སྤྱི་ཚོགས་ཐོག་གོ་ས་དང་རྐུབ་སྟེགས་རག་མིན་ལ་རག་ལས་ཡོད་མ་རེད་བསམ་གྱི་འདུག

སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་ལ་བུད་མེད་ཀྱི་གནས་བབས་སྐོར་གྱི་བཅར་འདྲི།
དྲི་བ། ཁྱེད་རང་བུད་མེད་ཅིག་ཡིན་པའི་ངོས་ནས་མི་ཚེའི་ནང་དཀའ་ངལ་ཆེ་ཤོས་ག་རེ་འཕྲད་མྱོང་ངམ།
ལན། སྤྱིར་བཏང་ང་རང་དབང་ལུང་པར་སྐྱེས་ཤིང༌། རྒྱ་གར་གཞུང་དང་སོ་སོའི་དྲིན་ཆེན་ཕ་མའི་བཀའ་དྲིན་གྱིས་དཀའ་ངལ་ཆེན་པོ་དེ་འདྲ་མྱངས་ཡོད་མ་རེད། སློབ་གྲྭའི་སྐབས་སུ་དབྱེ་འབྱེད་སོགས་ཀྱི་དཀའ་ངལ་དེ་འདྲ་བྱུང་སོང་བསམ་གྱི་མེད། ཁྱེད་རང་གིས་བུད་མེད་ཅིག་གི་ངོས་ནས་བཀའ་འདྲི་གནང་དུས། ཕྱི་ལོ་༡༩༩༤ ལོར་ང་རང་སྤྱི་འཐུས་ཡིན་པའི་སྐབས་སུ། སྐབས་དེའི་གྲོས་ཚོགས་ཀྱི་སྒྲིག་གཞི་ལྟར་གྲོས་ཚོགས་ཚོགས་དུས་ཐེངས་གཉིས་བཅར་མ་ཐུབ་ཚེ། གྲོས་ཚོགས་ཀྱི་སྒྲིག་ཁོངས་ནས་ཕྱིར་འབུད་དགོས་པ་དང༌། དེར་ན་ཚ་འདྲ་བྱུང་ཡང་དམིགས་བསལ་མེད་པའི་སྤྱི་ཡོངས་ཀྱི་སྒྲིག་ཁྲིམས་དམ་པོ་ཞིག་རེད།

ལོ་དེར་སྔོན་རྩིས་གྲོས་ཚོགས་ཤིག་གི་སྐབས་སུ་ང་རང་བུད་མེད་ཅིག་ཡིན་པའི་ངོས་ནས་མངལ་ཆགས་ཏེ་ཅུང་ན་བའི་རྐྱེན་གྱིས་གྲོས་ཚོགས་སུ་བཅར་མ་ཐུབ་པར་ནད་དགོངས་ཞུ་དགོས་བྱུང་བ་དང༌། དེ་རྗེས་གྲོས་ཚོགས་དངོས་སུ་ཚོགས་དུས་ཀྱང་ཕྲུ་གུ་སྐྱེ་ཚར་ཙམ་དང་ཕྲུ་གུ་གཟུགས་གཞི་ཐང་པོ་མེད་པའི་རྐྱེན་གྱིས་གློག་སྒམ་དུ་ཉིན་ཉི་ཤུ་རྩ་གཅིག་རིང་ལྷག་སྟབས། གྲོས་ཚོགས་སུ་དེ་ལུགས་ཀྱི་སྙན་ཞུ་ཕུལ་ནས་ལོ་ལྔའི་དུས་རིམ་ཚང་མར་དམ་བཅའ་ཕུལ་བ་བཞིན་དེར་ཞུགས་ཐུབ་པའི་རེ་བ་ཡོད་ཀྱང་དམིགས་བསལ་ཞིག་ཡོད་པར་ཞུས་པ་ཡིན། སྐབས་དེར་གྲོས་ཚོགས་ནང་ངའི་གནས་སྟངས་ཐད་བགྲོ་གླེང་ཤུགས་ཆེར་བྱུང་ཞིང༌། མཐར་མི་རེ་གཉིས་ཀྱི་གནས་སྟངས་ལ་གཞིགས་ནས་སྤྱི་ཡོངས་ཀྱི་སྒྲིག་གཞིར་འགྱུར་ལྡོག་གཏོང་རྒྱུ་མེད་ལུགས་བརྗོད་ཅིང་མ་བྱུང་བ་རེད། འོན་ཀྱང་དེའི་ཐོག་ངས་དྲང་པོ་བྱས་མིན་གང་ཡང་བརྗོད་རྒྱུ་མེད་ཀྱང་གནས་སྟངས་དེའི་རང་བཞིན་གྱིས་ག་རེ་འདོན་གྱི་འདུག་ཟེར་ན། སྤྱིར་བཏང་ཕོ་མོ་འདྲ་མཉམ་ཡིན་ཡང་གཟུགས་པོ་ཆགས་སྟངས་ཐོག་ནས་ཕོ་དང་མི་འདྲ་བ་བུད་མེད་ལ་དམིགས་བསལ་གྱི་དཀའ་ངལ་ཁ་ཤས་ཡོད་ཙང་དེར་མཐུན་རྐྱེན་བཟོས་ཏེ་བུད་མེད་ཚོར་ཆ་ཤས་ལེན་ཐུབ་ཐབས་བསྐྲུན་པ་ཡིན་ན་ཡག་པོ་མཐོང་སོང༌། ལྷག་པར་དུ་ལོ་དེར་བོད་ཀྱི་བུད་མེད་ཀྱི་ལོ་ཡིན་པ་རེད། དེའང་སོ་སོའི་ངོས་ནས་ཉམས་མྱོང་ཞིག་རེད། ང་རང་གི་ངོས་ནས་ཕྱོགས་གཅིག་ནས་ཧ་ཅང་བློ་ཕམ་བྱུང༌། བུད་མེད་ཅིག་ཡིན་པའི་ངོས་ནས་ཕྲུ་གུ་སྐྱེ་བ་དེར་ཉེས་ཆད་ཕོག་པ་ལྟར་བྱུང་ཞིང༌། དེ་ལྟར་སེམས་ཀྱི་ལྷག་བསམ་ལྟར་ཞབས་ཞུ་སྒྲུབ་པར་གེགས་འདྲ་བྱུང་བ་ནི་ངའི་དཀའ་ངལ་རེད། འོན་ཀྱང་སྤྱི་ཚོགས་ཐོག་ནས་འདྲ་མཉམ་མེད་པའི་རྒྱུ་མཚན་སོགས་ལ་བརྟེན་ནས་ཐུབ་ཚོད་བཏང་བ་དང༌། ཡིད་ཆེས་མེད་པ། དེ་བཞིན་གོ་སྐབས་མ་རག་པ་དེ་འདྲ་མ་རེད་ཅེས་ཞུ་རྒྱུ་ཡིན།

དྲི་བ། མ་འོངས་པར་བུད་མེད་བཀའ་བློན་ཁྲི་པ་ཞིག་ལངས་ཐུབ་པའི་བསམ་ཚུལ་ཡོད་མཁན་ཡོད་པ་བཞིན། ཁྱེད་རང་བཀའ་བློན་ཁྲི་པར་ལངས་ཐུབ་པའི་སྤོབས་པ་ཡོད་དམ།
ལན། གང་ཟག་སུ་ཡིན་ཡང་སྤྱི་ཚོགས་ཐོག་གོ་ས་དང་རྐུབ་སྟེགས་རག་མིན་ལ་རག་ལས་ཡོད་མ་རེད་བསམ་གྱི་འདུག