ནང་ཆོས་དང་འབྲེལ་བའི་དྲི་བ་འགའ།

མཚན་ཉིད་གྲྭ་ཚང་གི་དཔེ་ཁྲིད་དགེ་རྒན་དཀོན་མཆོག་དབང་འདུས་ལགས་སུ་འདི་ག་གསར་ཁང་གིས་བཅར་འདྲི་ཞུས།

འདོན་ཐེངས་སྔོན་མའི་འཕྲོས།

དྲི་བ། ནམ་རྒྱུན་སྤྱི་ཚོགས་ནང་དུ་དགོན་པ་དང་ལྷ་སྐུ་རྟེན་གསུམ་ལ་སྐོར་བ་བྱེད་པ་དེ་ནང་ཆོས་ནང་གལ་ཆེན་པོ་ཅི་ཙམ་རེད།
ལན། དེ་གལ་ཆེན་པོ་རེད། དངོས་ཡོད་གནས་ཚུལ་དང་མཐུན་པ་རེད། བཅོམ་ལྡན་འདས་ཀྱིས་གསུངས་པ་བཞིན་གནས་ཚུལ་ག་རེ་ཡིན་ཡང་བརྟག་དཔྱད་བྱེད་དགོས་ཀྱི་རེད། སྐོར་བ་བྱེད་པ་དེ་ཆོས་ལ་ཞེ་དྲག་དགའ་པོ་ཡོད་སྟབས་སྐོར་བ་བྱེད་ཀྱི་ཡོད་པ་རེད། འདུན་པ་རེད། དཔེར་ན། འོད་ལ་ཆགས་པའི་འབུ་དེ་ཚོས་ཤེལ་ཏོག་ལ་སྐོར་བ་བྱེད་ཀྱི་འདུག་གཱ འོད་ལ་ཆགས་པའི་དབང་གིས་སྐོར་བ་བྱེད་ཀྱི་ཡོད་རེད། དེ་བཞིན་ང་ཚོས་ཆོས་ལ་ཞེ་དྲག་དགའ་པོ་ཡོད་པ་ཡིན་ཙང༌། སྐོར་བ་རྒྱག་གི་ཡོད་རེད། ང་ཚོས་ནམ་རྒྱུན་མཐོང་བ་དེ་གཅིག་པུ་རེད། རྒྱུ་མཚན་ལྟེ་བ་དེ་ནང་ཆོས་ནས་ག་རེ་གསུང་གི་ཡོད་རེད་ཟེར་ན། སྐུ་དེས་གསུངས་བཞག་པའི་གསུང་ལ་དགའ་པོ་ཡོད་པ་ཡིན་ཙང་དེའི་སྐུ་དང༌། གསུང༌། དེ་ཉམས་སུ་ལེན་མཁན་གྱི་དགེ་འདུན་དེ་དག་ལ་སྐོར་བ་བྱེད་ཀྱི་ཡོད་རེད། འོད་ལ་ཆགས་པ་ནང་བཞིན་དེ་དགོས་ཀྱི་ཡོད་རེད། སྐོར་བ་བྱེད་པ་གཅིག་པུས་འགྲིག་གི་རེད་གསུང་གི་ཡོད་མ་རེད། ལྟེ་བ་དེ་སློབ་སྦྱོང་ཐོག་ནས་ཡོང་དགོས་ཀྱི་རེད། སྐོར་བ་བྱེད་པ་དེ་ཞོར་གྱི་ལས་ཀ་རེད། འབུ་འོད་ལ་ཆགས་པ་དེ་དཔེ་བཞག་ན་མཚུངས་པོ་ཡོད་རེད།

