རྨི་ལམ་མཛེས་བཟོ་ཁང་གི་བུ་མོ་པད་མ་མེ་ཏོག་ལ་བཅར་འདྲི།
པད་མ་མེ་ཏོག་གྷོ་པ་པུར་སློབ་གྲྭ་འཛིན་རིམ་བཅུ་གཉིས་བར་དུ་འགྲིམས་མྱོང་བ་ དང༌། ཁོང་མོའི་ལས་རོགས་བསྟན་འཛིན་གཡང་འཛོམས་རྡོར་གླིང་སློབ་གྲྭར་འཛིན་རིམ་བཅུ་པ་ཐོན་པ་རེད་འདུགཔདྨ་སློབ་གྲྭ་ནས་ཕྱིར་ཐོན་རྗེས་བོད་གཞུང་ནང་སྲིད་ཀྱི་གོ་སྒྲིག་འོག་རྒྱ་གར་ ལྷོ་ཕྱོགས་བྷེང་ལོར་དུ་མཛེས་བཟོ་དང་སྐྲ་བཞར་གྱི་ལག་ཤེས་ཟླ་དྲུག་རིང་ཆེད་ སྦྱོང་བྱས། ད་ལྟ་དྷ་སར་རྨི་ལམ་མཛེས་བཟོ་ཁང་ཞེས་པ་ཞིག་གཉེར་བཞིན་ཡོད་པ་རེད།
དྲི་བ། ཁྱོད་རང་ལ་མི་ཚེའི་ནང་དཀའ་ངལ་ཆེ་ཤོས་ག་རེ་འཕྲད་སོང༌།
ལན། དེ་སྔོན་བོད་ནས་ལམ་རོགས་ཉེར་བདུན་དང་མཉམ་དུ་བཙན་བྱོལ་དུ་ཡོང་དུས་རྒྱ་བལ་ས་ མཚམས་སུ་རོགས་པ་ཚང་མ་དང་མཉམ་དུ་བལ་ཡུལ་སྐོར་སྲུང་བས་འཛིན་བཟུང་བཙོན་འཇུག་ བྱེད་སྐབས་བཙོན་ཁང་དུ་ཟ་མ་དང་ཉལ་ཆས་གང་ཡང་མེད།དེ་དུས་ང་རང་ཆུང་ཆུང་ཡིན་སྟབས་དེ་ནི་དཀའ་ངལ་དང་སྡུག་བསྔལ་ཆེན་པོ་ལྟར་ཚོར་ བྱུང༌།དེ་ནས་རྒྱ་གར་དུ་འབྱོར་རྗེས་སློབ་གྲྭར་འཛིན་རིམ་བཅུ་གཉིས་བར་སོང་ཡང་ སྟབས་མ་ལེགས་པ་ཞིག་ལ། ང་དང་ཨ་མ་གཉིས་ཀ་ན་བ་སོགས་ཀྱི་དཀའ་ངལ་འཕྲད་དེ། དེ་སྔོན་རང་གི་དམིགས་ཡུལ་ལྟར་མཐོ་སློབ་རྒྱུན་མཐུད་མ་ཐུབ་པ་དེ་ནི་ང་ལ་མཚོན་ ན་དཀའ་ངལ་ཆེ་ཤོས་ཡིན།
དྲི་བ། ཁྱེད་རང་གིས་མཛེས་བཟོ་ཁང་འདི་འདྲ་ཞིག་གཉེར་དགོས་དོན་གང་ཡིན་ནམ།
ལན། ང་རང་སློབ་གྲྭ་འཛིན་རིམ་བཅུ་གཉིས་བར་དུ་ཕྱིན་ཏེ་སློབ་གྲྭ་ནས་ཕྱིར་ཐོན་རྗེས་ བོད་གཞུང་ནང་སྲིད་ཀྱིས་གོ་སྒྲིག་གནང་བའི་སློབ་མའི་འདོད་མོས་ལྟར་གྱི་སྐྲ་ བཞར་གྱི་ལག་ཤེས་ཟླ་དྲུག་སྦྱང་བའི་གོ་སྐབས་བྱུང༌། ང་རང་གྲོགས་མོ་འགའ་དང་མཉམ་དུ་སོ་སོས་གང་ས་ནས་མ་དངུལ་བསྡུ་རུབ་ཀྱིས་དྷ་སར་ རྨི་ལམ་མཛེས་བཟོ་ཁང་འདི་གཉེར་ནས་ཟླ་བ་གཉིས་ཙམ་སོང༌། དེའང་སོ་སོས་གང་འཇོན་འཇོན་གྱིས་རང་ཁ་རང་གསོ་བྱེད་པ་དང༌། གཞུང་ཕྱོགས་ནས་གསོ་སྐྱོང་གནང་བ་ཆུད་ཟོས་སུ་མི་འགྲོ་བའི་ཆེད་དུ་ཡིན།
དྲི་བ། སྤྱི་ཚོགས་སུ་གཞོན་ནུ་མ་མང་པོར་གཞན་བརྟེན་གྱི་བསམ་བློ་དང་རང་རྐྱ་འཕེར་ཐབས་ ཀྱི་ལས་སུ་འཇུག་མཁན་ཉུང་ཉུང་རེད་འདུག དེའི་ཐོག་བསམ་ཚུལ་ག་རེ་ཡོད་དམ།
