རྡུལ་ཕྲན་གཅིག་ཁོ་ནའི་སྟེང་གི་འཇིག་རྟེན།

གསེར་རྟ་ཚུལ་ཁྲིམས།

ཉེ་བའི་ཉིན་ཤས་སྔོན་<<རྡུལ་ཕྲན་གཅིག་ཁོ་ནའི་ཐོག་གི་འཇིག་རྟེན་>>ཞེས། ྋགོང་ས་མཆོག་གི་བཀའ་རྩོམ་དེབ་ཅིག་བསྟན་འཛིན་རིག་བཟང་ལགས་ཀྱིས་དབྱིན་ཡིག་ནས་བོད་བསྒྱུར་བྱས་འདུག་པ་དང༌། ཤོག་ངོས་སུམ་བརྒྱ་ལྷག་ཡོད་པའི་དེབ་དེ་ཕྲན་ལ་གཅིག་གནང་སོན་བྱུང་བས་ཚར་གཅིག་བཀླགས་པ་ཡིན། དེབ་འདིའི་ནང་དོན་གཙོ་བོ་ཚན་རིག་དང་སེམས་དོན་རིག་པ་གཉིས་ཀྱི་སྐོར་ཡིན་ལ། ནང་པ་སངས་རྒྱས་པའི་མཚན་ཉིད་རིག་པ་དང༌། ཚན་རིག་གཉིས་ཀའི་གཞི་རྩའི་ལྟ་བ་དང༌། རྣམ་གཞག བརྟག་ཐབས་སོགས་དང་དེ་བཞིན་དུས་རབས་ཉེར་གཅིག་པའི་མི་རྣམས་ལ་འཕྲད་པའི་ཀུན་སྤྱོད་ཀྱི་དཀའ་ངལ་སོགས་ཀྱང་གསལ་བཤད་གནང་ཡོད་པ་རེད།

