ཞིབ་འཇུག་བྱེད་རྒྱུའི་ཐོག་ལ་ཤུགས་རྒྱག་རྒྱུ་མེད་འགྲོ་བསམ་གྱི་འདུག

བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གསར་པ་སྤྱི་འཐུས་ཆོས་སྐྱོང་དབང་ཕྱུགས་ལགས་སུ་བཅར་འདྲི།
དྲི་བ། བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་ལས་གཞི་གཙོ་བོ་གང་ཡིན་ནམ།
ལན། བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་ལས་གཞི་གཙོ་བོ་བོད་པའི་ཆབ་སྲིད་ཀྱི་གནས་སྟངས་རྒྱལ་ཡོངས་ནང་ཁྱབ་སྤེལ་བྱེད་ཐུབ་པ་དང༌། བཙན་བྱོལ་བོད་གཞུང་གི་ཆབ་སྲིད་ལམ་ལུགས་ལ་རྒྱ་གར་ནང་དང་ཕྱི་རྒྱལ་ཁག་ནས་རྒྱབ་སྐྱོར་ཐོབ་རྒྱུའི་ཆེད་དུ་ལས་དོན་བྱེད་རྒྱུ་དེ་གཙོ་བོ་གཅིག་རེད། བཙན་བྱོལ་བོད་མིའི་མང་གཙོའི་ལམ་ལུགས་ཁྱབ་སྤེལ་གཏོང་རྒྱུ་དང༌། དེ་གཞི་རྩ་བརྟན་པོ་ཡོང་ཆེད་མང་ཚོགས་ནང་གོ་རྟོགས་གང་ཐུབ་སྤེལ་རྒྱུ་དེ་རེད། མ་འོངས་པར་བོད་རྒྱལ་ཁབ་ཀྱི་ཕྱག་ལས་གནང་མཁན་གཞོན་སྐྱེས་ཚོར་དམིགས་བསལ་གྱིས་སྐབས་བབ་ཀྱི་འགན་ངོ་སྤྲོད་དང༌། སློབ་གསོ་རྒྱག་ཐུབ་པ། མ་འོངས་པར་འགོ་ཁྲིད་ལ་ཕེབས་ཐུབ་པའི་ནུས་པ་བསྐྲུན་ཐབས་དེ་ཚོ་འགན་ཆགས་བསྡད་ཡོད་པ་རེད།

དེ་བཞིན་རྒྱ་གར་ནང་གི་གྲོས་ཚོགས་ཀྱི་འཐུས་མི་དང༌། མཁས་དབང་ཁག ཕྱི་རྒྱལ་ཁག་གི་གྲོས་ཚོགས་འཐུས་མི་དང༌། མཁས་དབང་ཚོ་མཉམ་དུ་འབྲེལ་བ་བཟོ་ཐུབ་པ་དང༌། བོད་དོན་གླེང་སློང་དང་རྒྱབ་སྐྱོར་ཡོང་ཐབས་རེད། ལྷག་དོན་དུ་རྒྱལ་སྤྱིའི་ནང་བོད་དོན་དང་འབྲེལ་བའི་གནས་ཚུལ་བྱུང་བ་ཁག་ལ་ཞིབ་འཇུག་དང༌། ཕྱོགས་བསྒྲིགས་བྱས། དེ་ཚོ་འཛིན་སྐྱོང་དང༌། བོད་མི་མང་སྤྱི་འཐུས་ལ་སྐབས་བབ་དགོས་མཁོ་ལ་བལྟས་ནས་འབུལ་རྒྱུ་སོགས་དམིགས་ཡུལ་གཞི་རྩར་བཟུང་ནས་ཕྱག་ལས་གནང་བསྡད་པ་ཆགས་འདུག
དྲི་བ། བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་དེ་སྔོན་གྱི་ལས་དོན་ནང་གྲུབ་འབྲས་ཆེ་ཤོས་ག་རེ་ལ་ངོས་འཛིན་གནང་གི་ཡོད།
