མྱ་ངན་གྱི་ལོ་ནག

རོ་ཐོག་ལ་རྟ་མ་རྒྱུག  ཕ་བསད་པའི་སྟེང་ལ་རྒྱལ་རྔ་མ་རྡུང༌།
    མེ་འོད།       ནོར་གླིང༌།
ལོ་འདིའི་འུ་ཚོ་བོད་པ་ཚང་གི་མགོ་ལ་ཡོང་བའི་སྡུག་བསྔལ་ནི་བཟོད་ཐབས་མེད་པ་ཞིག་ཡིན་པ་ཀུན་གྱིས་ཤེས་གསལ་རེད། ལོ་ནག་འདི་འདྲ་ཞིག་ལ་དགའ་དགའ་སྐྱིད་སྐྱིད་ཀྱི་ལོ་སར་ཟེར་བ་ཞིག་གང་ནས་ཡོད། གལ་སྲིད་ད་ལོ་བོད་པ་ལོ་སར་གཏོང་མཁན་ཞིག་ཡོད་ན་དེ་ནི་རོ་ཐོག་ལ་རྟ་རྒྱུག་མཁན་དང༌། ཕ་བསད་པའི་སྟེང་ལ་རྒྱལ་རྔ་རྡུང་མཁན་གྱི་ཁྲེལ་མེད་ཅིག་ལོས་ཡིན།
    རྒྱ་གཞུང་གི་མེ་མདའི་སོ་ཁ་ན་གཅེས་པའི་ཚེ་སྲོག་ཤོར་བའི་རུས་པ་ཅན་གྱི་དཔའ་བོ་དཔའ་མོ་རྣམས་ཀྱིས་དུར་ཁུང་ནས་ང་ཚོ་ལ་བལྟས་བསྡད་ཡོ་པ་རེད། རྡུང་རྡེག་གི་རྨ་ཁ་ན་ཟུངས་ཁྲག་བཞུར་བའི་བཙོན་ཁྲོད་ཀྱི་དཔའ་རྒོད་ཚོས་ཀྱང་ང་ཚོ་ལ་བལྟས་བསྡད་ཡོད་པ་རེད།

ད་དུང་བཙན་གནོན་གྱི་གྲང་ངར་དང་མུན་ནག་འོག་གི་སྤུན་ཟླ་ས་ཡ་དྲུག་གིས་ང་ཚོ་ལ་མིག་ཅེར་ནས་བལྟས་བསྡད་ཡོད། བོད་རྒྱལ་ཁབ་ཀྱི་ཆེད་དུ་རང་སྲོག་ཤོར་བའི་དཔའ་རྒོད་ཚོའི་ཕ་མ་སྤུན་མཆེད་ཚོས་སྡུག་གི་མིག་ཆུ་མ་སྐམ་པར་ང་ཚོ་ལ་བལྟས་བསྡད་ཡོད། ཨ་དྲིན་ཆེན་ཚོ། ལོ་ནག་འདི་ལ་ལོ་སར་གཏོང་སྲོལ་ཞིག་གང་ན་ཡོད། བོད་ནང་གི་སྤུན་ཟླ་ཚོས་མགོ་ཐོག་ལ་ཅི་ཞིག་འབྱུང་མིན་ལ་མ་ལྟོས་པར་ལོ་སར་གཏོང་གི་མིན་ཟེར་ནས་དམ་བཅའ་འཇོག་གི་འདུག  མྱ་ངན་བྱེད་ཀྱི་ཡིན་ཟེར་ནས་སྡུག་ལ་སྡུག་གི་རྣམ་འགྱུར་སྟོན་གྱི་ཡོད་ན། བཙན་བྱོལ་བ་ང་ཚོས་ལོ་སར་ལ་དགའ་སྐྱིད་གཏོང་བའི་གྲ་སྒྲིག་བྱེད་ཀྱི་འདུག ཨ་རི་ན་སྒོར་མོ་མང་བའི་བོད་པ་ཁག་ཅིག་གིས་ལོ་སར་གྱི་སྤྲོ་སྐྱིད་རྒྱས་པ་ཞིག་བཏང་ཚར་སོང༌། ཚེ་སྲོག་གི་རིན་ཐང་དང་བསྡུར་ན་སྒོར་མོ་ནི་ཅི་ཡང་མ་རེད། སྐུ་མཁྱེན། བཙན་བྱོལ་བོད་པ་ཚོ་ལོ་སར་མ་གཏོང་རོགས། ཉིས་སྟོང་དགུ་ལ་ང་ཚོར་ལོ་སར་ཞིག་ཡོད་པ་མ་རེད། ང་ཚོའི་ཉེ་འཁོར་ན་དྲོད་མ་ཡལ་བར་བཞུར་གྱིན་པ་ནི་སྤུན་ཟླ་ཚོའི་ཟུངས་ཁྲག་དྲོན་མོ་རེད།
