དགེ་ལྡན་ཕ་ཆོས་བུ་ཆོས་གཅེས་སྐྱོང་ཁང་གི་ཆོས་བརྡ་གསལ་བསྒྲགས།
ཞྭ་སེར་བསྟན་པའི་གསལ་བྱེད་མཁས་ཤིང་གྲུབ་པའི་དབང་ཕྱུག་ྋསྐྱབས་རྗེ་བྱང་རྩེ་ཆོས་རྗེ་རི་རྫོང་སྲས་མཆོག་སྤྲུལ་རིན་པོ་ཆེ་མཆོག་གི་ཞལ་སྔ་ནས། དངུལ་ཆུ་ཡབ་སྲས་གསུམ་ཞེས་ཡོངས་སུ་གྲགས་པ་དངུལ་ཆུ་ངག་དབང་རྡོ་རྗེ། དངུལ་ཆུ་དྷརྨ་བྷ་དྲ། དབྱངས་ཅན་གྲུབ་པའི་རྡོ་རྗེ་རྣམས་ཀྱི་གསུང་འབུམ་ཁྱོན་བསྡོམས་པོད་བཅུ་ཡོད་པ་རྣམས་ཀྱི་ལུང་རྒྱུན། དགེ་ལྡན་ཕ་ཆོས་བུ་ཆོས་གཅེས་སྐྱོང་ཁང་ནས་ཇི་ལྟར་གསོལ་བ་བཏབ་པར། ཞལ་བཞེས་བཀའ་དྲིན་ལེགས་པར་ཐོབ་པ་བཞིན།
སྐྱབས་རྗེ་རིན་པོ་ཆེ་མཆོག་ནས་འཕགས་ཡུལ་ཆོས་སྡེ་ཆེན་པོ་བཀྲ་ཤིས་ལྷུན་པོར་འདི་ལོའི་བོད་ཟླ་༡༠ ཚེས་༡༧ དང་ཕྱི་ཟླ་༡༢ པའི་ཚེས་༡༤ ནས་ཉིན་ཉི་ཤུའི་རིང་སློབ་བུ་བཞི་བརྒྱར་ཉེ་བར་དངུལ་ཆུ་དྷརྨ་བྷ་དྲའི་གསུང་པོད་དྲུག་ཡོངས་སུ་རྫོགས་པ་བཀའ་དྲིན་ལེགས་པར་བསྐྱངས་ཤིང༌། དགེ་ལྡན་ཕ་ཆོས་བུ་ཆོས་གཅེས་སྐྱོང་ཁང་དང༌། ཆོས་སྡེ་བཀྲ་ཤིས་ལྷུན་པོ་ཟུང་ནས་སྐྱབས་རྗེ་རིན་པོ་ཆེ་མཆོག་ལ་བསྟན་པ་དང་འགྲོ་བའི་མགོན་དཔུང་དམ་པར་སྐུ་ཚེ་ཞབས་པད་སྐལ་བརྒྱར་བརྟན་ཕྱིར་བརྟན་བཞུགས་སྟར་འབུལ་དང༌། སྐབས་དེར་གཞིས་ཆགས་གསར་རྙིང་གི་གཞིས་འགོ་རྣམ་གཉིས་དེ་བཞིན་དུ་སེ་ར་བྱེས་སྨད་ཀྱི་མཁན་རིན་པོ་ཆེ་རྣམ་པ་དང་ཕྱག་མཛོད་རྣམ་པ་མཚོན་སྤྱི་སྒེར་འཐུས་མི་ཡང་ཕེབས་པ་དང་རྟེན་གསུམ་འདེགས་འབུལ་གྱི་རྣམ་གཞག་རྣམས་གྱ་ནོམ་པ་བགྱིས། དངུལ་ཆུ་ཡབ་སྲས་གཞན་གཉིས་ཀྱི་གསུང་འབུམ་རྣམས་འདི་ལོའི་སྟོན་ཀར་གནང་རྒྱུའི་ཞལ་བཞེས་ཀྱི་ལེགས་ཐོབ་བྱུང་ཡོད་པ་བཅས་ཀྱི་གནས་བསྡུས་སུ་དགེ་ལྡན་ཕ་ཆོས་བུ་ཆོས་གཅེས་སྐྱོང་ཁང་ནས་ཟླ་༡ ཚེས་༡༣ བཟང་པོར་ཕུལ།
འབྲེལ་བ་གནང་ཡུལ་གཤམ་གསལ།
Genden PhaCho Bhucho Preservation Centre
Near T.M.A.I Office
K.B Dharamsala -176215
Distt. Kangra (H.P)
Tel: +91 1892 226601
www.gedenphachobhucho.org
Email: gedenpb@yahoo.co.in