལ་ཡོང་རྒྱུའི་རེ་བ་ཡོད་པ་ལྟར་ཡོང་ཐུབ་སོང༌།
དྲི་བ། ང་ཚོ་བཙན་བྱོལ་གཞུང་མང་གཉིས་ཀྱི་ངོས་ནས་བོད་སྤྱི་བའི་རྩ་དོན་ཐོག་ལ་ཕན་རླབས་ཆེ་བའི་སྲི་ཞུ་བསྒྲུབ་ཐུབ་ཡོད་དང༌། འཐུས་ཤོར་སོང་ཡོད། ལས་དོན་གང་འདྲ་ཞིག་ཡོང་གི་ཡོད་པ་རེད་དགོངས་ཀྱི་ཡོད།ལན། གཞི་རྩའི་ཐོག་ནས་ཞུས་ན། ང་རང་འདིར་རྒྱ་གར་ལ་ཐོག་མ་སླེབས་པའི་སྐབས་སུ་ཧ་ཅང་རླབས་ཆེ་བ་དང་གཟི་བརྗིད་ལྡན་པ་ཞིག་མཐོང་བ་དེ་ནི། ྋགོང་ས་ྋསྐྱབས་མགོན་ཆེན་པོས་དབུ་ཁྲིད་པའི་བཙན་བྱོལ་བོད་གཞུང་དེ་ཡིན་ལ། ལྷག་པར་དུ་ྋགོང་ས་མཆོག་གི་བཀའ་སློབ་ལམ་སྟོན་ལ་འཛིན་སྐྱོང་གི་ངོས་ནས་ཞེ་དྲག་ཚགས་ཚུད་པོ་དང་གྲུབ་འབྲས་ཆེན་པོ་ཡོད་པ་ཞིག་མཐོང་སོང༌།

འོན་ཀྱང༌། ང་རང་ལ་མཚོན་ན་སེར་བྱེས་གྲྭ་ཚང་དུ་ཆོས་ཞུགས་བྱས་ནས་ད་བར་གཞུང་ཆེན་སློབ་གཉེར་བྱས་དང་བྱེད་བཞིན་པ་ཡིན། ང་ཚོའི་སྤྱི་ཚོགས་ནང་ལ་དོ་སྣང་བྱེད་སྐབས་འཐུས་ཤོར་སོང་བ་དང་མ་འགྲིག་པ་མང་པོ་ཞིག་མཐོང་རྒྱུ་འདུག ྋགོང་ས་མཆོག་གིས་ག་དུས་ཡིན་ནའང་འཛམ་བུ་གླིང་གི་ས་ཕྱོགས་གང་སར་ཕེབས་སྐབས་ས་གནས་བོད་མི་ཚོར་བཀའ་སློབ་གནང་སྐབས། རང་ཉིད་བོད་པ་སླད་མེད་ཅིག་ཡིན་པ་ཧ་གོ་དོན་གསལ་གྱི་ཐོག་ནས། རིགས་གཅིག་རྐང་འཛིན་གྱི་སློབ་གཉེར་དོན་ལྡན་ཞིག་བྱེད་དགོས་ཀྱི་འདུག་གསུང་བཞིན་ཡོད་པ་དང༌། གནའ་དེང་ཟུང་འབྲེལ་གྱི་ཤེས་ཡོན་ལ་བྱང་ཆུབ་པ་ཞིག་སྦྱངས་ནས་བོད་གཞུང་མང་གཉིས་ལ་ཞབས་འདེགས་སྒྲུབ་དགོས་ཀྱི་ཡོད་སྐོར་གསུང་གི་ཡོད་མོད། ཉེ་ཆར་དྷ་ས་བོད་ཁྱིམ་སློབ་གྲྭའི་མཛད་སྒོའི་ཐོག་དང་དམིགས་བསལ་ཚོགས་ཆེན་སོགས་སུ་ཅུང་ཐུགས་ཕམ་གནང་བའི་ཚུལ་གྱིས། དེང་སྐབས་རིགས་གཅིག་རྐང་འཛིན་ཐོན་མཁན་ཉུང་བ་མ་ཟད། བཙན་བྱོལ་ནང་ན་གཞོན་མང་དག་ཅིག་སློབ་མཐར་ཕྱིན་ཀྱང་དབྱིན་བོད་གཉིས་གང་གི་ཐོག་ནས་གཏོང་ཡིག་ཚད་ལྡན་ཞིག་འབྲི་མི་ཐུབ་པ་སོགས་མདོར་ན་དགེ་སློབ་གཉིས་དང་འཛིན་སྐྱོང་ཤེས་རིག་ལས་ཁུངས་ཀྱི་ངོས་ནས་ཀྱང་ཚད་ལྡན་གྱི་འཛིན་སྐྱོང་ཐུབ་མེད་སྐོར་ལ་སོགས་ཀྱི་བཀའ་སློབ་ཕེབས་དགོས་བྱུང་འདུག་པར་གཞིགས་ན། བཙན་བྱོལ་སྤྱི་ཚོགས་ནང་དུ་ཞན་ཆ་དང་སྐྱོན་ཆ་མང་པོ་ཞིག་ཆགས་བསྡད་པ་དེ་ཚོ་སེམས་ལ་འཁོར་ཡོང་གི་འདུག ྋགོང་ས་མཆོག་གིས་དགོན་སྡེ་ཁག་གི་ནང་དུ་ཚན་རིག་སློབ་སྦྱོང་གནང་ཡུལ་འཛུགས་བསྐྲུན་དགོས་སྐོར་ལམ་སྟོན་གནང་བར་བརྟེན། ད་ཆ་དགོན་པ་གང་མང་ཞིག་དུ་ཚན་རིག་སྦྱོང་ས་ཡོད་པ་རེད། ཆོས་ཚན་གཉིས་ཀྱི་དབར་ལ་བགྲོ་གླེང་དང༌། ཕན་ཚུན་རྒྱུས་ལོན། ཉམས་མྱོང་སྤེལ་རེས་བྱ་དགོས་སྐོར་གསུང་ཡོད་པ་རེད། དེ་ཚོ་གང་ལ་གང་མཚམས་ཡག་པོ་ཡོད་ཀྱང་མང་ཆེ་བ་ཞིག་གིས་གནའ་སྔ་མོའི་ལུགས་སྲོལ་ལ་སྐྱོན་ཆ་ཡོང་དོགས་བྱས་ནས་དེ་ཙམ་གྱི་གལ་ཆེན་ཞིག་ལ་བརྩི་ཡི་མི་འདུགདྲི་བ། གཞིས་ལུས་རྒྱ་ཆེའི་མི་མང་གི་མངོན་འདོད་དང་རེ་བ་གང་ཡོད་པ་བཞིན་ད་ལྟའི་བཙན་བྱོལ་བོད་གཞུང་གི་ངོས་ནས་མ་འོངས་པར་ཆོས་སྲིད་གང་གི་ཆ་ནས་ལས་དོན་བསྒྲུབ་ཐུབ་ཀྱི་ཡོད་མེད་སྐོར་ལ་དགོངས་ཚུལ་ག་རེ་ཡོད།
ལན། གཞིས་ལུས་མི་མང་གི་མངོན་འདོད་རེ་བ་སོགས་བཙན་བྱོལ་གཞུང་གིས་འགྲུབ་དང་མི་འགྲུབ་ཟེར་བ་དེ་ད་ལྟའི་བཙན་བྱོལ་བོད་གཞུང་གི་འཆར་གཞི་དང་སྒྲིག་འཛུགས་ལ་རག་ལས་ཀྱི་ཡོད་པ་རེད། བོད་གཞུང་ངོས་ནས་ྋསྐྱབས་མགོན་རིན་པོ་ཆེའི་དགོངས་དོན་དང་བཀའ་སློབ་གང་གནང་བ་དེ་དག་ཕུགས་རྒྱང་རིང་པོར་གཟིགས་ནས་འཆར་གཞི་ལྡན་པའི་ཐོག ཁ་ཞེ་གཉིས་མེད་ཀྱིས་རིགས་གཅིག་རྐང་འཛིན་གྱི་སློབ་གཉེར་གནང་ཕྱོགས་དང་ཤེས་ཡོན་སྲིད་བྱུས་སོགས། མདོར་ན། གང་ན་འཐུས་ཤོར་དང་ཉམས་ཆག་ཕྱིན་བསྡད་ཡོད་པ་སོགས་ཀྱི་ཐད་ལ་ད་ནས་བཟུང་ལོ་ངོ་བཅུ་ཕྲག་གཅིག་གཉིས་ཀྱི་རྗེས་ནས་མིག་མཐོང་ལག་ཟིན་གྱིས་ཡར་རྒྱས་གོང་འཕེལ་དང༌། ལས་དོན་ཚགས་ཚུད་བསྒྲུབས་ཐུབ་ཡོད་པ་ཞིག་ད་ལྟ་ནས་འབྲེལ་ཡོད་འཛིན་སྐྱོང་སྡེ་ཚན་ཁག་གིས་ཐུགས་འགན་ཆེ་བཞེས་དགོས་ཀྱི་ཡོད་པ་རེད་བསམ་གྱི་འདུག