ནང་ཆོས་དང་འབྲེལ་བའི་དྲི་བ་འགའ།

བོད་ཀྱི་དཔེ་མཛོད་ཁང་གི་དགེ་བཤེས་བསོད་ནམས་རིན་ཆེན་ལགས་སུ་འདི་ག་གསར་ཁང་གིས་བཅར་འདྲི་ཞུས།
དྲི་བ། ནང་པའི་ཆོས་ལ་ཆོས་ལུགས་གཞན་དང་མ་འདྲ་བའི་ཁྱད་ཆོས་གང་ཡོད་དམ།
ལན། སྤྱིར་བཏང་ནང་པའི་ཆོས་དང་ཆོས་ལུགས་གཞན་དག་མི་མཐུན་པ་ཞེ་དྲག་ཡོད་རེད། བསམ་པ་མི་འདྲ་བ་མང་པོ་ཡོད་རེད། སེམས་ཅན་རེ་རེ་ལ་ནང་པའི་ཆོས་དང་ཆོས་ལུགས་གཞན་དག་གིས་ཕན་ཐོགས་མི་ཐོགས་བཤད་ཤེས་ཀྱི་མ་རེད། ཕན་ཐོགས་མཁན་མི་འདྲ་བ་མང་པོ་ཡོད་རེད། ཁ་ཅིག་ལ་ཕན་ཐོགས་མེད་ཀྱང་ཕར་ཕྱོགས་གཞན་དག་ལ་ཕན་ཐོགས་མཁན་དེ་འདྲ་ཡོད་རེད། གཞི་རྩའི་ནང་པའི་ཆོས་དང་ཆོས་ལུགས་གཞན་ཕྱི་རོལ་པ་ཡེ་ཤུ་དང་ཁ་ཆེ་སོགས་ཀྱི་ཁྱད་པར་ནི། ཆོས་ལུགས་གཞན་དག་མང་ཆེ་བས་སྣོད་བཅུད་ཀྱི་འཇིག་རྟེན་དང་བདེ་སྡུག་ཟེར་བ་བྱེད་པ་པོ་དཀོན་མཆོག་ཟེར་བ་ཞིག་གིས་བྱས་པ་རེད་ཟེར་བ་དང༌། འགའ་ཤས་ཀྱིས་ལྷ་ཡིས་བྱས་པ་རེད་ཟེར་བ་ལྟ་བུ་མང་ཆེ་བས་དེ་འདྲ་ཤོད་ཀྱི་ཡོད་རེད། ནང་པས་དགེ་སྡིག་བླང་དོར་ཟེར་བ་རྒྱུ་ལ་བརྟེན་ནས་བྱུང་བ་དང༌། གཙོ་བོ་སོ་སོའི་བསམ་བློའི་ཀུན་སློང་ཡག་ཉེས་ལ་རག་ལས་པ་རེད། ཀུན་སློང་བཟང་པོ་ཞིག་བྱས་པ་ཡིན་ན་འབྲས་བུ་བདེ་བ་དང་ཡག་པོ་ཞིག་ཡོང་གི་རེད།

ཀུན་སློང་སྡུག་ཅག་གིས་བྱས་པ་ཡིན་ན་དེའི་འབྲས་བུ་སྡུག་བསྔལ་དང་གྲ་མི་འགྲིག་པ་ཡོང་གི་རེད། དེ་ག་རེ་རེད་ཟེར་ན། ང་ཚོས་བསམ་བློ་བཏང་ན་ཏོག་ཙམ་ཧ་གོ་ཡི་རེད། ཀུན་སློང་བཟང་པོ་དང་བསམ་པ་བཟང་པོ་ཞིག་གི་ཐོག་ནས་ལྟ་བ་དང་ལུས་ཀྱི་རྣམ་འགྱུར་སོགས་བྱུང་ན་དུས་རྟག་ཏུ་རང་གི་ཉེ་འཁོར་ན་གནས་པ་རྣམས་དགའ་སྣང་དང་ཐག་ཉེ་པོ་ཆགས་ཀྱི་རེད། དེའི་གནས་སྐབས་སུའང་ཡག་པོ་དང་མ་འོངས་པར་ཡང་བག་ཆགས་ཡག་པོ་དང་འབྲས་བུ་བཟང་པོ་ཡོང་གི་རེད། དེ་བཞིན་ཀུན་སློང་ངན་པའི་ཐོག་ནས་ལས་ཀ་བྱས་ན་ཉེ་འཁོར་ཚོ་མི་དགའ་བ་དང་ཐག་རིང་པོ་ཆགས་འགྲོ་བ་དེས་བག་ཆགས་ཡང་ངན་པ་འཇོག་གི་རེད། དེ་ཡིན་དུས་གཙོ་བོ་དེ་བསམ་པ་བཟང་ངན་ལ་རག་ལས་པ་རེད། བདག་ཉིད་བདག་གི་མགོན་ཡིན་ཞེས་པ་བཞིན་རང་གི་མགོན་རང་གིས་བྱེད་དགོས་པ་རེད། རང་གི་བསམ་པ་བཟང་མི་བཟང་དེ་རེད། བསམ་པ་བཟང་པོའི་ཐོག་ནས་སྒོ་གསུམ་བྱ་བ་དེ་ཡག་པོ་ཡོང་གི་རེད། བསམ་པ་ངན་པའི་ཐོག་ནས་སྒོ་གསུམ་གྱི་བྱ་བ་དེ་ཡག་པོ་ཁྱོན་ནས་ཡོང་གི་མ་རེད། སོ་སོའི་འགན་དེ་སོ་སོས་འཁུར་དགོས་རེད། གཙོ་བོ་བྱེད་པ་པོའི་སེམས་ལ་རག་ལས་པ་རེད། སེམས་མ་ཞི་ཞིང་མ་དོར་བ་དེ་ཉོན་མོངས་རེད། ཉོན་མོངས་དེ་རིམ་བཞིན་འགོག་ཐུབ་པ་བྱུང་ན་ང་ཚོའི་སེམས་དེ་ཞི་ཞིང་དུལ་བ་ཡོང་གི་རེད། དེ་ཡོང་ན་སྒོ་གསུམ་གྱི་བྱ་བ་དེ་ཚོ་ཡག་པོ་ཡོང་གི་རེད། ནང་པས་སེམས་དེ་ཡག་པོ་བྱེད་དགོས་པ་དང༌། བསམ་པ་བཟང་པོ་བྱེད་དགོས་པ་དེ་གསུང་གི་ཡོད་རེད། གཙོ་བོ་སེམས་ལ་བརྟེན་ནས་གསུང་གི་ཡོད་རེད།
དྲི་བ། འཇིག་རྟེན་པའི་སྤྱི་ཚོགས་ཡར་རྒྱས་འགྲོ་བར་ནང་པའི་ཆོས་ཀྱིས་གནོད་པ་བཟོ་སྲིད་དམ།
ལན། དེ་ལ་ང་རང་གིས་བལྟས་ན་ནང་པའི་ཆོས་ཀྱིས་སྐྱོན་དང་གནོད་པ་རྩ་བ་ཉིད་ནས་བཟོ་ཡི་མ་རེད་བསམ་གྱི་འདུག སྤྱི་ཚོགས་ཡར་རྒྱས་འགྲོ་བ་ལ་རྩ་བ་ནས་གནོད་ཀྱི་མ་རེད། དེ་ལས་ནང་པའི་ཆོས་ཀྱིས་སྤྱི་ཚོགས་ནང་དཔེ་མི་སྲིད་པའི་ཕན་ཐོགས་ཆེན་པོ་ཡོད་རེད་བསམ་གྱི་འདུག གང་ཡིན་ཟེར་ན། ནང་པའི་ཆོས་ཟེར་བ་དེ་འཚེ་བ་མེད་པ་རེད། འཚེ་བ་མེད་པ་ཟེར་བ་དེ་གཙོ་བོ་རང་ལས་གཞན་གཅེས་ལ་ཐུག་ཡོད་རེད། གཞན་ལ་བདེ་བ་ལྡན་ན་བསམ་པ་དང༌། སྡུག་བསྔལ་དང་བྲལ་ན་བསམ་པའི་རང་ལས་གཞན་གཅེས་ཀྱི་ལས་ཀ་བྱེད་པ་ཡིན་སྟབས། གཞན་ལ་གནོད་པ་དེ་ཤུགས་ཀྱིས་འགག་འགྲོ་ཡི་ཡོད་རེད། གཞན་ལ་གནོད་པ་མེད་ན་འཚེ་བ་མེད་པ་རང་བཞིན་གྱིས་ཆགས་ཀྱི་རེད། འཚེ་བ་མེད་པ་ཡིན་ན་ཞི་བདེ་ལ་དཔེ་མི་སྲིད་པའི་ཕན་ཐོགས་ཡོད་རེད། དེ་ཙམ་མ་ཟད་ནང་པའི་ཆོས་ཀྱིས་འདོད་ཆུང་ཆོག་ཤེས་བྱེད་དགོས་རེད་གསུང་གི་ཡོད་རེད། འདོད་ཆུང་ཆོག་ཤེས་ཟེར་བ་དེ་སྤྱིར་བཏང་ཟ་རྒྱུ་དགོས་ཀྱི་མ་རེད། འཐུང་རྒྱུ་དགོས་ཀྱི་མ་རེད་ཟེར་གྱི་ཡོད་མ་རེད། འདོད་ཆུང་ཆོག་ཤེས་ཀྱི་རྩ་བ་དེ་ཆགས་པ་དང་སྲེད་པ་ལ་ཐུག་བསྡད་ཡོད་རེད། སྲེད་པ་ལ་ཆགས་པ་དེའི་དབང་གིས་གཞན་ལ་དགྲ་བྱེད་པ་ལ་སོགས་པ་མི་འདོད་པ་ཚང་མ་དེས་བཟོ་ཡི་ཡོད་རེད། ཆགས་པ་དེའི་དབང་གིས་ཆགས་ཡུལ་ལ་གནོད་པ་བཟོ་བ་སོགས་འཇིག་རྟེན་གྱི་མི་མཐུན་པ་ཚང་མ་དེས་དེད་ཡོང་གི་རེད། དེ་འདྲ་ཡིན་སྟབས། ནང་པའི་ཆོས་ནས་གསུང་པ་བཞིན་བྱེད་ཐུབ་ན་འཇིག་རྟེན་ལ་གྲ་མ་འགྲིག་པ་དང་ཡར་རྒྱས་འགྲོ་བ་ལ་ཕན་གྱི་རེད་མ་གཏོགས། གནོད་པ་སྤུ་ཙམ་ཡང་ཡོད་མ་རེད་བསམ་གྱི་འདུག འཛམ་གླིང་ཞི་བདེ་ཟེར་བ་དེ་རྩ་བ་ཆོས་ཀྱི་དོན་ལ་བསམ་བློ་བཏང་ན་ཕན་གྱི་རེད། ཞི་བདེ་ཟེར་བ་ཚང་མར་དགོས་ཀྱི་ཡོད་རེད། དེ་ཡང་སོ་སོའི་ནང་མི་དང་ཉེ་འགྲམ་ལ་ཡོད་མཁན་ཚོ་ལ་བློ་ཐག་ཉེ་པོ་དང༌། དེ་ནས་དེ་དང་མཐུན་པར་རྒྱ་ཆེ་ཙམ་འཛམ་བུ་གླིང་ཚང་མ་དེ་འདྲ་བྱེད་ཐུབ་པ་ཡིན་ན། ནང་པའི་ཆོས་ཀྱི་བསམ་བློ་དེ་རེད། དེ་འདྲ་བྱས་ན་སྤྱི་ཚོགས་ནང་ལ་ཕན་ཐོགས་འབྱུང་བ་ལས་སྤྱི་ཚོགས་ལ་བརྡབ་གསིག་ཡོང་གི་མ་རེད། རྒྱུ་དངོས་ལ་འདོད་ཆུང་ཆོག་ཤེས་ཟེར་བ་དེ་རྩ་བ་ནས་དགོས་ཀྱི་མ་རེད་ཟེར་གྱི་ཡོད་མ་རེད། ཆགས་པ་དེས་གྲ་མ་འགྲིག་པ་བཟོ་ཡི་ཡོད་སྟབས་དེ་ལྟར་གསུངས་པ་རེད། དེར་བརྟེན་ནང་པའི་ཆོས་ཀྱིས་སྤྱི་ཚོགས་ཡར་རྒྱས་འགྲོ་བར་གནོད་ཀྱི་མ་རེད།
དྲི་བ། ནང་པའི་ཆོས་དེ་རྒྱུ་མཚན་དང་ཁུངས་ལུང་ལྡན་པ་ཞིག་ར་སྤྲོད་གང་གིས་བྱེད་དགོས།
ལན། ནང་པའི་ཆོས་དེ་རྒྱུ་མཚན་དང་ཁུངས་ལུང་ལྡན་པ་ཞིག་ཡིན་ཟེར་བ་དེ། ང་ཚོ་ཚང་མ་སྐྱིད་པོ་ལས་སྡུག་བསྔལ་མི་འདོད་མཁན་རྐྱང་རྐྱང་རེད། སྐྱིད་པོ་འདོད་མཁན་དང་སྡུག་བསྔལ་མི་འདོད་མཁན་ཞིག་ཡིན་སྟབས། སྡུག་བསྔལ་ཟེར་བ་དེའི་རྒྱུ་ག་རེ་ཡིན་པ་དེ་འགོག་དགོས་རེད། སྐྱིད་པོའི་རྒྱུ་དེ་སྒྲུབ་དགོས་རེད། དེ་འདྲའི་སྒོ་ནས་འགྲོ་དགོས་རེད། དེས་རྒྱུ་མཚན་དང་ཁུངས་ལུང་ལྡན་པའི་ར་སྤྲོད་བྱེད་ཀྱི་རེད་བསམ་གྱི་ཡོད། དེ་འདྲ་ཡིན་དུས་སྐྱིད་པའི་རྒྱུ་དེ་སྒྲུབ་དགོས་རེད། བྱ་བ་ངན་པ་སྤངས་ནས་སྡིག་སྤོང་དགེ་སྒྲུབ་བྱེད་དགོས་རེད། དེ་འདྲ་བྱེད་ཐུབ་ཀྱི་རེད་དམ་ཟེར་ན། ད་ལྟ་ང་ཚོས་བྱེད་ཐུབ་ཀྱི་རེད་བསམ་གྱི་འདུག