བོད་ས་གླང་ལོར་ལོ་སར་གཏོང་མི་འོས།

    ད་ལྟའི་ཆར་བོད་ཕྱི་ནང་གི་ས་གནས་གང་མང་ཞིག་ནས་ས་གླང་ལོའི་ལོ་སར་གཏོང་རྒྱུ་མིན་པའི་གནས་ཚུལ་ཐོན་བཞིན་ཡོད་པ་དང༌། བོད་ནང་གི་དྲ་རྒྱ་ཁག་ཅིག་གི་ནང་དུ་༢༠༠༨ ལོའི་ཕྱི་ཟླ་༤ པའི་ཚེས་ཤར་ཙམ་ནས་ཕྱི་ཟླ་གསུམ་པའི་ནང་བོད་ཡུལ་གང་སར་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་བར་རྒྱ་གཞུང་གིས་ཡ་ང་བའི་དམར་གསོད་བཏང་བས། ལོ་འདིའི་ནང་དུ་ལོ་སར་གཏོང་མི་འོས་པའི་བསམ་ཚུལ་སྤེལ་མཁན་བྱུང་ཡོད་པ་དང༌། དེ་ལ་རྒྱབ་སྐྱོར་གྱི་བསམ་ཚུལ་འདོན་མཁན་ཡང་གཅིག་མིན་གཉིས་མིན་དུ་བྱུང་ཡོད་པ་རེད། བཙན་བྱོལ་བོད་པའི་སྤྱི་ཚོགས་ཁྲོད་ཀྱི་ས་གནས་གང་སར་ཟླ་ཤས་སྔོན་ནས་བཟུང་མ་གྲོས་བསམ་པ་གཅིག་མཐུན་གྱིས་ལོ་གསར་གཏོང་རྒྱུ་མིན་པ་དང༌། ལོ་སར་ཉིན་དེ་འབྲེལ་གྱི་ལས་འགུལ་ཞིག་ཀྱང་སྤེལ་རྒྱུ་ཡིན་ཚུལ་བརྗོད་བཞིན་ཡོད་པ་རེད། ལོ་འདིའི་བོད་ནང་གི་དོན་རྐྱེན་དེ་ལ་བརྟེན་ནས་བོད་མི་ཞིག་ཡིན་ཕྱིན་ཆད་ལོ་སར་དགའ་སྟོན་གྱི་རྟེན་འབྲེལ་གཏོང་འོས་པ་ཞིག་གཏན་ནས་མིན་པ་དང༌། གཏོང་མཁན་ཡང་ཕལ་ཆེར་ཡོང་གི་མ་རེད།

ད་ལྟའི་ཆར་བོད་ནང་ལ་མཚོན་ན་རྒྱ་གཞུང་གིས་ས་གནས་གང་སར་བོད་རྒྱ་ནག་གིས་ཞི་བས་བཅིངས་འགྲོལ་བཏང་ནས་མི་ལོ་ལྔ་བཅུ་ཧྲིལ་པོ་འཁོར་བའི་དུས་ཚིགས་ཁྱད་པར་ཅན་ཡིན་པས། ལོ་འདི་དག་གི་རིང་གུང་ཁྲན་ཏང་གི་བཀའ་དྲིན་ལ་བརྟེན་ནས་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་ཡར་རྒྱས་སོང་ཡོད་པ་དང༌། ད་ཆ་བདེ་སྐྱིད་ཕུན་སུམ་ཚོགས་པ་ཡོད་པའི་རྣམ་པ་སྟོན་ཆེད་དུ་ལོ་སར་དགའ་སྟོན་རྒྱ་ཆེན་པོ་བྱེད་དགོས་ཞེས་དང༌། དེ་ལ་གཞུང་གིས་དཔལ་འབྱོར་གྱི་རོགས་རམ་ཡང་བྱེད་བཞིན་ཡོད་པ་རེད། འོན་ཀྱང་བོད་ས་གང་སར་ལོ་སར་གྱི་དགའ་སྟོན་བྱེད་རྒྱུ་མིན་པའི་གནས་ཚུལ་ཐོན་ཡོད་པ་མ་ཟད། གོ་སྐབས་འདི་བརྒྱུད་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་ནས་ཚ་བ་མཛོ་སྒང་གི་ན་གཞོན་པདྨ་ཚེ་དཔག་རྒྱ་གཞུང་གི་ཉེས་རྡུང་འོག་རང་སྲོག་ཀྱང་ཤོར་ཡོད་པ་རེད།