ལན། མི་འགའ་རེས་གཞན་གྱི་སྐྱོན་ཆ་ཡོངས་རྫོགས་ཕྱིར་བཏོན་ཚར་རྗེས་བསླབ་བྱ་དང་ཐབས་ ལམ་མ་བསྟན་པར་ཕ་རོལ་པོར་དམའ་འབེབས་རྐྱང་རྐྱང་བྱས་ན། བུ་མོ་དེ་ཚོ་ཡར་རྒྱས་འགྲོ་རྒྱུ་ལས་སྡུག་ཏུ་གཏོང་བའི་ཉེན་ཁ་ཡོད། ང་རང་དེ་སྔོན་སློབ་གྲྭར་བསྡད་རིང་རྒན་བདག་ཡིན་ལ་སློབ་གྲོགས་ཚོར་བཟང་ཕྱོགས་ ཀྱི་སྐུལ་མ་བཏང་ན་ཁོ་ཚོས་རང་གི་སྐྱོན་ཆ་ལེགས་བཅོས་བྱ་བར་ཕན་པ་ཆེ་བ་འདུག དེ་འདྲ་ཡིན་དུས་བུ་མོ་དེ་ཚོར་བསླབ་བྱ་བརྒྱབ་པ་དང་དུས་མཚུངས་སུ་ཐབས་ལམ་འདོན་ ཐུབ་ན་ཁོ་ཚོ་ཡར་རྒྱས་འགྲོ་རྒྱུར་ཡག་པོ་མཐོང་སོང༌། དེ་མིན་སྐྱོན་བརྗོད་ཁོ་ནས་ཕན་གྱི་མ་རེད་བསམ་གྱི་འདུག
དྲི་བ། བུ་མོ་ཚོས་རང་གི་ཤེས་ཡོན་དང་བྱ་སྤྱོད་སོགས་ཡར་རྒྱས་གང་འདྲ་གཏོང་དགོས་སམ།
ལན། ལམ་སང་ཡར་རྒྱས་བཏང་ཆོག་ཆོག་ཅིག་ཡོད་མ་རེད་བསམ་གྱི་འདུག སྒེར་གྱི་འདོད་མོས་དང་དམིགས་ཡུལ་བཟུང་ནས་བྱ་བ་གང་བསྒྲུབ་ཀྱང་དེར་ཞུགས་ཚར་ ནས་གདམ་ཁ་བརྒྱབ་ཟིན་པའི་ལས་ཀ་དེ་མཐའ་འཁྱོལ་བ་དང་བརྟན་པོ་དགོས་ཀྱི་རེད། དེ་འདྲ་བྱས་ཏེ་ཕ་མ་སྤུན་མཆེད་དང་སོ་སོར་ངོ་གནོང་མི་དགོས་པ་ཞིག་ངེས་པར་དུ་ དགོས་ཀྱི་རེད་བསམ་གྱི་འདུག སྤྱིའི་ཆ་ནས་བཤད་ན་ང་ཚོའི་སྤྱི་ཚོགས་སུ་གཞོན་སྐྱེས་ཚོས་རང་མི་རིགས་ཀྱི་ཆོས་ དང་རིག་གཞུང་ལ་དོ་སྣང་ཞེ་དྲག་མི་འདུག དམིགས་བསལ་དུ་བུད་མེད་ཚོར་མཚོན་ན་དེའི་ཐོག་སྐྱོན་ཆ་ཆེན་པོ་ཡོད་པ་མཐོང་སོང༌། ཚང་མས་བྱ་བ་ག་རེ་ཡིན་ཡང་འགན་འཁྲི་དང་དོ་སྣང་ཡོད་པའི་ཐོག་ནས་བྱེད་ཐུབ་རྒྱུ་ ཧ་ཅང་གལ་ཆེན་པོ་རེད། ང་ཚོའི་སྤྱི་ཚོགས་ལ་མཚོན་ན་ལས་རིགས་དེ་ཡག་པོ་རེད། ལས་རིགས་འདི་ཡག་པོ་མི་འདུག་ཅེས་བཟང་ངན་གཏན་འབེབས་བྱས་པ་ལྟར་གོམས་གཤིས་འདུག ལས་གནས་གང་ཡིན་ཡང་སྒེར་གྱིས་གདེང་ཚོད་དང་ལེགས་ཉེས་དབྱེ་འབྱེད་ཡོད་པའི་ཐོག་ ནས་འབད་བརྩོན་དང༌། སྤྱི་ཚོགས་ལ་ལེགས་སྐྱེས་ཕུལ་ཐུབ་ན་དགེ་མཚན་ཡོད་པ་དང་ཕ་རོལ་པོར་མིག་དཔེ་ འདོན་ཐུབ་ཀྱི་རེད་བསམ་གྱི་འདུག ང་རང་གཉིས་ཀྱི་མཛེས་བཟོའི་ལས་རིགས་འདིའི་གཟུགས་པོར་འཕུར་མཉེད་གཅིག་པུར་ མཚོན་ན་གཟུགས་ཕུང་ལ་ཕན་པ་དང་བདེ་བ་སྐྲུན་ཐུབ། དཔེར་ན། ངའི་ཨ་མ་ལགས་ཀྱིས་སྔར་ནས་སྨན་འདྲ་མིན་རྒྱུན་དུ་ཟ་དགོས་ཀྱི་རེད། ཟླ་བ་ཁ་ཤས་ཀྱི་སྔོན་ལ་ངས་འཕུར་མཉེད་བཏང་རྗེས་ཨ་མ་ལགས་ཀྱིས་དེ་དངོས་འབྲེལ་ ཕན་པོ་འདུག་ཅེས་གསུངས་ཀྱི་འདུག སྒེར་ངོས་ནས་ལྷག་བསམ་རྣམ་དག་དང་བཟང་ངན་དབྱེ་འབྱེད་ཡོད་པའི་ཐོག་ནས་ལས་ཀ་བྱས་ ན་འགྲིག་བསྡད་ཡོད་རེད་བསམ་གྱི་འདུག།