ད་ལྟ་ང་ཚོ་མིའི་ལུས་རྟེན་རེད། དེར་བརྟེན་སྡིག སྤོང་དགེ་སྒྲུབ་བཟོ་བའི་མཐུན་རྐྱེན་ཚང་བསྡད་ཡོད་རེད། མིའི་ལུས་རྟེན་དེ་ལ་བརྟེན་ནས་ཕྱིའི་འགལ་རྐྱེན་སེལ་བ་དང་མཐུན་རྐྱེན་སྒྲུབ་པ། ནང་གི་འགལ་རྐྱེན་སེལ་བ་དང་མཐུན་རྐྱེན་སྒྲུབ་པ། སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཞིག་ཡིན་ན་སྡིག་སྤོང་དགེ་སྒྲུབ་བྱེད་དགོས་པ་རེད། དེ་ང་རང་ཚོའི་ནང་པའི་ཆོས་ནས་ཤེས་དགོས་པའི་རྒྱུ་མཚན་ཞིག་རེད། དེ་ཡང་ད་ལྟའི་རྟེན་འདིའི་སྟེང་ནས་སྒྲུབ་དགོས་རེད། ད་ལྟའི་ལུས་རྟེན་དེ་འགལ་རྐྱེན་སེལ་བ་དང་མཐུན་རྐྱེན་སྒྲུབ་ཐུབ་པ་ཞིག་ཆགས་བསྡད་ཡོད་རེད། རང་གི་ལུས་རྟེན་ཡག་པོ་ཡོད་པ་དང༌། ཆོས་ཀྱི་བླང་དོར་སྟོན་མཁན་ཡང་ཡོད་རེད། བླང་དོར་འབྱེད་པའི་ཆོས་ཡང་ཡོད་རེད། དེ་ཚོ་ཡག་པོ་འཛོམས་པའི་སྐབས་ལ་མ་གཏོགས་མ་འོངས་པར་གོ་སྐབས་དེ་འདྲ་འཐོབ་རྒྱུ་ཁག་པོ་རེད་བསམ་ནས། མི་ཚེ་འདི་ལ་སྒྲུབ་དགོས་པ་རེད། དེ་ཡང་སང་ཉིན་བྱ་དགོས། གནང་ཉིན་བྱ་དགོས་བསམ་ན། འདུས་བྱས་ཐམས་ཅད་མི་རྟག་པ་ཡིན་པས་འཆི་བ་ཡོང་གི་རེད། ནམ་འཆི་ངེས་མེད་རེད་སྙམ་པའི་བསམ་བློ་དེ་འདྲ་བཏང་ན། དངོས་གནས་སྟོན་པ་བཅོམ་ལྡན་འདས་ཀྱིས་གསུངས་ཡོད་རེད་ལ། དེ་བཞིན་དངོས་ཡོད་གནས་ཚུལ་མཐོང་རྒྱུ་ཡོད་རེད་བསམ་གྱི་འདུག རྒྱུ་མཚན་དེ་ཁུངས་དག་ཅིག་རེད་བསམ་གྱི་འདུག དེ་ལས་གཞན་པ་རྟེན་འབྱུང་གི་ལྟ་བ་ཟེར་བ། རྒྱུ་དགེ་བ་ལས་འབྲས་བུ་བདེ་བ་དང༌། རྒྱུ་སྡིག་པ་ལས་འབྲས་བུ་སྡུག་བསྔལ་འབྱུང་གསུང་པ་ལྟ་བུའི་རྟེན་འབྱུང་གི་ལྟ་བ། གཞན་ཡང་རྟེན་འབྱུང་གི་ལྟ་བ་མང་པོ་ཡོད་པ་དེ་བཞིན་བསམ་བློ་གཏོང་ན་དཔེ་མི་སྲིད་པའི་ཕན་ཐོགས་ཡོད་རེད་བསམ་གྱི་འདུག།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།