ཧ་ལས་ཧོན་འཐོར་སོང༌།
སེར་སྨད་བློ་དགའ།
ཡག་ས་གཅིག་གིས་ཡག་སར་འཁྲིད་པ་དང་བདེན་པ་གཅིག་གིས་བདེན་སར་བཀོད་པ་ཧ་ཅང་དཀོན་ལ། དེ་ལས་ལྡོག་སྟེ་སྡུག་ས་གཅིག་གིས་སྡུག་སར་ཁྲིད་པ་དང་རྫུན་ཚིག་གཅིག་གིས་ངན་སར་སྐྱེལ་ནུས་པ་ནི་སྤྱི་ཡོངས་ཀྱི་རང་བཞིན་ནམ་ལྟོས་གྲུབ་ཀྱི་དངོས་པོའི་གཤིས་ལུགས་ཤིག་རེད། སྐྱེ་བོ་རྣམས་ཀྱི་མཐུན་སྣང་དུ་གྲུབ་ཅིང་བཀུར་འོས་པའི་མི་གཅིག་ལ། ནམ་ཞིག་བྱས་ཉེས་ཆུང་ཆུང་རེ་བྱུང་མཚམས་མི་དེ་ནག་པོ་ཆགས་པ་དང་ཡང་ན་གཡང་སར་གཡུག་རྒྱུར་ལས་སླ་རུ་འགྲོ་བ་ནི་མིག་མདུན་དུ་ལྷག་པའི་དཔེ་མཚོན་གསལ་ཤོས་ཤིག་ཡིན། བརྟག་དཔྱད་དང་དབྱེ་ཞིབ་ཚགས་ཚུད་ཅན་རེ་ཟུང་ལས་འཛམ་གླིང་གི་མི་ཕལ་ཆེ་བ་ནི་ད་དུང་ལེགས་ཉེས་ལ་རྨོངས་པའི་འཆིང་རྒྱ་ལས་ཡོངས་སུ་གྲོལ་མེད་ཅེས་བརྗོད་ན་ཧམ་བཤད་ག་ལ་ཡིན། མིག་རྒྱང་གཅིག་ལས་མེད་པའི་བོད་པའི་ཁོར་ཡུག་འདི་གཅིག་པུར་གཟིགས་དང༌། སྒྲིག་ཆས་གྱོན་པའི་ཕྲུ་གུ་གཅིག་གིས་མ་བྱུང་ན་སློབ་གྲྭ་དང་སློབ་ཕྲུག་ཡོངས་ཀྱིས་འགྲིག་གི་མི་འདུག་ཟེར་བ་དང༌།
གཞུང་ཞབས་གཅིག་གིས་ནོར་ན་བོད་གཞུང་གི་འགྲིག་གི་མི་འདུག་ཟེར་བ་དང༌། ཐ་ན་གྲྭ་ཆས་ཙམ་གྱོན་པའི་མི་ཞིག་གི་སྤྱོད་ལམ་ལ་ཐལ་ཆ་སོང་ཡང་གྲྭ་པས་བྱེད་ཀྱི་འདུག་ཟེར། འདི་ལ་འཕྲོས་ནས་ང་རང་ལ་དངོས་སུ་མྱོང་ཚོར་ལྡན་པའི་སྒྲུང་ཐུང་ཐུང་ཞིག་བཤད་འདོད་འདུག འདི་ལོའི་སྤྱི་ཟླ་བཅུ་གཅིག་པའི་ནང་ཕྲན་ཀོ་ལི་གྷལ་དོན་ལྡན་གླིང་གི་གྲོང་སྡེ་ཉི་ཤུ་པར་ཡོད་ལ། སྐབས་དེར་ཉེ་འགྲམ་གྱི་གྲོགས་པོ་ཞིག་གིས། གྲྭ་པས་ཞབས་འདྲེན་ཞུ་ཡི་འདུག་ཟེར་ན་རྣ་བར་འགྲོ་མདོག་མ་རེད། གྲྭ་པ་ཞིག་ར་བཟི་སྟེ་ལམ་གྱི་བཞི་མདོར་རྐང་ལག་བཞི་གནམ་ལ་བསྟན་ནས་ས་ལ་འགྱེལ་འདུག ལྟ་རུ་འགྲོ་ཟེར། སྣང་བ་རྣམ་རྟོག་དེ་ཙམ་མེད་ཀྱང་གྲོགས་པོས་འུར་ལངས་པ་ལ་བརྟེན་ནས་ཟང་ཟིང་ངང་འུར་རྒྱུག་གིས་སོང་བ་ན། ལམ་གྱི་བཞི་མདོ་དེར་སླེབས་ལ་ཉེ་བའི་མཚམས་སུ་རྒྱ་གར་གྱི་ཡུལ་མི་དང་བོད་མིས་འཚང་ཁ་ཤིག་ཤིག་གིས། ཕྱོགས་གསུམ་ནས་ཡོང་བའི་འགྲུལ་སྐྱེལ་རླངས་འཁོར་དང་སློབ་ཕྲུག་གི་སྤྱི་སྤྱོད་རླངས་འཁོར། གཞན་ཡང་གླང་འཐེན་འཁོར་ལོ་དང་ལྕགས་རྟ་འཁོར་ལོ་སོགས་ཕན་ཚུན་འདྲེས་ནས་འདུག