ལན། བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གིས་ཕྱག་ལས་གནང་བ་དེ་བཙན་བྱོལ་སྤྱི་ཚོགས་ཙམ་མ་རེད། རྒྱ་གཞུང་གི་ངོས་ནས་ཡིན་ནའང་དོ་སྣང་སྤྲོད་ཀྱི་ཡོད་པའི་གནས་བབས་ཤིག་ཆགས་བསྡད་འདུག རྒྱ་གཞུང་གི་གཏམ་བཤད་དང༌། བསྒྲགས་གཏམ་དེ་འདྲའི་ནང་ཐེངས་གཅིག་གཉིས་ཤིག་ལ་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་མིང་བཏོན་བཞག་ཡོད་པ་ངས་མཐོང་མྱོང༌། བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང༌། འཇར་མན་རོགས་སྐྱོར་གནང་མཁན་མཉམ་འབྲེལ་གྱིས་བཙུགས་པ་དང༌། རྒྱ་གཞུང་གིས་མིང་འདོན་བྱས་པ་དེས་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་བཙུགས་པའི་དགོས་པ་དང༌། དོན་འབྲས་གང་འཚམས་སོན་པར་དཔང་རྟགས་མཚོན་གྱི་ཡོད་པ་རེད། ད་ལྟ་ལོ་བཅུ་དྲུག་འཁོར་གྱི་ཡོད་པ་དང༌། དེའི་རིང་ལ་ཕྱག་ལས་རབ་དང་རིམ་པ་མང་པོ་གནང་འདུག ༡༩༩༡ ལོར་འགོ་བཙུགས་པ་དང༌། མཐོ་སློབ་ཁག་གི་སློབ་ཕྲུག་དང༌། དམིགས་བསལ་གྱི་ཝར་ན་མཐོ་སློབ་དང་ཧི་མ་ལ་ཡའི་རི་རྒྱུད་ན་ཡོད་པའི་སློབ་ཕྲུག་ཚོར་ཟབ་སྦྱོང་སྤྲད་པའི་ལས་ཀ་ཐོག་མ་དེ་བྱས་འདུག དེ་རྗེས་ཟབ་སྦྱོང་འདྲ་མིན་གོ་སྒྲིག་དང༌། དམིགས་བསལ་གྱིས་མཐོ་སློབ་ཁག་གི་སློབ་མ་ལ་ཟབ་སྦྱོང་སྤྲད་འདུག དེ་བཞིན་རང་ཐག་རང་གཅོད་ཀྱི་གནད་དོན་དང༌། རང་སྲིད་རང་སྐྱོང་གི་གནད་དོན། འཛམ་གླིང་ནང་ལ་རང་སྲིད་རང་སྐྱོང་གི་གནས་བབ་འོག་ཡོད་པའི་གཞུང་གི་ཐོག་ལ་ཞིབ་འཇུག་བྱས་ནས་དེབ་པར་བསྐྲུན་དང༌། གྲོས་ཚོགས་ནང་བོད་དོན་གླེང་སློང་བྱུང་བ་ཁག་ཕྱོགས་བསྒྲིགས་ཀྱིས་དེབ་པར་བསྐྲུན་བྱས། དེ་བཞིན་ྋསྐྱབས་མགོན་རིན་པོ་ཆེའི་བོད་བསྟན་པ་ཆབ་སྲིད་དང་འབྲེལ་བའི་བཀའ་སློབ་གནང་བ་ཕྱོགས་བསྒྲིགས། ཟམ་གདོང་རིན་པོའི་ཆེའི་བཀའ་སློབ་ཁག་ཕྱོགས་བསྒྲིགས་བྱས། ད་ལོ་ཡིན་ནའང་བོད་ཀྱི་ས་བྱི་ཞི་རྒོལ་ཆེན་མོའི་ཐོག་བྱུང་བའི་གནས་ཚུལ་དང༌། རྒྱལ་སྤྱིའི་ནང་གི་དབུ་ཁྲིད་འདྲ་མིན་གྱིས་བོད་དོན་གླེང་བ་དང༌། རྒྱ་ནག་གཙོས་པས་རྒྱལ་སྤྱིའི་ནང་གི་མཁས་དབང་ཁག་གི་བོད་དོན་དང་འབྲེལ་བའི་གསུང་རྩོམ། རྒྱ་ནག་དམར་ཕྱོགས་ཀྱིས་བོད་ནང་ལ་ལས་དོན་བྱེད་ཕྱོགས་སོགས་ཞིབ་འཇུག་བྱས་པའི་དེབ་དེ་འདྲ་བ་སུམ་བཅུ་ལ་ཉེ་བ་ཞིག་པར་བསྐྲུན་བྱས་འདུག