རང་ངོས་ནས་རྩ་དོན་དང་མི་མང་ཐོག་ཕན་ཐོགས་གང་འདྲ་ཡོང་མིན་ཐད་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་རེད་སྙམ། ད་ལྟའི་ཆར་ངས་བསམ་པར་བཀའ་བློན་ཁྲི་པ་ཟེར་བ་དེ་སྤྱི་ཚོགས་ཐོག་དཔེ་མི་སྲིད་པའི་གལ་འགངས་ཆེ་བའི་གཞུང་གི་སྒྲིག་འཛུགས་ནང་འགན་དབང་ཞིག་ཆགས་ཡོད་པ་རེད། དེ་འདྲའི་འགན་འཁྱེར་བར་སྙིང་སྟོབས་དང་འགན་འཁྱེར་ཐུབ་མིན་ཁོ་ན་མ་རེད་བསམ་གྱི་ཡོད། གལ་ཆེ་ཤོས་དེ་ང་ཚོའི་བཙན་བྱོལ་གཞུང་དེ་བོད་ཕྱི་ནང་གཉིས་སུ་ཡོད་པའི་རྒྱ་ཆེའི་བོད་མི་ཡོངས་ཀྱིས་ཡིད་ཆེས་དང་ངོས་ལེན་དངོས་སུ་བསྟར་བའི་གཞུང་ཞིག་ཆགས་ཡོད་པ་དང༌། གཙོ་བོ་ྋགོང་ས་སྐྱབས་མགོན་ཆེན་པོའི་ཐུགས་རྗེ་བཀའ་དྲིན་རེད། དེའི་འོག་ལ་འཛིན་སྐྱོང་གི་བཀའ་བློན་ཁྲི་པ་དེའང་བོད་ཕྱི་ནང་གཉིས་ཀྱི་ཡིད་ཆེས་དང་དབུ་ཁྲིད་ངོས་འཛིན་བྱེད་ཐུབ་པ་ཞིག་ངེས་པར་དུ་དགོས་ཀྱི་རེད་དྲན་གྱི་འདུག དེ་འདྲ་ཡིན་ཙང་ངའི་སྒེར་ངོས་ནས་ལས་ཀ་བྱེད་ཐུབ་མིན་དེ་ནི་སྐད་ཆ་ཨང་གཉིས་པ་རེད། ངས་བོད་ཕྱི་ནང་གཉིས་ཀྱི་འགན་ཁྱེར་ཏེ་བཀའ་བློན་ཁྲི་པར་ལངས་པ་ཡིན་ན། ང་རང་སྒེར་ངོས་ནས་ཏག་ཏག་འདྲ་ཁྱོན་ནས་མཐོང་གི་མི་འདུག རང་སྒེར་ངོས་ནས་བྱེད་སྟངས་འགྲིག་མིན་གཅིག་པུ་མ་རེད་བསམ་གྱི་འདུག དེ་ནི་ང་ཚོའི་འགན་ཆེ་ཤོས་རེད། དེ་ལྟར་བོད་ནང་གི་མི་མང་ཚོས་ཡིད་ཆེས་འོས་པ་ཞིག་མེད་ན་ཞུ་ཁག་པོ་རེད། ད་ལྟ་སྐྱབས་བཅོལ་ནང་དུ་མཚོན་ན་མང་གཙོའི་འགྲོ་ལུགས་མང་མོས་འོས་བསྡུའི་ཐོག་ནས་ཡིན་ཡང་ཉེན་ཁ་ཆེན་པོ་རེད་དྲན་གྱི་ཡོད། དེ་ལྟར་ཡིན་སྟབས། ང་རང་སྒེར་ངོས་ནས་བཀའ་བློན་ཁྲི་པར་ལངས་རྒྱུའི་བསམ་བློ་འཁོར་མེད། ཡིན་ཡང་བུད་མེད་ཡིན་བསམ་པའི་ངོས་ནས་ངས་འཇོན་གྱི་མ་རེད་བསམ་པ་དེ་འདྲ་རྩ་བ་ཉིད་ནས་མེད།

དྲི་བ། བཙན་བྱོལ་བུད་མེད་ཚོའི་ལས་དོན་ཐོག་ཡར་རྒྱས་གཏོང་བའི་ཐབས་ལམ་ག་རེ་ཡོད་དམ།
ལན། ངས་བསམ་པར་འཛམ་གླིང་གི་སྤྱི་ཚོགས་ཐོག་ནས་བལྟས་ན་བོད་པའི་སྤྱི་ཚོགས་སུ་སོ་སོའི་ངོས་ནས་ཡིན་ནའང་ཕྱི་ནང་གང་སར་ཕྱིན་ཡང་སྤོབས་པ་མཐོན་པོའི་སྒོ་ནས་བཤད་ཐུབ་པ་དེ་གནད་དོན་གལ་ཆེ་ཤོས་ཤིག་ལ་བརྩི་བཞིན་ཡོད། ཨ་རི་སོགས་ནུབ་ཕྱོགས་རྒྱལ་ཁབ་གང་ལ་བལྟས་ཀྱང༌། དཔེར་ན་རྒྱ་གར་ལྟ་བུར་མཚོན་ན་བུད་མེད་སྲིད་བློན་བྱུང་མྱོང་ཡང༌། དེ་ལ་བརྟེན་ནས་སྐབས་དེར་བུད་མེད་ཀྱི་གནས་བབས་ཕྱོགས་ཡོངས་ནས་ཡར་རྒྱས་ཤུགས་ཆེན་བྱུང་ཡོད་ཅེས་བཤད་ཐུབ་ཀྱི་མ་རེད། དེ་ནི་གྲངས་འབོར་ས་ཡ་མང་པོ་ནས་གཅིག་གཉིས་ཀྱི་གནས་སྟངས་གཞན་དང་མ་འདྲ་བའི་རྐྱེན་གྱིས་སླེབས་བསྡད་པ་དེ་འདྲ་ཡིན། ང་ཚོར་དགོས་པ་ནི་བུད་མེད་སྤྱི་ཡོངས་ཀྱི་གནས་བབས་ཡར་རྒྱས་གཏོང་བ་དེ་ཡིན་སྟབས། ཕྱི་ནང་གི་ལས་དོན་གང་ཡིན་ཡང་བུད་མེད་ཀྱིས་འགན་འཁྱེར་གྱི་འདུག་བསམ་གྱི་ཡོད། སྤྱི་ཚོགས་ཀྱིས་གནས་སྟངས་དེར་ངོས་འཛིན་གསལ་པོ་དགོས་ཀྱི་རེད་བསམ་གྱི་འདུག དཔེར་ན་གསར་ལམ་ཁག་ནང་བུད་མེད་མང་པོ་ཡོད་ལ། ཤེས་ཡོན་ཐོག་དགེ་རྒན་ཡང་ཧ་ཅང་མང་པོ་རེད་འདུག ཡིན་གཅིག་མིན་གཉིས་ཚང་མ་སྤྱི་འཐུས་ལྷན་ཁང་དུ་འཛུལ་དགོས་པ་ཡོད་མ་རེད་བསམ་གྱི་འདུག དེ་མིན་ཚོང་ལས་སོགས་བལ་གོས་ཀྱི་ཚོང་ལས་གཉེར་མཁན་སྒྲིག་འཛུགས་ནང་བུད་མེད་དང༌། གཉེར་པ་སོགས་ཕྱོགས་གང་སར་བུད་མེད་ཡོད་པ་དེ་ཚོ་ཧ་ཅང་ཡག་པོ་རེད་སྙམ། ང་ཚོའི་དྷ་ས་གཅིག་པུར་མཚོན་ཡང་སྒྲིག་འཛུགས་ཁག་ནང་བུད་མེད་མང་ཐག་ཆོད་ཡོད། གྲོས་ཚོགས་ནང་དུ་ཡང་བུད་མེད་ཀྱི་གྲངས་ཀ་མང་པོ་སླེབས་ཡོད། ད་བར་ལས་དོན་གང་ཡིན་ཡང་བུད་མེད་ཚོས་བུད་མེད་ཀྱི་ཐོབ་ཐང་རྐྱང་པ་བརྩད་ནས་བསྡད་ཡོད་མ་རེད། ང་