ཨོ་བྷ་མ་དང་འཛམ་གླིང་གི་ཁ་ཕྱོགས།

   ལོ་འདིར་ཨ་རིའི་སྲིད་འཛིན་དུ་ལོ་ན་ཆུང་ཞིང་མི་རིགས་ནག་པོ་ཡིན་པའི་ཨོ་བྷ་མ་འདེམས་ཐོན་བྱུང་བ་དེ། ཨ་རིའི་མི་མང་ཙམ་དུ་མ་ཟད། འཛམ་གླིང་མི་མང་གི་ཁྲོད་ནས་དགའ་བསུ་བྱེད་མཁན་གང་མང་ཞིག་བྱུང་ཡོད་པ་དང༌། དེ་ནི་ཕྱོགས་གཅིག་ནས་ཨོ་བྷ་མའི་སྐད་ཆ་བཤད་སྟངས་ཀྱི་སྒྱུ་རྩལ་གྱི་ཐོག་ནས་ཡིན་ནའང༌། ཕྱོགས་གཞན་ཞིག་ནས་ཨ་རིའི་ནང་སྔོན་མ་མི་རིགས་ནག་པོ་དེ་མི་རིགས་དཀར་པོའི་བྲན་གཡོག་ཁོ་ན་ལས་མིའི་གྲས་སུ་མེད་པ་ལྟ་བུ་ཡིན་པ་དང༌། རིམ་པས་འོས་ཤོག་བླུག་ཆོག་པ་བྱུང་ཞིང༌། ད་ལྟའི་ཆར་ཨ་རིའི་སྲིད་འཛིན་དུའང་མི་རིགས་ནག་པོ་ཞིག་སླེབས་པ་འདི་ལ་བརྟེན་ནས། ཨ་རིའི་ནང་དུ་མང་གཙོ་དང་འདྲ་མཉམ་གྱི་ཚད་གཞི་ཧ་ཅང་མཐོན་པོར་སླེབས་ཡོད་པ་དང༌། ཨ་རིའི་རྒྱལ་ཁོངས་ཀྱི་མི་མང་ཚང་མའི་གཟི་བརྗིད་ཡིན་པ་ལྟ་བུའང་བརྗོད་བཞིན་ཡོད་པ་རེད། དོན་དངོས་ཐོག་ད་ལྟའི་ཆར་འཛམ་བུའི་གླིང་དུ་རྒྱལ་ཁབ་ཆེ་ཆུང་འདྲ་མིན་མང་པོ་ཞིག་ཡོད་ཀྱང༌། རྒྱལ་ཁབ་དེ་དག་གི་ནང་ནས་ཨ་རི་ནི་ཚང་མའི་ཁ་ལོ་སྒྱུར་མཁན་ལྟ་བུ་ཆགས་ཡོད་པ་རེད།

ཨ་རིར་དགའ་མཁན་ཞིག་ཡིན་ཡང་འདྲ། མི་དགའ་མཁན་ཞིག་ཡིན་ཡང་འདྲ། དཔལ་འབྱོར་དང་དམག་དོན། ཆབ་སྲིད་གང་ཐད་ནས་ཨ་རིར་བརྟེན་མི་དགོས་པའི་རྒྱལ་ཁབ་ཧ་ལམ་མེད་པ་ལྟ་བུར་གྱུར་ཡོད་པ་རེད། དེར་བརྟེན་ཨ་རིའི་སྲིད་འཛིན་དང་ཁོང་གི་སློབ་སྟོན་པ་རྣམ་པ། གཤམ་གྱི་ལས་རོགས་བཅས་ཀྱིས་འཛམ་གླིང་མི་མང་གི་ཁ་ཕྱོགས་ག་འདྲ་ཞིག་ཏུ་བསྒྱུར་བསམ་ཡང་ནུས་པ་ཆེན་པོ་ཡོད་པ་རེད། མཉམ་འབྲེལ་རྒྱལ་ཚོགས་ལ་མཚོན་ན། དོན་དངོས་ཐོག་ནུས་པ་ཆེན་པོ་ཞིག་གང་ཡང་ཐོན་ཐུབ་ཀྱི་མེད། དཔེར་ན་དེང་སྐབས་ཨི་ཟི་རལ་དང༌། པཱ་ལི་སི་ཐན་གཉིས་ཀྱི་དམག་འཁྲུག་མཚམས་འཇོག་དགོས་པའི་གྲོས་ཆོད་དང་འབྲེལ་འབོད་སྐུལ་གང་མང་བྱས་ཀྱང་ཕན་ནུས་ཐོན་མེད་ལ། ཁག་ཅིག་གིས་མཉམ་འབྲེལ་རྒྱལ་ཚོགས་དེ་ཤོག་བུའི་སྟག་རེད་ཅེས། རྒྱ་ནག་གིས་སྔོན་མ་ཨ་རིར་བརྗོད་མྱོང་བའི་མིང་ཚིག་དེ་བསྐྱར་ཟློས་བྱེད་མཁན་ཡང་ཡོད་པ་དང༌། དངོས་ཡོད་གནས་ཚུལ་གྱི་ཐོག་ནས་ཀྱང་དེ་འདྲ་པོར་གྱུར་ཡོད།