    ཉེ་བའི་ཆར་ཡེ་ཤུའི་ལོ་སར་གཏོང་བར་བོད་པ་ཚོ་བྲེལ་བ་ཧ་ཅང་ཆེ། གླུ་ལེན་ཞབས་བྲོ་དང༌། ཆང་འཐུང་འབོད་རེས་བྱས་ནས་ཡེ་ཤུའི་ལོ་སར་བཏང་སོང༌། དངོས་གནས་སྙིང་ལ་རུས་པ་ཡོད་མཁན་ཞིག་ཡིན་ན་དེ་འདྲ་བྱེད་ཚུལ་ཞིག་གང་ནས་ཡོད། འདི་འདྲའི་བཙན་བྱོལ་བོད་པ་ཁག་ཅིག བོད་ནང་གི་བསད་རྨས་བཙོན་འཇུག་གི་མནར་གཅོད་དང་འབྲེལ་བ་མེད་པ་འདྲ། རྒྱ་གཞུང་གི་མེ་མདའི་སོ་ཁ་ན་གཅེས་སྲོག་ཤོར་བའི་སྤུན་ཟླ་དེ་ཚོའི་ཤ་དང་རུས་པ་ལ་འབྲེལ་བ་མེད་པ་འདྲ། ལོ་ནག་འདི་འདྲ་ལ་མྱ་ངན་གྱི་མགོ་བོ་ཁྱག་གི་མེད་པར་བོད་རང་གི་ལོ་སར་ཡང་གཏོང་གི་མེད་དུས་ན། ཁྱེད་ཅག་ལ་ཡེ་ཤུའི་ལོ་སར་གཏོང་བའི་བསམ་བློ་དང་བློ་ཁོག་འདི་གང་ནས་རྙེད་སོང༌། ཨ་ཧ་ཨོ། བཙན་བྱོལ་བ།
    བོད་ཡུལ་གང་སར་དཔའ་རྒོད་མང་པོའི་ཚེ་སྲོག་གི་བཞུར་རྒྱུན་ཆད་ཅིང། ས་ཡ་དྲུག་གི་མྱ་ངན་གྱི་སྨྲེ་ངག་གང་སར་མཆེད་དེ་སྡུག་གི་མགོ་བོ་ཁྱག་གི་མེད་དུས། སེམས་ན་སྡུག་བསྔལ་མེད་པའི་བཙན་བྱོལ་བ་ཁ་ཤས་ཀྱིས་ལོ་སར་ནི་བོད་ཀྱི་རིག་གཞུང་ཡིན་པས་མཛད་སྒོ་དང་སྤྲོ་སྐྱིད་གཏོང་གི་ཡིན་ཟེར་ནས་སྐད་ཅོར་བརྒྱབ་ཡོང་ན། ས་ཡ་དྲུག་གི་ཤ་རུས་དང་ཟུངས་ཁྲག་གཅིག་ཡིན་པར་བརྗོད་ཅིང༌། སྐྱིད་སྡུག་གནམ་གྱི་འཁོར་ལོ་གཅིག་ཡིན་པར་བརྗོད་པའི་ཆིག་སྒྲིལ་གྱི་འདུ་ཤེས་མེ་ལ་བསྲེགས་པ་མ་ཡིན་ནམ། གནད་འགག་ལ་ཐུག་དུས། གནམ་འོག་གི་བོད་པ་ཚང་མ་སྐྱིད་སྡུག་གཅིག་ཡིན་དགོས། འདི་ལ་མེས་པོ་ཚོས་སྐྱིད་ཀྱི་རྟ་ཕོ་མཉམ་ཞོན་དང་སྡུག་གི་ཁུར་བོ་མཉམ་ཁུར་ཟེར། གནམ་འོག་གི་བོད་པ་ཡོངས་ཀྱིས་ད་ལོའི་ལོ་སར་གྱི་ཉིན་འདི་དག་ལ་དུས་གཅིག་ཏུ་མྱ་ངན་གྱི་ལས་འགུལ་རྒྱ་ཆེན་པོ་ཞིག་སྤེལ་དགོས་པ་ཡིན། དེ་ལྟར་མིན་པར་ས་གནས་དང་ཚོགས་པ་ཁག་ཅིག་གིས་ད་ལོའི་ལོ་སར་བཏང་བ་ཡིན་ན། འདི་ལ་མེས་པོ་ཚོས་རོ་ཐོག་ལ་རྟ་རྒྱུག་ཟེར་གྱི་ཡོད། ད་དུང༌། ཕ་བསད་པའི་སྟེང་དུ་རྒྱལ་རྔ་བརྡུང་ཟེར་ནས་རྣམ་རྟོག་དང་ཁོང་ཁྲོ་དུས་གཅིག་ཏུ་ལངས་ཀྱི་ཡོད། ད་ལོའི་ལོ་སར་ལ་ངག་ནས་གླུ་མི་ལེན་ཞིང་གདོང་ནས་འཛུམ་མི་སྟོན་པ། ཐ་ན་ཕ་མ་དང་ཕུ་ནུ་ཕན་ཚུན་བར་ལ་འཚམས་འདྲི་དང་ཤིས་ཚིག་སྣ་གཅིག་མི་སྤེལ་རྒྱུ་དང༌། ལོ་སར་གྱི་ཉིན་དེ་དག་ལ་རབ་བྱུང་ན་སྐད་ཆ་ཚིག་གཅིག་ཀྱང་མི་བཤད་པར་མྱ་ངན་བྱེད་དགོས་པ་ཡིན། སྔོན་མ་ཞིག་ལ། ཆབ་མདོ་ན་རྒྱ་དམར་གྱིས་བོད་མི་མང་པོ་དམར་གསོད་གཏོང་གི་ཡོད་དུས། བོད་ཀྱི་རྒྱལ་ས་ལྷ་ས་ན་སྐུ་དྲག་ཚོས་སྤྲོ་སྐྱིད་གཏོང་གི་ཡོད་པའི་ལོ་རྒྱུས་ཡོད། ད་ལོ་བོད་ནང་ན་བོད་མི་མང་པོའི་ཚེ་སྲོག་དགྲ་ལ་ཤོར་བའི་མྱ་ངན་བཟོད་ཀྱི་མེད་དུས། བཙན་བྱོལ་བོད་པ་ཚོས་ལོ་སར་གཏོང་གི་ཡིན་ན་འདི་ལས་ཁྲེལ་མེད་ཅིག་གང་ན་ཡོད། བཀའ་བློན་ཁྲི་པ། ཐུགས་རྗེ་གཟིགས། ལོ་སར་མེད་པའི་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་རོགས། ཚོགས་པ་ཁག་གི་མགོ་གཙོ་རྣམ་པ། ཁ་དྲོ། ལོ་སར་མ་གཏོང་རོགས། རྒྱ་གཞུང་གིས་དམར་གསོད་བཏང་བའི་དཔའ་རྒོད་དེ་ཚོ་ཁྱེད་ཅག་གི་ཤ་འདྲེས་ཁྲག་འདྲེས་ཀྱི་སྤུན་ཟླ་རེད། མགོ་ནག་བོད་པ་ཚང་ལ་ལོ་སར་མེད། ལོ་སར་མེད་དོན་ཡང༌། སྡུག་བསྔལ་ཆེ་དྲགས་ནས་མྱ་ངན་མི་བྱེད་རང་བྱེད་ཆགས་པ་རེད། ང་ཚོ་ལ་ལོ་སར་མེད། ད་ལོ་མགོ་ནག་བོད་པ་ཚང་ལ་ལོ་སར་མེད།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།