དཔེར་ན། བཅོམ་ལྡན་འདས་ལ་སྐོར་བ་ལན་གསུམ་བྱས་ཟེར་བ་ལྟ་བུ། བཅོམ་ལྡན་འདས་ལ་དགའ་པོ་ཞེ་དྲག་ཡོད་པའི་རྐྱེན་གྱིས་དེ་ལ་སྐོར་བ་བྱེད་ཀྱི་ཡོད་པ་རེད།  དཔལ་འབྱོར་གྱི་ཐོག་ནས་ཡིན་ན་རེད། སློབ་གསོའི་ཐོག་ནས་ཡིན་ན་རེད། ཤེས་ཡོན་གྱི་ཐོག་ནས་ཡིན་ནའང་རེད་སོ་སོ་ལ་ཕན་ཐོགས་མཁན་དེ་ལ་ག་དུས་ཡིན་ཡང་མཇལ་སྙིང་འདོད་ཀྱི་ཡོད་རེད། མཇལ་བ་དེའང་མདུན་ནས་མཇལ་ཡང་མི་འགྲིག་པར་རྒྱབ་ནས་མཇལ་བ་བཅས་ཡོང་གི་ཡོད་རེད། དེ་དང་འབྲལ་མི་ཕོད་པའི་དོན་རེད། འོད་དང་འབྲལ་མི་ཕོད་པ་ཡིན་སྟབས་སྐོར་བ་བྱེད་ཀྱི་ཡོད་རེད། སོ་སོར་ཆོས་སྟོན་མཁན་བཅོམ་ལྡན་འདས་ཡིན་ན་འདྲ། བླ་མ་ཡིན་ན་འདྲ། ཆོས་པོ་ཏི་ཡིན་ན་འདྲ་དེ་དག་འབྲལ་མི་ཕོད་པ་ཡིན་པས་སྐོར་བ་བྱེད་པ་རེད། རྩ་བ་དེ་ནང་ཆོས་སློབ་སྦྱོང་གི་ཐོག་ནས་འགྲོ་དགོས་ཀྱི་རེད།
དྲི་བ། ཡུལ་ལྷ་གཞི་བདག་ལ་མཆོད་པ་དང༌། རླུང་རྟ་དར་ལྕོག་འཛུགས་པ་སོགས་ནི་ནང་ཆོས་ཀྱི་ཆ་ཤས་རེད་དམ། ཡང་ན་གོམས་གཤིས་ཤིག་རེད།
ལན། བྱེད་སྟངས་ཤེས་པ་ཡིན་ན་ནང་ཆོས་ཀྱི་ཆ་ཤས་ཆགས་ཀྱི་རེད། མ་ཤེས་པ་ཡིན་ན་ནང་ཆོས་ཀྱི་ཆ་ཤས་ཆགས་པའི་ཁྱབ་པ་ཡོད་མ་རེད། སྤྱིར་བཏང་ནང་ཆོས་ཀྱི་ཆ་ཤས་རེད། དེའི་རྒྱུ་མཚན་རྩ་བ་དེ་ག་རེ་རེད་ཟེར་ན། དཔེར་ན། ང་ཚོས་ལས་ཀ་ཧ་ཅང་རྒྱ་ཆེན་པོ་ཞིག་སྒྲུབ་དགོས་ཀྱི་ཡོད་པ་ཡིན་ན། ལས་ཀ་དེ་སྒྲུབ་པའི་ནུས་པ་ཡོད་པའི་མི་དེ་དག་འགོ་འདྲེན་དུ་འཚོལ་བ་དང༌། རྔན་པ་སྤྲོད་པ་སོགས་བྱེད་ཀྱི་རེད། དམིགས་ཡུལ་ལྟེ་བ་དེ་ལས་ཀ་དེ་འགྲུབ་པའི་ཆེད་དུ་རེད། གཞི་བདག་ལ་རྔན་པ་སྤྲོད་པ་དེ་ལས་ཀ་གཙོ་བོ་མ་རེད། དམིགས་ཡུལ་ལྟེ་བ་དེ་འགྲུབ་པའི་ཆེད་དུ་རེད། ནང་པ་སངས་རྒྱས་པའི་ཆོས་དེ་གཙོ་བོ་སེམས་རྒྱུད་འདུལ་བ་དེ་ཡིན་པ་རེད། དེ་སྒྲུབ་པ་ལ་ནུས་པ་འདྲ་མི་འདྲ་ཡོད་རེད། སོ་སོར་ཡིད་ཆེས་ཐོབ་པ་དང༌། མི་ལ་རེ་བ་བཅོལ་དགོས་པ་དེ་འདྲ་ཡོང་གི་རེད། ལྟེ་བ་དེ་སེམས་རྒྱུད་འདུལ་བ་དེ་རེད། དེ་ལ་བར་ཆད་ཡོང་གི་ཡོད་རེད། བར་ཆད་སེལ་བ་དང་མཐུན་རྐྱེན་སྒྲུབ་པའི་སླད་དུ་རེད། མཐུན་རྐྱེན་ལ་ཆོས་ཡག་པོ་འགྲུབ་པར་ཁ་ལག་ཟ་རྒྱུ་དགོས་པ་དེ་ཚོ་མཐུན་རྐྱེན་ཆགས་ཀྱི་ཡོད་རེད། ནད་ན་ཚ་མེད་པ་དེ་ཚོ་མཐུན་རྐྱེན་ཆགས་ཀྱི་ཡོད་རེད། རིགས་གཅིག་ཡུལ་ལྷ་གཞི་བདག་དེ་ཚོས་སེལ་ཐུབ་ཀྱི་ཡོད་རེད། དེར་བརྟེན་རོགས་སུ་སྦྲན་པ་རེད་མ་གཏོགས་གཙོ་བོ་དེ་མ་རེད། དར་ལྕོག་སྒྲོན་པ་དེ་ཚོའང་ཕྱོགས་གཅིག་ནས་ཆགས་ཀྱི་ཡོད་རེད། ཆགས་སྟངས་དེའང་ཕ་གིར་ནུས་པ་ཡོད་མེད་ཀྱི་སྐད་ཆ་མ་རེད། ནུས་པ་ཡོད་རེད། ང་རང་ཚོའི་སེམས་སྐྱིད་པ་དང་མི་སྐྱིད་པ་དེ་ཕྱིའི་འབྱུང་བ་ལ་ལྟོས་ཚབས་ཆེན་པོ་རེད། དེ་རིང་སྨུག་པ་འཁྲིགས་ཡོད་ན་མི་ཚང་མར་སེམས་ཏོག་ཙམ་མི་སྐྱིད་པ་ཡོད་རེད། ལྷག་པར་དུ་ཕྱི་རྒྱལ་རིགས་ལ་མི་སྐྱིད་པ་ཡོད་རེད། འཛམ་བུ་གླིང་གིས་ཤོད་ཀྱི་ཡོད་རེད། ཡོ་རོབ་གླིང་གི་མི་དེ་ཚོ་སྲོག་རླུང་ཚ་པོར་བརྩི་ཡི་ཡོད་རེད། རྒྱ་གར་གྱི་མི་དེ་ཚོ་སེམས་གུ་ཡངས་པོར་བརྩི་ཡི་ཡོད་རེད། གང་ཡིན་ཟེར་ན། ག་དུས་ཡིན་ཡང་ཉི་མ་ཤུགས་ཆེན་པོ་འཆར་གྱི་ཡོད་སྟབས། ལྷོད་ལྷོད་ཀྱིས་འདུག་མཁན་ལྟ་བུ་སྣ་རིང་པོར་བརྩི་ཡི་ཡོད་རེད། ཕྱི་རྒྱལ་དེ་ཚོ་སྲོག་རླུང་ཚ་པོར་བརྩི་བ་དེ། དགུན་ཁར་གནམ་གཤིས་འཁྲིགས་འདུག་གི་ཡོད་སྟབས་རེད། དཔེར་ན། ང་རང་ཚོས་ཧ་གོ་ཡི་རེད། རི་མཐོན་པོ་ཞིག་གི་རྩེ་ལ་སོང་ན་སྐྱིད་པོ་ཡོད་རེད། ས་འོག་ལ་འཛུལ་བསྡད་ན་སྐྱིད་པོ་ཡོད་མ་རེད། སེམས་དེ་ཕྱི་ཡི་འབྱུང་བ་དང་ཁོར་ཡུག་ལ་འབྲེལ་བ་ཆེན་པོ་ཡོད་རེད། དེར་བརྟེན་གཙོ་བོ་སེམས་ཀྱི་བདེ་སྐྱིད་འཐོབ་རྒྱུ་དེ་རེད། དར་ཚོན་སྣ་ལྔ་དེ་འང་འབྱུང་བ་དང་དཔེ་སྦྱར་རྒྱུ་ཡོད་རེད། ཕྱོགས་གཅིག་ནས་དངོས་པོ་ཁོ་རང་ལ་ཕན་ཐོགས་ཡོད་ན་འདྲ་མེད་ན་འདྲ། དེས་མི་ལ་གནོད་པ་གང་ཡང་ཡོད་མ་རེད། སྐོར་བ་བྱེད་པ་དེ་དང་འདྲ་པོ་རེད། དམིགས་ཡུལ་ལྟེ་བ་དེ་ལ་བཞག་ནས་སྐོར་བ་བྱས་ན་དམིགས་ཡུལ་དེ་འགྲུབ་པར་ཕན་ཐོགས་ཡོད་རེད། ཅ་ལག་ཅིག་ལ་ག་ཚོད་སེམས་གཏད་པ་ཡིན་ན་དེ་དང་ཐག་ཉེ་རུ་འགྲོ་ཡི་ཡོད་རེད། དམིགས་ཡུལ་ལྟེ་བ་དེ་འགྲུབ་པར་སྐོར་བ་བརྒྱབ་ན་འདྲ། དར་ལྕོག་དཔར་ན་འདྲ་གང་ལྟར་ཐག་ཉེ་རུ་འགྲོ་ཐུབ་པའི་ཕན་ཐོགས་ཡོད་རེད། དཔེར་ན། ལག་ཐོགས་ཁ་པར་བཞིན་སྐར་མ་ལྔའི་རིང་གློག་བསགས་ན་སྐར་མ་ལྔ་ལ་བེད་སྤྱོད་གཏོང་ཐུབ་ཀྱི་རེད། དེ་བཞིན་ཆོས་བྱེད་པར་འདུན་པ་ཆེ་རུ་ཆེ་རུ་འགྲོ་ཡི་ཡོད་རེད། ཕྱོགས་གཅིག་ནས་དངོས་པོ་ཁོ་རང་ལ་ནུས་པ་ཡོད་རེད། དེ་ཡོད་པ་དེ་དུས་འཁོར་དང་རྩིས་ཟེར་བ་དེ་ཚོ་དེ་འདྲ་རེད། རྩིས་བརྒྱབ་ནས་ནང་ལོགས་ལ་རག་ལས་ཀྱི་རེད་ལ། ཕྱི་ལོགས་ཀྱི་འབྱུང་བ་ལ་སྐབས་འཁེལ་རྒྱུ་ཡོད་པ་རེད། ནང་སེམས་བློ་ཡར་རྒྱས་འགྲོ་བ་དེའང་ཕྱིའི་འབྱུང་བ་དང་མཐུན་གྱི་ཡོད་པའི་སྟབས་ཀྱིས་རེད། དེའི་ཆེད་དུ་ཁམས་གསོ་བའི་ཆེད་དུ་དར་ལྕོག་འཛུགས་པ་སོགས་ཆགས་བསྡད་ཡོད་རེད། ནང་པའི་ཆོས་ཀྱི་ཆ་ཤས་ཆགས་ཀྱི་ཡོད་རེད།
དྲི་བ། ས་ཐག་རིང་པོར་དཀའ་ལས་བརྒྱབ་ནས་གནས་སྐོར་ལ་འགྲོ་བ་དེའང་གོང་དང་རིགས་འདྲ་པོ་ཆགས་ཀྱི་རེད་དམ།