དེ་འདྲ་མ་བྱུང་ན་ཕར་ཕྱོགས་གཞིས་ལུས་རྒྱ་ཆེའི་མི་མང་གི་ངོས་ནས་རྒྱ་གར་ནང་དུ་ྋགོང་ས་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་བོད་གཞུང་ཡོད་བསམ་པའི་རེ་བ་ཆུད་ཟོས་སུ་མི་འགྲོ་བའི་ངེས་པ་ཡོད་པ་མ་རེད། དེ་མཚུངས་དགོན་པ་གྲྭ་ཚང་ཁག་གིས་བཀའ་རབ་འབྱམས་དགེ་བའི་བཤེས་གཉེན་དང་བླ་སྤྲུལ་ཚོས་ཀྱང་དང་དུ་བླངས་ནས་མི་རིགས་འདི་ཛ་དྲག་གི་དུས་སུ་སླེབས་འདུག་པ་དེར་འགན་ཤུགས་ཆེ་ལེན་དགོས་པ་མ་གཏོགས། ྋགོང་ས་མཆོག་གིས་བཀའ་སློབ་རེ་ཕེབས་ནས་ཉིན་རེ་ཟུང་ཧང་སང་སང་ཧོན་འཐོར་འཐོར་རེ་གནང་སྟེ། རྒྱུན་ལྡན་ཐུགས་སྣང་དེ་ཙམ་མ་གནང་ན་ཕན་ཐོགས་ག་རེ་ཡོད་རེད།  དེང་དུས་ཀྱི་ཤེས་ཡོན་ལ་དམིགས་སུ་བཀར་ནས་སློབ་སྦྱོང་དགོས་པ་དང་དེ་དག་གི་འགྲོ་གྲོན་གཏོང་དགོས་པ་ནི་བོད་ཀྱི་རྩ་དོན་གལ་ཆེ་ཞིག་ཡིན་པ་རེད།
དྲི་བ། ཉེ་བའི་ཆར་ཁྱེད་རང་གིས་དེབ་གསར་པ་ཞིག་བརྩམས་འདུག དེའི་ནང་དུ་གཙོ་བོ་སྤྱི་ཚོགས་འདི་ལ་ཕན་ནུས་ལྡན་པའི་བརྗོད་བྱ་གང་འདྲ་ཞིག་གི་ཐོག་ལ་ཁྱེད་རང་གིས་རྩོམ་བྲིས་ཡོད།
ལན། དེབ་དེའི་མིང་ལ་༼གོ་ལར་འཁྱུད་པའི་བརྩེ་སེམས་༽ཟེར་བའི་མིང་ཞིག་བཏགས་ཡོད། ང་རང་ངོས་ནས་མི་སྒེར་ཞིག་ལ་གནག་སེམས་བཟུང་ནས་བྲིས་པའི་རྩོམ་རྐང་གཅིག་མེད། མང་ཆེ་བ་རང་ཉིད་བོད་པ་གཙང་མ་ཞིག་ཡིན་པའི་ཆ་ནས་སྤྱི་ཚོགས་འདིའི་གནས་བབ་དང་ཉམས་ཆག མ་དག་རྒྱུན་འབྱམས་སུ་སོང་བའི་ཐ་སྙད་སོགས་ཀྱི་ཐད་ལ་སྐྱོན་བརྗོད་ཀྱི་ལམ་ནས་སྐུལ་མ་རེ་བྱས་ཡོད།། བཅར་འདྲི་བྱེད་མཁན་མོན་གྷོ་ས་གནས་གསར་འགོད་པ།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།