ལྔ་བཅུའི་དུས་དྲན་སྤྲོ་བས་བསུ་འོས་སམ།

    ཕྱི་ལོ་༡༩༥༩ ལོར་ྋགོང་ས་མཆོག་གིས་དབུས་བོད་རིགས་རྣམས་བཙན་བྱོལ་དུ་འབྱོར་ནས་ལོ་འདིར་མི་ལོ་ཧྲིལ་པོ་ལྔ་བཅུ་འཁོར་བའི་དུས་ཚིགས་ཡིན་པ་དང༌། བཙན་བྱོལ་བོད་གཞུང་གི་གོ་སྒྲིག་འོག་དུས་དྲན་འདི་ཉིད་སྲུང་བརྩི་བྱེད་ཕྱོགས་ལ་གྲ་སྒྲིག་ལོ་གཅིག་གི་སྔོན་ནས་གནང་བཞིན་ཡོད་པ་རེད། དུས་དྲན་འདིའི་མིང་ལ་བོད་མི་བཙན་བྱོལ་དུ་འབྱོར་ནས་ལོ་ལྔ་བཅུ་འཁོར་བའི་དུས་དྲན་ཞེས་འབོད་བཞིན་ཡོད་པ་དང༌། མིང་དེ་ལ་ཕྱོགས་མང་པོ་ནས་བསམ་གཞིགས་བྱས་ན་འདས་པའི་མི་ལོ་ལྔ་བཅུ་དེ་བཙན་བྱོལ་དུ་འབྱོར་ནས་ག་རེ་བྱས་མིན་དང༌། ག་རེ་བྱུང་མིན་དེ་དྲན་གསོ་བྱེད་དགོས་པ་ཞིག་ཡིན་ནམ། ཡང་ན་བོད་ས་ཡོངས་རྫོགས་ཤོར་ནས་སམ། བོད་རང་བཙན་ཤོར་ནས་མི་ལོ་ལྔ་བཅུ་འཁོར་བའི་དུས་དྲན་བྱེད་དགོས་པ་རེད།

སྤྱི་ཡོངས་ནས་བལྟས་ན་འདི་གཉིས་ཀྱི་ནང་དོན་གཅིག་མཚུངས་ལྟ་བུར་མཐོང་སྲིད་ཀྱང༌། ནང་དོན་བྱེ་བྲག་ཏུ་བསམ་བློ་བཏང་ན་ཁྱད་པར་ཆེན་པོ་ཡོད་པར་བསམ། བཙན་བྱོལ་དུ་འབྱོར་ཞིང་བཙན་བྱོལ་བོད་གཞུང་བཙུགས་ནས་མི་ལོ་ལྔ་བཅུ་འཁོར་བའི་དུས་དྲན་ལྟ་བུའི་མིང་བྱང་འདིའི་འོག་ནས་འདས་པའི་མི་ལོ་ལྔ་བཅུའི་རིང་བཙན་བྱོལ་བོད་པའི་སྤྱི་ཚོགས་ཁྲོད་ཀྱི་སྡེ་ཚན་ཁག་ནས་ལས་དོན་ག་རེ་བྱས་མིན་དང༌། གྲུབ་འབྲས་ག་རེ་ཐོན་མིན་སོགས་ཀྱི་སྐོར་དྲིལ་བསྒྲགས་དང་འགྲེམས་སྟོན་མང་པོ་ཡོང་སྲིད་པ་དང༌། བོད་རང་བཙན་ཡོངས་སུ་ཤོར་ནས་མི་ལོ་ཧྲིལ་པོ་ལྔ་བཅུ་འཁོར་བའི་དུས་དྲན་ཞེས་པའི་མིང་བྱང་འོག་དུས་དྲན་སྲུང་བརྩི་བྱས་ན་འདས་པའི་ལོ་རྒྱུས་གཞི་ལ་བཞག་པའི་ཐོག བཙན་བྱོལ་དུ་འབྱོར་བ་ནས་བཟུང་ད་བར་བོད་དོན་ཆེད་ལས་འགུལ་སྤེལ་བ་དང༌། སྲིད་བྱུས་བཟུང་བ་ཁག་གིས་གྲུབ་འབྲས་སོན་ཡོད་མེད་བསྐྱར་ཞིབ་དང༌། བསྐྱར་ཞིབ་གནང་བ་དེ་གཞི་ལ་བཞག་ནས་མ་འོངས་པའི་ཆར་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ཆེད་དུ་ལས་འགུལ་གང་འདྲ་ཞིག་སྤེལ་དགོས་མིན་གྱི་ཐོག་ལ་བསམ་བློ་མང་དུ་གཏོང་ཐུབ་པ་དང༌། ལས་དོན་མང་ཙམ་བསྒྲུབ་ཐུབ་པའི་ཁྱད་པར་ཡོད་སྙམ།
    གོང་དུ་རགས་ཙམ་བརྗོད་པ་བཞིན་བོད་མི་རྣམས་བཙན་བྱོལ་དུ་འབྱོར་ནས་མི་ལོ་ལྔ་བཅུ་འཁོར་བ་དེ་མདོར་བསྡུས་ནས་བརྗོད་ན། གཙོ་ཆེ་ཤོས་བོད་རང་བཙན་ཤོར་ནས་མི་ཡུལ་ལ་སྐྱབས་བཅོལ་དུ་ཡོང་དགོས་བྱུང་བ་དང༌། འདས་ཟིན་པའི་མི་ལོ་ལྔ་བཅུ་དེའི་ནང་དུ་བོད་དོན་ཆེད་གྲུབ་འབྲས་གང་དང་གང་སོན་ཡོད་མེད། བོད་ཕྱི་ནང་གཉིས་ནས་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ཆེད་དུ་ལས་འགུལ་གང་དང་གང་སྤེལ་ཡོད་མེད་སོགས་ཀྱི་སྐོར་མ་འོངས་པར་ལེགས་སྤེལ་ཉེས་འགོག་གི་ཆེད་དུ་དྲན་གསོ་ངེས་པར་དུ་གཏོང་དགོས་པ་གལ་ཆེ། ང་ཚོ་ཆབ་སྲིད་ཀྱི་གནས་སྟངས་ལ་བརྟེན་ནས་སྐྱབས་བཅོལ་དུ་ཡོང་དགོས་བྱུང་བའི་གཞུང་དང་མི་མང་ཞིག་ལ་མཚོན་ན། ལོ་ལྔ་བཅུ་འཁོར་བའི་དུས་དྲན་དེ་ཡང་དེ་དང་འབྲེལ་བ་ཡོད་པ་ཞིག་གི་ཐོག་ནས་སྲུང་བརྩི་བྱེད་དགོས་པ་ལས། གཞིས་ཆགས་བཙུགས་པ་དང༌། སློབ་གྲྭ་བརྒྱབ་པ། དགོན་པ་གསར་བཞེངས་སོགས་དེའི་ཆ་ཤས་ཆུང་ཆུང་ཞིག་ལས་དུས་དྲན་དེའི་ནང་དོན་གཙོ་ཆེ་ཤོས་སུ་ངོས་འཛིན་བྱས་ན་རྩ་བ་བོར་ནས་ཡལ་ག་བཟུང་པའི་དཔེ་དང་གཅིག་མཚུངས་སུ་གྱུར་པ་ཡིན་པར་སྣང་ལ། ལྔ་བཅུའི་དུས་དྲན་དེ་གཙོ་ཆེ་ཤོས་ཆབ་སྲིད་དང་འབྲེལ་ཡོད་པ་ཞིག་སྲུང་བརྩི་བྱེད་དགོས་པ་མ་ཟད། དུས་ཚིགས་འདིར་བོད་ཕྱི་ནང་གཉིས་སུ་ཤུགས་རྐྱེན་ཆེན་པོ་ཐེབས་ཐུབ་པའི་དུས་དྲན་ཞིག་ཏུ་བསྒྱུར་ཐབས་བྱེད་དགོས། འདས་པའི་མི་ལོ་ལྔ་བཅུ་ལ་ང་ཚོས་ཡིད་ཆེས་དང༌། རེ་བ་རྐྱང་པ་མ་ཡིན་པར་ལོ་ལྔ་བཅུའི་གྲུབ་འབྲས་དང་ཁ་ཕྱོགས་ལ་བསྐྱར་ཞིབ་མཐིལ་ཕྱིན་པ་ཞིག་བྱས་ནས། མ་འོངས་པར་བཙན་བྱོལ་དུ་མི་ལོ་ལྔ་བཅུར་སྡོད་མི་དགོས་པ་ཞིག་ཡོང་བར་བསམ་བློ་གཏོང་དགོས་པ་དང༌། དེ་ལྟར་ལོ་གཅིག་ཧྲིལ་པོ་སྲུང་རྩི་བྱེད་རྒྱུའི་དུས་ཚོད་དེ་ཆུད་ཟོས་སུ་མ་སོང་བར་འཆར་གཞི་སྒྲིག་སྟངས་དང་ལས་འགུལ་སྤེལ་སྟངས། རང་བཙན་འདོད་མཁན་ཚོས་རང་བཙན་རྩོད་སྟངས་སོགས་རང་རང་གི་དམིགས་ཡུལ་དང་མཐུན་པའི་ལས་འགུལ་སྤེལ་ཐབས་སོགས་ཕྱོགས་ཡོངས་ནས་བསམ་བློ་བཏང་ན། ལྔ་བཅུའི་དུས་དྲན་འདི་ཡང་དོན་དང་ལྡན་པ་ཞིག་ཏུ་འགྱུར་ངེས་རེད་ལ། ལྔ་བཅུ་དུས་དྲན་འདི་ཉིད་སྤྲོ་བས་བསུ་དགོས་པ་ཞིག་ཡིན་མིན་ཡང་ཤེས་ཐུབ།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།