དབྱིན་ཡིག་གི་ཐོག་ནས་གནང་བའི་ྋགོང་ས་མཆོག་གི་བཀའ་རྩོམ་དེར་འཛམ་གླིང་གི་ཁྲོད་དུ་དོ་སྣང་ཤུགས་ཆེན་པོ་བྱུང་ཡོད་ལ། ད་ལན་ངའི་ལོ་བཅུ་ཕྲག་སྔོན་ནས་ངོ་ཤེས་རྒྱུས་མངའ་ཟབ་པའི་གྲོགས་པོ་བསྟན་འཛིན་རིག་བཟང་ལགས་ཀྱིས་བོད་སྒྱུར་ཞུས་པ་ཙམ་དུ་མ་ཟད། དེབ་དེ་ཞིབ་ཀློག་ཚར་གཅིག་བྱས་པ་བརྒྱུད་ཚིག་སྦྱོར་བདེ་བ་དང༌། མགོ་ནས་མཇུག་བར་ཁ་གསལ་ཞིང་གོ་བ་བདེ་བའི་ཁྱད་ཆོས་ཀྱིས་ཕྱུག་འདུག སྒྱུར་བ་པོ་ཁོང་ལ་མཚོན་ན་ངེད་གཉིས་གསོག་སྒར་སློབ་གྲྭ་ནས་བོད་ཡིག་འཛིན་གྲྭ་གཅིག་པ་ཡིན་ལ། དུས་རྒྱུན་ཕན་ཚུན་བསམ་ཚུལ་བརྗེ་རེས་བྱེད་ཡུལ་བློས་ཐུབ་ཀྱི་གྲོགས་པོ་ཞིག་ཀྱང་ཡིན། ཁོང་གསོག་སྒར་སློབ་གྲྭ་ནས་སློབ་དུས་ཚང་བའི་སྐབས། ངས་ཁོང་ལ་ཁྱོད་རང་ལ་མཚོན་ན་བོད་ཡིག་གི་ཤེས་ཚད་ཡག་པོ་ཡོད་པ་མ་ཟད། དབྱིན་ཡིག་ཀྱང་ལྟོས་ས་ལྟོས་འཇོག་གིས་ཡག་པོ་ཡོད་པས་མ་འོངས་པར་རིག་གཞུང་ལ་ཕན་པའི་ལག་རྗེས་ཤིག་འཇོག་ཐུབ་ན་ཡག་པོ་ཡོད་པའི་བསམ་ཚུལ་ཡང་ཞུས་མྱོང༌། ཁོང་གིས་བྷེང་ལོར་སོགས་སུ་དབྱིན་ཡིག་སློབ་སྦྱོང་དང༌། དེ་བཞིན་དབྱིན་ཡིག་དགེ་རྒན་གྱི་ཕྱག་ལས་གནང་བའི་ཞོར་དུ་རང་ཉིད་ཀྱིས་སློབ་སྦྱོང་བྱས་པ་སོགས་སྔ་ཕྱིར་ལོ་བཅུ་ལྷག་གི་རིང་དབྱིན་ཡིག་ལ་འབད་བརྩོན་ལྷོད་མེད་ཀྱིས་སྦྱང་བརྩོན་བྱས་པ་བརྒྱུད། དབྱིན་བོད་གཉིས་ཀྱི་སྐད་ཡིག་ཐོག་ནས་གཞན་དྲིང་མི་འཇོག་པའི་ཤེས་ཡོན་ཡོད་པ་དང༌། དེ་བཞིན་ལོ་ན་ཆུང་བའི་སྐབས་ལོ་བརྒྱད་དགུ་ཞིག་ལ་དགེ་ལྡན་བསྟན་པའི་ཆུ་མགོ་མདོ་སྨད་བྱ་ཁྱུང་དགོན་དུ་ཆོས་ཞུགས་ཀྱིས་ནང་པ་སངས་རྒྱས་པའི་གཞུང་ལུགས་སྐོར་ལ་སློབ་སྦྱོང་བྱེད་རྒྱུའི་སྐལ་བའང་ཐོབ་མྱོང་འདུག ད་ལམ་ཁོང་གིས་གལ་ཆེ་བའི་དེབ་འདི་ཉིད་བོད་བསྒྱུར་གནང་བར་ཚིག་དོན་གཉིས་ཐད་ནས་མ་རྩོམ་གྱི་བྲོ་བ་མ་ཉམས་ཤིང༌། བོད་ཡིག་གི་སྡེབ་སྦྱོར་སྙན་པ་སོགས་ཀྱི་ཡོན་ཏན་མང་པོ་འཛོམས་ཡོད་པ་དེ། གོང་དུ་བརྗོད་པ་བཞིན་ཁོང་གིས་ལོ་མང་རིང་ཁ་ཁུ་སིམ་མེར་སློབ་སྦྱོང་ལ་འབད་བརྩོན་བྱས་པའི་གྲུབ་འབྲས་ཉག་གཅིག་རེད། ད་བར་ཁོང་སྤྱི་ཚོགས་ཁྲོད་གྲག་འགུལ་ཆེན་པོ་མེད་པའི་མི་ཞིག་ཡིན་སྟབས་རྒྱུས་མངའ་མེད་པ་ཁག་ཅིག་གིས། ད་ལྟའི་ཆར་དབྱིན་ཡིག་གི་ཟ་སྐད་འཐུང་སྐད་ཙམ་ཡང་གོ་བརྡ་མི་འཕྲོད་པ་དག་གིས་གླེགས་བམ་གླེགས་བམ་དང་གླེགས་བམ་བྱས་ནས་བོད་བསྒྱུར་བྱེད་བཞིན་པ་འདི་དག་དང་མཚུངས་པར། ཡིག་གཟུགས་བོད་ཡིག་ཡིན་ཡང༌། ནང་དོན་བོད་སྐད་མ་ཡིན་པ་ལྟ་བུ་དག་དང༌། གཅིག་མཚུངས་མིན་ནམ་དྲན་སྲིད་ཀྱང༌། དོན་དམ་པར་ཁོང་གིས་བསྒྱུར་བའི་དེབ་དེ་ནི་བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་ནང་ནས་འབུར་ཐོན་གྱི་ཁྱད་ཆོས་ཡོད་པའི་དཔེ་དེབ་ཅིག་ཡིན་པ་གཟིགས་མཁན་རྣམས་ཀྱིས་ཞིབ་ཀློག་ཐེངས་གཅིག་གནང་ན་ཤེས་ཐུབ།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།