    དམག་དོན་གྱི་ཐོག་ནས་ཨུ་རུ་སུ་འཐོར་ཞིག་ཏུ་སོང་བའི་རྗེས་སུ་རྒྱ་ནག་དམག་དོན་གྱི་ཐོག་ནས་སྔོན་ཐོན་དུ་བརྩི་བཞིན་ཡོད་ཀྱང༌། ད་ལྟའི་ཆར་ཨ་རི་ལ་ཁ་གཏད་གཏན་ནས་གཅོག་མི་ཕོད་པ་འདས་པའི་ལོ་བཅུ་གྲངས་ཀྱི་གནས་སྟངས་ལ་རྟོག་ཞིབ་བྱས་ན། རྒྱ་ནག་གི་གནམ་གྲུ་ལ་རྒྱ་ནག་གི་ས་ཐོག་ནས་ཨ་རིས་གཏོར་སྐྱོན་བཏང་བ་དང༌། རྒྱ་ནག་གི་གཞུང་ཚབ་ཨ་རིས་གཙོས་ནེ་ཌོ་དམག་དོན་སྒྲིག་འཛུགས་ཀྱིས་གཏོར་བ། ཐེ་ཝན་དང་རྒྱ་ནག་གི་གནད་དོན་ཛ་དྲག་ཏུ་འགྲོ་བའི་སྐབས་ཨ་རིའི་དམག་གྲུ་ཡོང་ནས་ཐེ་ཝན་ལ་རོགས་སྐྱོར་བྱས་པ་སོགས་གང་ཐད་ནས་རྒྱ་ནག་གིས་ཨ་རིའི་ཁ་གཏད་གཅོག་མི་ཐུབ་ལ། གཞན་དག་གིས་དེ་བས་ཀྱང་འགྲན་མི་ཐུབ་པ་ལྟ་བུ་བྱུང་ཡོད། འདས་པའི་ལོ་བརྒྱད་ཀྱི་རིང་བྷུ་ཤིས་ཨ་རིའི་སྲིད་འཛིན་གྱི་འགན་བཞེས་པའི་རིང༌། དགུ་བཅུ་གཅིག་གི་དོན་རྐྱེན་དང༌། རང་བྱུང་གི་གནོད་སྐྱོན། དམག་འཁྲུག་སོགས་དོན་རྐྱེན་ཧ་ཅང་མང་པོ་འཕྲད་ཡོད་པ་མ་ཟད། དངུལ་རྩའི་ཉམས་ཆག དཀྱིལ་ཤར་ཡུལ་གྲུ་དང་འབྲེལ་བའི་གནད་དོན་སོགས་རྒྱལ་སྤྱི་རང་བཞིན་གྱི་དཀའ་ངལ་མང་དག་ཅིག་ལ་འཕྲད་ཡོད་པ་དེ་དག་གི་འཕྲོས་ལྷག་ཚང་མ་ལ་ཨོ་བྷ་མས་གདོང་ལེན་བྱེད་དགོས་པ་དང༌། དོན་དངོས་ཐོག་ཨ་རི་ཙམ་དུ་མ་ཟད། འཛམ་གླིང་གི་རྒྱལ་ཁབ་ཁག་ཡར་རྒྱས་ཀྱི་ལམ་དུ་ཇི་ལྟར་འཁྲིད་ཐབས་སོགས་འགན་ཁུར་ཧ་ཅང་ཆེ་བས། དེ་རིང་གི་ཁྲི་སྟོན་མཛད་སྒོ་གྲ་རྒྱས་ལོད་དང༌། འགྲོ་སོང་ཆེན་པོ་བཏང་བ་ཙམ་མ་ཡིན་པར། མ་འོངས་པའི་ལོ་བཞིའམ་བརྒྱད་ཀྱི་རིང་ལ་གྲུབ་འབྲས་ག་ཚོད་ཅིག་ཐོབ་ཐུབ་མིན་ནི་ཨོ་བྷ་མའི་འཇོན་ཐང་དང་ལམ་འགྲོ་གཙོ་བོ་དེ་རེད། ད་ལྟའི་ཆར་འཛམ་གླིང་མི་མང་གི་ངོས་ནས་ཨོ་བྷ་མ་ལ་དགའ་མོས་བྱེད་སྟངས་ལས་ལྡོག་ནས། མ་འོངས་པའི་ལོ་བཞིའི་རྗེས་གྲུབ་འབྲས་དང་འཇོན་ཐང་གི་ཐོག་ནས་གདེང་འཇོག་དང་རྒྱབ་སྐྱོར་བྱེད་ཐུབ་པ་ཞིག་ཆགས་དགོས་པ་རེད། གང་ལྟར་འཛམ་གླིང་མི་མང་གི་ཁ་ཕྱོགས་ག་འདྲ་ཞིག་ཏུ་བསྒྱུར་རྒྱུའི་གོ་སྐབས་དེ་ཨ་རིའི་གཞུང་དང་སྲིད་འཛིན་ཨོ་བྷ་མ་ལ་ཡོད་པ་རེད་ཅེས་བརྗོད་ཀྱང་མི་འགྲིག་པ་མེད་པ་ཞིག་ཏུ་གྱུར་ཡོད།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།