བགྲོ་གླེང་ཚོགས་འདུ་མང་པོ་གོ་སྒྲིག་བྱས་འདུག རྒྱ་གར་ནང་དུ་ཧིན་བོད་འཛའ་འབྲེལ་ཚོགས་པར་ཐོག་མར་མཐུན་འགྱུར་སྦྱར་བ་དང༌། ཁོང་ཚོ་དང་མཉམ་འབྲེལ་གྱིས་ལས་དོན་བྱས་པ་མང་པོ་བྱུང་འདུག རྒྱ་གར་ནང་ཨེ་ཤ་ཡའི་གླིང་ཕྲན་ནང་དུ་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་ཐོག་མ་དེར་བོད་ཀྱི་གྲོས་ཚོགས་སྲིད་བྱུས་ཉམས་ཞིབ་ཁང་གིས་མཐུན་འགྱུར་སྦྱར་འདུག ཉེ་ཆར་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ལྔ་པ་གོ་སྒྲིག་བྱས་པ་སོགས་ཕྱག་ལས་གནང་འདུག རྩ་བའི་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ལྷན་ཚོགས་ནང་ལ་འཆར་གཞི་ཁྱེར། དེར་འགན་འཛིན་ལྷན་ཚོགས་ནང་གྲོས་འཆམ་བྱུང་ནས་གཏན་འབེབས་བྱེད་ཀྱི་ཡོད་པས། དེ་ལག་བསྟར་བྱས་ཡོང་སྐབས་དུས་ཚོད་ཀྱི་དགོས་མཁོ་ལ་གཟིགས་ནས་ཕལ་ཆེ་བ་ཞིག་ཚད་ལྡན་ལ་ངོས་འཛིན་བྱེད་ཆོག་པ་ཞིག་རེད་བསམ་གྱི་འདུག
དྲི་བ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ལས་དོན་བྱེད་ཕྱོགས་ཐོག་ཞིབ་འཇུག་གནང་བ་དེ་འདྲ་ཡོད་དམ།
ལན། ང་རང་ཚོའི་གྲོས་ཚོགས་ཀྱི་བྱེད་སྟངས་ཐོག་ད་ལྟ་བར་དུ་ཞིབ་འཇུག་དང་ཉམས་ཞིབ་དམིགས་བསལ་གྱིས་གནང་མི་འདུག ཡིན་ནའང་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གིས་འགན་ཁུར་བའི་ཐོག་ནས་འབྲེལ་ཡོད་ཀྱི་སྒྲིག་འཛུགས་ཁག་ཐུན་མོང་གི་ཐོག་ནས་གྲོས་ཚོགས་འཐུས་མི་རྣམས་ལ་གྲོས་ཚོགས་ཀྱི་འགྲོ་ལུགས་ཟབ་སྦྱོང་ཐེངས་མང་པོ་གནང་འདུག རྒྱ་གར་ནང་གི་གྲོས་ཚོགས་འགྲོ་སྟངས་དང༌། ལྷག་དོན་དུ་དམིགས་བསལ་ཚོགས་ཆུང་བསྐོ་བཞག་བྱེད་སྟངས་དང༌། འགན་དང༌། དབང་ཚད་ག་ཚོད་ཡོད་མེད་སོགས་ཀྱི་ཐོག་འགྲེལ་བཤད་རབ་དང་རིམ་པ་གནང་ཡོད་པ་རེད། གྲོས་ཚོགས་ཀྱི་དེབ་ཐེར་བཟོ་རྒྱུ་དེར་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་མཐུན་འགྱུར་གནང་གི་ཡོད་པ་རེད། དེ་བཞིན་ཉེ་ཆར་གྲོས་ཚོགས་འཐུས་མི་ཡོངས་ཀྱི་ཟུར་ཚོགས་ཤིག་འཚོགས་པ་རེད། འཐུས་མི་ཡོངས་རྫོགས་ཟུར་དུ་འཚོགས་པ་དེ་ཕལ་ཆེར་ཐེངས་དང་པོ་ཆགས་བསྡད་ཡོད་པ་རེད། དེའི་ཐོག་ཕན་ཚུན་བསམ་ཚུལ་བརྗེ་ལེན་གནང༌། མཐའ་བསྡོམས་གྲོས་ཚོགས་ནང་གནང་བཞིན་པའི་ལས་དོན་ཐོག་འགྱུར་བ་ག་རེ་དགོས་ཀྱི་འདུག