    བོད་ཀྱི་སྲོལ་རྒྱུན་གོམས་གཤིས་ནང་དུ་སོ་སོའི་ནང་མི་ཞིག་འདས་གྲོངས་སུ་གྱུར་པའི་སྐབས་ལོ་དེར་ལོ་སར་མི་གཏོང་བ་དང༌། ཁང་པ་ལ་དཀར་རྩི་མི་གཏོང་བ་སོགས་མྱ་ངན་ཞུ་སྲོལ་ཡོད་པ་ལྟར། ལོ་འདིར་བོད་ཆོལ་ཁ་གསུམ་ནས་བོད་རིགས་གང་མང་ཞིག་རྐྱེན་འདས་སུ་གྱུར་པ་དང༌། གང་མང་ཞིག་རྒྱ་གཞུང་གི་མནར་གཅོད་འོག་བཙོན་འཇུག་བྱས་དང་བྱེད་བཞིན་ཡོད་ལ། དེ་དག་ཀྱང་རང་རང་གི་འཚོ་གོས་ཀྱི་ཆེད་ཙམ་མ་ཡིན་པར་བོད་མི་རིགས་ཀྱི་བདེ་སྡུག་ཆེད་ངོ་རྒོལ་སྐད་འབོད་བྱས་པ་ཤ་སྟག་ཡིན་པས། ཁོང་རྣམས་ཀྱི་ཆེད་དུ་བོད་གཞིས་བྱེས་གཉིས་ནས་ལོ་སར་དགའ་སྟོན་ལ་མི་རོལ་རྒྱུ་དེ་མི་ཆོས་ཡ་རབས་ཀྱི་བྱ་བ་ཞིག་དང༌། རྒྱ་གཞུང་གིས་དེའི་ལྡོག་ཕྱོགས་ནས་ལས་འགུལ་སྤེལ་བཞིན་ཡོད་སྟབས་ཆབ་སྲིད་ཀྱི་ཐོག་ནས་བཤད་ནའང་ཞི་བའི་ལས་འགུལ་རྒྱ་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་རེད། སྤྱི་ཡོངས་ཀྱི་གནས་སྟངས་དེ་དག་ལ་བལྟས་ན་ལོ་སར་སྤྲོ་སྐྱིད་དང༌། གླུ་གར་རོལ་མོ་ལ་རོལ་མཁན་ཞིག་ཡོང་མི་སྲིད་པ་ལྟ་བུ་ཡིན་ཡང༌། མི་སོ་སོའི་བསམ་བློ་གཏོང་སྟངས་མི་འདྲ་བའི་ཆ་ནས་ས་གནས་ཁ་ཤས་སུ་དེ་ལྟ་བུ་ཡོང་བའི་དབང་དུ་བཏང་ནའང༌། བོད་དོན་ཆེད་སེམས་ཚོར་ཆེན་པོ་ཡོད་མཁན་དག་གིས་ཕ་རོལ་པོ་ལ་ལོ་སར་གཏོང་མི་ཆོག་པ་ལྟ་བུ་བརྗོད་པ་དང༌། འཁྲུག་འཛིང་གི་དོན་རྐྱེན་གཏན་ནས་མ་ལྷགས་པ་བྱེད་དགོས་པ་ནི་ལོ་སར་མ་བཏང་བ་ལས་ཀྱང་གལ་ཆེན་པོ་རེད། འདི་ལྟ་བུའི་དོན་རྐྱེན་བྱུང་ན་རྒྱ་གཞུང་ལ་ལག་པ་འཇུ་ས་ཞིག་རག་པ་དང༌། རྒྱ་གཞུང་གི་གསང་མྱུལ་བ་རྣམས་ལ་བོད་པ་ནང་ཁུལ་དཀྲུག་པའི་གོ་སྐབས་ཤིག་ཀྱང་ཐོབ་པ་རེད། དེར་བརྟེན་བོད་ནང་དུ་རྒྱལ་གཅེས་དཔའ་བོ་དཔའ་མོ་སྐུ་གཤེགས་རྣམས་ལ་མྱ་ངན་དང༌། མནར་གཅོད་མྱོང་བཞིན་པ་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཆེད་ལོ་སར་དགའ་སྟོན་མི་བྱེད་པའི་ལས་འགུལ་འདི་སྟབས་གཟབ་པོ་ཞིག་གི་ཐོག་ནས་ལེགས་གྲུབ་ཡོང་བ་བྱེད་དགོས་པ་ལས། ནང་ཁུལ་དུ་འཁྲུག་རྩོད་ཀྱི་གཞི་ལྟ་བུ་ཞིག་ཏུ་མི་འགྱུར་བ་བྱེད་དགོས།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།