ལན། ཐག་རིང་པོར་གནས་སྐོར་འགྲོ་བ་དེའང་དེ་དང་གཅིག་པ་ཆགས་ཀྱི་ཡོད་རེད། དེའི་སྐོར་བཅོམ་ལྡན་འདས་ཀྱིས་མདོ་ནང་དུ་དངོས་སུ་གསུངས་ཡོད་རེད། དགེ་འདུན་ཆོས་འཕེལ་གྱིས་ལུང་དྲངས་ཡོད་རེད། ང་མྱང་ངན་ལས་འདས་པའི་རྗེས་སུ་ངའི་གནས་བཞི་དེ་སྟོན་དགོས་ཀྱི་རེད་ཅེས་གསུངས་ཡོད་རེད། འདིར་བཅོམ་ལྡན་འདས་འཁྲུངས་པ་རེད། འདིར་སངས་རྒྱས་པ་རེད། འདིར་མྱ་ངན་ལས་འདས་པ་རེད་ཅེས་ཡིན་གཅིག་མིན་གཅིག་མ་འོངས་པར་དགེ་སློང་གསར་པ་ཚོ་ལ་སྟོན་དགོས་རེད་གསུངས་ཡོད་རེད། དེ་བསྟན་དགོས་པ་དེ་བཅོམ་ལྡན་འདས་དྲན་པའི་ཆེད་དུ་རེད། བཅོམ་ལྡན་འདས་དྲན་ན་དེའི་གསུང་དྲན་གྱི་རེད། གསུང་དེ་དྲན་ན་སོ་སོས་ཡག་པོ་བྱེད་ཀྱི་རེད། དཔེར་ན། གནམ་གྲུའི་ནང་མར་གཡུག་དུས། མི་ཁ་ཤས་སྦྱོང་བརྡར་སྤྲད་ཡོད་ཀྱང༌། ཞེད་སྣང་དབང་གིས་གནོན་རྒྱུ་དང་གློད་རྒྱུ་དེ་ཚོ་ཏག་ཏག་ཡོང་གི་ཡོད་མ་རེད། དེར་བརྟེན་བསླབ་བྱ་མཐའ་མ་དེ་ག་རེ་རྒྱག་གི་ཡོད་རེད་ཟེར་ན། སྦྱོང་བརྡར་སྤྲོད་མཁན་གྱི་དགེ་རྒན་དེ་དྲན་པ་གྱིས་ཟེར་གྱི་ཡོད་རེད། དགེ་རྒན་དྲན་ན་དེའི་བྱེད་སྟངས་དེ་ཚོ་དྲན་གྱི་རེད། བྱེད་སྟངས་དྲན་ན་གནོན་རྒྱུ་སོགས་ཏག་ཏག་འགྲིག་གི་ཡོད་པ་རེད། བཅོམ་ལྡན་འདས་དྲན་ན་གསུང་དྲན་གྱི་ཡོད་རེད། གསུང་དྲན་ན་ལག་ལེན་བྱེད་རྒྱུ་དྲན་གྱི་རེད། གནས་སྐོར་འགྲོ་བའང་དེ་རེད། བཅོམ་ལྡན་འདས་ཡག་པོ་ངོས་ཟིན་པ་ཡིན་ན་སོ་སོ་ལ་སྐྱིད་པོ་ཞེ་དྲག་འབྱུང་གི་ཡོད་པ་རེད། ཉི་མས་གདུང་བའི་གླང་ཆེན་པད་མཚོར་བཞིན།། ཞེས་དང༌། ཤར་བ་ཙམ་ཡང་ཚ་བ་ཡིས།། གདུང་ལ་ཟླ་ཟེར་བཞིན་དུ་སྨན།། ཞེས་གསུངས་པ་བཞིན་ཚ་བས་གདུང་བ་ཞིག་ཡིན་ན་ཟླ་བའི་འོད་ཟེར་ཤར་ཡོང་དུས་སྐྱིད་པོ་ཞེ་དྲག་ཡོད་པ་རེད། བཅོམ་ལྡན་འདས་ཀྱི་གསུང་དེ་དངོས་གནས་དྲན་སྟངས་ཤེས་པ་ཡིན་ན། སོ་སོའི་སེམས་ལ་ཞི་བདེ་ཞེ་དྲག་འཐོབ་རྒྱུ་ཡོད་པ་རེད། གནས་སྐོར་གྱི་རྒྱུ་མཚན་ལྟེ་བ་དེ་རེད། ཁྱད་པར་གཅིག་ནི། གང་ཟག་ལས་དང་པོ་བ་རྣམས་གནས་སྐོར་དུ་ཕྱིན་ན་གནས་དེས་གང་ཟག་ལ་ཚུར་བྱིན་གྱིས་རླབས་ཀྱི་ཡོད་རེད། སོ་སོ་རྟོགས་པ་མཐོན་པོ་ཡིན་ན་ཕར་གནས་ལ་བྱིན་གྱིས་བརླབ་ཀྱི་ཡོད་རེད། ཁྱོད་རང་ལ་ཚོར་སྣང་དེ་འདྲ་བྱུང་ཡོད་མེད་མི་ཤེས་ཏེ། རྡོ་རྗེ་གདན་ལ་སླེབས་ཡོང་དུས་མིའི་སེམས་བག་ཕེབས་པོ་དང་སྐྱིད་པོ་ཏན་ཏན་ཡོང་གི་རེད། མི་མང་པོ་ལ་མཐུན་སྣང་ཡོང་གི་ཡོད་རེད། དེ་གནས་ཀྱིས་ཚུར་བྱིན་གྱི་བརླབས་པ་རེད། ཧི་མ་ལ་ཡའི་རི་རྒྱུད་དུ་སྒོམ་བརྒྱབ་པ་ཡིན་ན་སྒོམ་ཡག་པོ་ཡོང་གི་ཡོད་པ་སྒོམ་ཆེན་མང་པོས་ཤོད་ཀྱི་ཡོད་རེད། དེ་ག་རེ་རེད་ཟེར་ན། མི་གསོད་ཁྲག་སྦྱོར་མང་པོ་བྱུང་ཡོད་མ་རེད། ྋསྐྱབས་མགོན་རིན་པོ་ཆེས་ག་དུས་ཡིན་ཡང་གསུང་གི་འདུག་གཱ་ རཱ་ཤི་ཡའི་རྒྱལ་ས་མོ་སི་ཁོའོ་ལ་མི་འབུམ་དྲུག་ཙམ་བསད་པ་ཡིན་སྟབས། ཐེངས་དང་པོ་དེར་ཕེབས་དུས་ཐུགས་དམ་འཕེལ་བ་ཡོང་གི་མི་འདུག་གསུངས་པ་རེད། ྋསྐྱབས་མགོན་རིན་པོ་ཆེས་ཐུགས་སྣང་ཞེ་དྲག་གནང་བ་རེད། ཐེངས་གཉིས་པ་ཕེབས་སྐབས་སྒོམ་ག་ཚོད་བརྒྱབ་ཀྱང་མི་ཡོང་བ་གཅིག་པ་གཅིག་རྐྱང་བྱུང་སོང་གསུངས་པ་རེད། ག་ཚད་ཀྱིས་མི་གསོད་ཁྲག་སྦྱོར་བྱས་ས་དེར་དགེ་བ་གོང་འཕེལ་ཡོང་གི་ཡོད་མ་རེད། བྱས་ཙང་མི་གསོད་ཁྲག་སྦྱོར་བྱས་ས་དེར་གནས་ལ་བྱིན་གྱིས་བརླབས་པ་རེད། འཕྲོས་འདོན་ཐེངས་རྗེས་མར་གཟིགས།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།