གྲོས་ཚོགས་ཀྱི་འཐུས་མི་རང་བཀའ་བསྡུར་གནང་རྒྱུའི་ཁོར་ཡུག་ང་ཚོས་བཟོ་ཆོག་གི་རེད་མོད། ང་ཚོས་འགྱུར་བ་འདི་གཏོང་དགོས་ཟེར་རྒྱུ་མ་བདེ་བ་ཆགས་འགྲོ་ཡི་ཡོད་པ་རེད། མ་འོངས་པར་གྲོས་ཚོགས་ནང་ལས་དོན་ག་རེ་དགོས་ཀྱི་འདུག ཡར་རྒྱས་ག་རེ་དགོས་ཀྱི་འདུག་གྲོས་ཚོགས་འཐུས་མི་རང་བཀའ་བསྡུར་གནང༌། མཐར་གྲོས་ཚོགས་ནང་བསྒྱུར་བཅོས་དང་ཡར་རྒྱས་ག་རེ་དགོས་ཀྱི་འདུག བཅའ་ཁྲིམས་དང་འབྲེལ་བ་ཆགས་ཡོད་ན། བཅའ་ཁྲིམས་བསྐྱར་བཅོས་ཀྱི་གྲོས་འཆར་ཁྱེར་ཡོང་དགོས་པ་རེད། སྒྲིག་གཞི་དང་འབྲེལ་བ་ཆགས་ཡོད་ན་སྒྲིག་གཞི་བསྐྱར་བཅོས་ཀྱི་གྲོས་གཞི་ཁྱེར་ཡོང་དགོས་པ་རེད། མཐར་གྲོས་ཚོགས་འཚོགས་ནས་གཏན་འབེབས་གནང་དགོས་པ་རེད། ཡིན་ནའང་ཞིབ་འཇུག་དང༌། སློབ་སྦྱོང་བྱེད་རྒྱུ་དང༌། འདི་འདྲ་འགྱུར་བ་བཏང་ན་དགེ་མཚན་འདུག་ཟེར་རྒྱུའི་ལམ་ཁ་ཡོད་པ་རེད། མ་འོངས་པར་གནང་ནས་གྲོས་ཚོགས་འཐུས་མི་ལ་ཕུལ་ནའང་རེད། རྒྱུན་ལས་ནང་ལ་ཕུལ་ནའང་རེད། ཚོགས་གཙོ་རྣམ་གཉིས་ལ་ཕུལ་ནའང་འགྲིག་གི་རེད། མཐའ་མའི་ཐག་གཅོད་དེ་གྲོས་ཚོགས་ནང་ནས་གནང་གི་རེད།
དྲི་བ། སྐུ་ཉིད་ལ་མཚོན་ན། གྲོས་ཚོགས་ནང་ཡིན་ནའང་རེད། མཐོ་སློབ་ཁག་གི་སློབ་མ། མང་ཚོགས་སོགས་ཟབ་སྦྱོང་ཐོག་མཉམ་འཛོམས་བྱས་ཡོང་སྐབས། སྐྱོན་ཆའམ་ཞན་ཆ་ག་རེ་ལ་ངོས་འཛིན་གནང་གི་ཡོད།
ལན། ངས་སྐྱོན་ཆ་ཞིག་མཐོང་གི་མེད། དང་ཐོག་ཟབ་སྦྱོང་ལ་ཕེབས་ཡོང་དུས། ཅིག་ཤེས་དགོས་བསམ་ནས་ཕེབས་ཡོང་གི་ཡོད་པ་རེད། ཅིག་ཤེས་དགོས་བསམ་ནས་ཕེབས་ཡོང་དུས་ཚང་མ་ཤེས་ཀྱི་མེད་པ་གཞི་འཛིན་ས་ཆགས་ཀྱི་ཡོད་པ་རེད། གནད་དོན་ཚང་མ་ཤེས་མཁན་ཕལ་ཆེར་ཁག་པོ་རེད། སོ་སོས་ཤེས་རྒྱུ་དེའི་ཐོག་བཀའ་མོལ་གནང་རྒྱུ་དང༌། མ་ཤེས་པ་དེ་ཕན་ཚུན་སློབ་སྦྱོང་བྱེད་རྒྱུ་དང༌། སྐབས་བབ་ཀྱི་གསུང་བཤད་གནང་མཁན་བརྒྱུད་ནས་གནས་ཚུལ་གསར་དུ་མཁྱེན་རྟོགས་ཡོང་རྒྱུ་རང་བཞིན་གྱི་འགྲོ་སྟངས་རེད། སློབ་སྦྱོང་བྱེད་རྒྱུ་ལ་མཐའ་མེད་པས་དེའི་ཆ་ཤས་ལྟ་བུ་ཆགས་བསྡད་ཡོད་པ་རེད། དེ་ལ་སྐྱོན་ཆ་དང་ཞན་ཆར་ངོས་འཛིན་བྱས་ན་འོས་བབ་མ་རེད་བསམ་གྱི་འདུག