ཚོས་དམིགས་སུ་བཀར་ནས་ཕྱིར་མ་མངོན་པ་དེའང་བུད་མེད་ཚོས་མཉམ་རུབ་ཀྱི་ཐོག་ནས་འགན་འཁྱེར་བཞིན་པ་རེད་སྙམ། ཡིན་ཡང་བུད་མེད་ཀྱི་ནུས་ཤུགས་ཆེ་རུ་གཏོང་རྒྱུ་དེའང་གལ་ཆེན་པོ་རེད། ཡང་ཡོན་ཏན་དང་འཇོན་ཐང་ཆ་ཚང་ཡོད་ཀྱང་གོ་སྐབས་མ་རག་པ་དེ་འདྲའང་མང་པོ་ཡོད་རེད། དེའི་ཐོག་རང་གཞུང་བཀའ་ཤག་གིས་བུད་མེད་ཀྱི་སྲིད་ཇུས་ཤིག་ཀྱང་གསལ་བསྒྲགས་སྤེལ་ཡོད་ལ། རིམ་པས་གྲོས་ཚོགས་ནང་དུའང་སླེབས་ཀྱི་རེད་བསམ་གྱི་ཡོད། ཡིན་ཡང་གཙོ་བོ་བུད་མེད་མི་རེ་ངོ་རེ་ནས་ཡར་རྒྱས་གཏོང་དགོས་ཀྱི་རེད། ང་ཚོས་སྐྱེས་པ་ཚོ་དང་མཉམ་དུ་སུ་སྔོན་དུ་སླེབས་མིན་སོགས་ཀྱི་གནས་ཚུལ་མ་རེད་བསམ་གྱི་ཡོད། སོ་སོའི་ངོས་ནས་བྱེད་ཐུབ་ས་རེད་བསམ་པའི་ནུས་པ་སྤེལ་ཐུབ་དགོས་པ་རེད་དྲན་གྱི་འདུག ཤུགས་ཆེན་པོའི་རིག་གཞུང་ཐོག་ནས་ལས་སྟངས་དང་བྱ་སྤྱོད་ཐོག་རྒྱལ་ཁབ་གང་ཡིན་ཡང་སོ་སོའི་རིག་གཞུང་དང་འཚམས་པའི་ཐོག་ནས་བྱེད་དགོས་པ་རེད་བསམ་གྱི་འདུག

དྲི་བ། བཙན་བྱོལ་དུ་མཐོ་རིམ་གནས་བབས་སུ་བུད་མེད་ཚོས་བོད་ཀྱི་སྐད་ཡིག་ཐོག་མཁྱེན་རྒྱ་ཞན་པའི་གནས་སྟངས་ཐད་དགོངས་ཚུལ་ག་རེ་ཡོད་དམ།
ལན། དེའི་ཐད་དམིགས་བསལ་བསམ་ཚུལ་གང་ཡང་མེད། ཡིན་ཡང་སོ་སོར་འགན་ཆེན་པོ་ཞིག་ཡོད་པ་དེ་ཚང་མས་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། ཕྱོགས་གཅིག་གི་གནས་སྟངས་འདི་འདྲ་ཡིན་སྲིད་ཀྱི་རེད་སྙམ། དེ་སྔོན་བོད་པ་རྒྱ་གར་དུ་ཐོག་མར་སླེབས་ཤིང༌། ང་ལྟ་བུས་བོད་གཞུང་སློབ་གྲྭར་སློབ་སྦྱོང་བྱེད་སྐབས། བོད་ཕྱི་ནང་གི་བང་ཆེན་ལྟ་བུ་དེ་ང་ཚོ་ཡིན་སྟབས་འཛམ་གླིང་དུ་ང་ཚོའི་གནས་ཚུལ་འཁྱེར་ཐུབ་པ་དགོས་རྒྱུ་ནི་ཧ་ཅང་གལ་ཆེན་དུ་བརྩིས་ནས་སོ་སོས་སློབ་སྦྱོང་བྱེད་དུས་དབྱིན་ཡིག་ལ་དམིགས་བསལ་དོ་སྣང་སྤྲད་པ་ཡིན། ང་ཚོ་བོད་གཞུང་སློབ་གྲྭ་ཁག་ནང་དབྱིན་ཡིག་གཙོ་བོ་རེད། ཡིན་ཡང་སྐབས་དེར་ཕྱི་གླིང་བའི་སྐད་བསྒྱུར་དགོས་པ་དེ་འདྲ་མིན་པར། ང་ཚོ་ནང་ཁུལ་དུ་དེའི་ཐོག་སྐད་བསྒྱུར་དགོས་པར་ཧ་ཅང་གལ་ཆེན་མཐོང་ནས་རང་ངོས་ནས་གཞན་གྱི་སྐད་ཡིག་ཐོག་ཤུགས་བརྒྱབ་པ་ཡིན། ད་ཆ་ས་ཆ་གང་ལ་ཕྱིན་ཡང་བསམ་བློར་འཁོར་མ་ཐུབ་པ་དེ་དག་གནས་ཚུལ་མི་འདྲ་བ་རེད་མ་གཏོགས༌། གཙོ་བོར་དགེ་རྒན་གྱི་བཀའ་དྲིན་ཡོད་པའི་ཐོག་ནས་གང་དྲན་པ་བཤད་ཐུབ་པ་དེ་ནི་སྐབས་དེའི་དུས་ཀྱི་བསམ་བློར་རག་ལས་ཡོད་པ་རེད་བསམ་གྱི་འདུག དེ་སྔོན་བདུན་ཅུ་དོན་གྲངས་ལོ་ནས་བོད་ནང་དུ་འབྲེལ་བ་བྱུང་ཡོད་ཀྱང༌། ཕྱིས་སུ་སྟབས་ཡག་པ་ཞིག་ལ་དགུ་བཅུ་གོ་གྲངས་དང་ཉིས་སྟོང་ལོ་བར་བོད་ནས་མང་པོ་ཞིག་ཡོང་ཐུབ། དེ་ནས་རང་གི་སྐད་ཡིག་ཐོག་སྣང་ཆུང་བྱེད་རྒྱུ་མེད་པའི་བསམ་ཚུལ་ཤུགས་ཆེར་བྱུང་བ་དེ་དག་ཚང་མ་ཡག་པོ་རེད་བསམ་གྱི་ཡོད། ཡིན་ཡང་བོད་ཡིག་མི་ཤེས་མཁན་ཞིག་བོད་པའི་སྒྲིག་འཛུགས་སུ་ལས་དོན་སྒྲུབ་རྒྱུ་ཧ་ཅང་དཀའ་ལས་ཁག་པོ་རེད། དེ་བཞིན་མཐར་ངས་མ་འོངས་པའི་སོན་རྩ་ཚོར་ཞུ་རྒྱུར། རང་མི་རིགས་ཀྱི་སྐད་ཡིག་གཙོར་བཟུང་ཐོག་དབྱིན་ཇིའི་སོགས་ཕྱི་ལུགས་ཀྱི་སྐད་སོགས་ཀྱང་ཤེས་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་མིན་བོད་ཡིག་གཅིག་པུ་སྦྱོང་བསྡད་པ་ཡིན་ན། ཉིན་གཅིག་ང་ཚོའི་སྤྱི་ཚོགས་ཐོག་¿འགྲོ་ལ་ཕན་ཕྱིར་¿གྱི་བཟོ་འདྲ་གཅིག་པུས་སྐད་ཡིག་གཞན་མ་ཤེས་ན་དཀའ་ངལ་འཕྲད་ཀྱི་རེད་བསམ་གྱི་འདུག།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།