དྲི་བ། སྐུ་ཉིད་འགན་འཛིན་གསར་པ་ཡིན་པའི་ངོས་ནས། མ་འོངས་པར་ལས་གཞི་གསར་པ་ཡོད་མེད་དང༌། ཡང་ན་ལས་གཞི་གཙོ་བོ་ག་རེ་ཡི་ཐོག་ལ་ནུས་པ་འདོན་དགོས་པ་རེད་དགོངས་ཀྱི་ཡོད།
ལན། ལས་གཞི་གསར་པ་ཡིན་ནའང་རེད། ལས་གཞི་ག་རེ་ཡིན་ནའང་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གིས་གཏན་ལ་ཕབ་པའི་དམིགས་ཡུལ་ངེས་ཅན་ཁག་དྲུག་བདུན་ཞིག་ཡོད་པ་རེད། དེའི་འོག་ནས་ལས་ཀ་བྱེད་པ་ལས་གཞན་པ་ཡོད་པ་མ་རེད་བསམ་གྱི་འདུག ཡིན་ནའང་ད་ལྟ་བར་ལས་ཀ་བྱས་པའི་ནང་ནས། སྲིད་བྱུས་ཉམས་ཞིབ་ཁང་ཞེས་མིང་ཞིག་བཏགས་བཞག་ཡོད་པས། ཞིབ་འཇུག་བྱེད་རྒྱུའི་ཐོག་ལ་ཤུགས་རྒྱག་རྒྱུ་མེད་འགྲོ་བསམ་གྱི་འདུག དེར་བརྟེན་བྱེས་སུ་བོད་ནས་འབྱོར་བའི་བོད་རིགས་སྤུན་ཟླ་མང་པོ་ཡོད་པ་རེད། ཁོང་ཚོའི་ནང་རྒྱ་ཡིག་དང་བོད་ཡིག་གི་གནས་ཚད་གང་ལ་གང་འཚམས་ཡོད་མཁན་ཡོད་པ་རེད། བཙན་བྱོལ་ནང་དུ་ཡོད་མཁན་ཚོར་རྒྱ་གར་གྱི་ཡི་གེའི་གནས་ཚད་དང༌། དབྱིན་ཡིག་གི་གནས་ཚད་གང་ལ་གང་འཚམས་ཡོད་པ་རེད། དེ་ཚོའི་ནུས་པ་ལོངས་སུ་སྤྱོད་ནས། ང་རང་ཚོར་སྐབས་ཀྱི་དགོས་མཁོ་ཆེ་ཤོས་ཐོག་ལ་ཞིབ་འཇུག་ག་རེ་བྱེད་དགོས་ཀྱི་འདུག ག་རེ་ཡི་ཐོག་ལ་སྦྱོང་བརྡར་བྱས་ནས་རྒྱལ་སྤྱིའི་ནང་ལ་འཁྱེར་དགོས་པའི་གནས་ཚུལ་འདུག དེ་ཚོ་གཞི་རྩ་བརྟན་པོ་ཡོང་ཐབས་ལ་ག་འདྲ་ངོས་འཛིན་དགོས་ཀྱི་འདུག དེ་འདྲ་ཕྱག་ལས་གནང་སའི་ས་མིག་དེ་ཆེ་བ་མཐོང་གི་འདུག དེ་དང་མཉམ་དུ་བཙན་བྱོལ་བོད་མིའི་གནས་སྟངས་རེད། བཙན་བྱོལ་བོད་གཞུང་བཙུགས་ནས་ད་ལྟ་ལོ་ལྔ་བཅུ་འགྲོ་ཡི་ཡོད་པ་རེད། ཡར་རྒྱས་ག་རེ་ཕྱིན་འདུག ཤེས་ཡོན་གྱི་གནས་སྟངས་ག་འདྲ་འདུག ཉེ་ཆར་ྋསྐྱབས་མགོན་རིན་པོ་ཆེས་བཀའ་སློབ་གནང་ཡོད་པ་རེད། དེ་ཚོ་གཞི་རྩར་བཟུང་ནས་ལས་ཀ་བྱེད་རྒྱུ་མང་པོ་ཆགས་འདུག་བསམ་གྱི་འདུག།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།