གྲྭ་གཟུགས་ཅན་གྱི་མི་ངན་དེ་ཕོ་སར་གཉིས་ཀྱིས་སྣ་འགེབས་བཞིན་དུ་མཆན་ཁུང་གཡས་གཡོན་ནས་བསྐྱོར་ཏེ་ལམ་ཟུར་དུ་བཞག་པ་དང༌། ངོས་རང་གྲྭ་པ་ཞིག་ཡིན་པའི་ཆ་ནས་བསམ་ཡུལ་ལས་འདས་པའི་གནས་ཚུལ་དེ་རང་འགར་འཇོག་མ་ནུས་པར་སྐད་ཆ་དྲིས་པ་ཡིན། སྟབས་ལེགས་པ་ཞིག་ལ་ཁོའི་མིང་དང་གྲོང་སྡེ་ཚུན་ཆད་ནས་གསལ་པོ་ཆགས་སོང༌། དེའི་སང་ཉིན་ནི་ྋགོང་ས་མཆོག་གི་ཞི་བདེའི་གཟེངས་རྟགས་བཞེས་པའི་ཉིན་མོ་རེད། སྐབས་དེ་དང་བསྟུན་ས་གནས་འགོ་འཛིན་ལ་དེའི་བསྐོར་བཅར་འདྲི་བྱས་དུས། གཞིས་འགོའི་ངོས་ནས་དེ་སྡོམ་གཙང་མིན་པ། གྲོང་སྡེ་ཕན་ཚུན་གྱིས་རྒྱུན་དུ་མཆོད་གནས་ལ་གདན་འདྲེན་གྱི་ཡོད་པ། ལུས་ལ་གྲྭ་ཆས་གྱོན་གྱི་ཡོད་པ། ར་བཟི་ནས་ག་དུས་ཡིན་ཡང་ས་ལ་འགྱེལ་ནས་ཡོད་པ་བཅས་དོན་ཚན་བཞི་ཁས་ལེན་གནང་དུས། ཧ་ལས་ཧོན་འཐོར་བའི་གནས་ཚུལ་གཉིས་པ་དེ་ནས་ལྷགས་སོང༌།
ད་དུང་གྲོང་སྡེའི་མི་རེ་གཉིས་ཀྱིས་ཟེར་བ་ལ། སྐུ་ཞབས་ལགས། དེ་ལ་ཧོན་འཐོར་རྒྱུ་ག་རེ་ཡོད་རེད། འདི་ས་ཆ་ཁུག་ཁུག་ཅིག་རེད། གྲོང་ཁྱེར་ཆེ་ས་ལྡི་ལི་སོགས་སུ་མི་སྐྱ་འགའ་རེ་ཡིས་གྲྭ་ཆས་གྱོན་ནས་གྲྭ་པ་ཡིན་མདོག་དང་གཟན་ཤམ་གྱོན་ནས་ཨ་ནེ་ཡིན་མདོག་གིས་ཕྱི་སྐྱོད་ལག་འཁྱེར་ཞུ་སར་སོང་ནས། གྲྭ་ཆས་ཕུད་ལོངས་མེད་པར་ཆུང་མའི་ནུ་མར་འཐམ་བསྡད་པ། གཟན་ཤམ་འཇོག་ལོངས་མེད་པར་ཁྱོ་གའི་སྐེ་ལ་འཐམ་བསྡད་པ་མང་པོ་བྱུང་ཟིན་པ་རེད་ཟེར། དེ་ནས་ཧོན་འཐོར་བའི་བསམ་མཐའ་གསུམ་པ་དེར་ལྷུངས། ཧོན་འཐོར་བའི་གནས་ཚུལ་འདི་ཚོ་ལ་དབྱེ་ཞིབ་ཞིབ་མོ་མ་བྱས་པར། གྲྭ་པ་བླ་མས་གོ་ལོག་སྐྱེལ་སོང་ཟེར་བ་སོགས་ཀྱི་གཞི་མེད་ཀྱི་སྐུར་འདེབས་ཞུས་ན་ག་འདྲ་འདུག མདོར་ན་གྲྭ་ཆས་གྱོན་པ་ཙམ་གྱིས་གྲྭ་པ་ཡིན་པའི་ངེས་པ་མེད་ལ་སྐྱ་ཆས་གྱོན་པས་སྐྱ་བོ་ཡིན་པའི་ངེས་པའང་མེད། འདི་ལྟ་བུའི་གནས་ཚུལ་གྱིས་སློབ་ཕྲུག་དང་ཉེན་རྟོག་པ། གཞུང་གི་སྲི་ཞུ་བ་དང་ཚོང་པ་སོགས་ཐམས་ཅད་ལ་ཁྱབ་ཡོད་པས། བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚང་མས་འགག་རྩ་འདི་ཚོར་ལྷོད་གཡེང་མེད་པ་གནང་གལ་ཆེ། གནད་དོན་འདི་དག་ལ་བརྟེན་ནས་སྐྱེས་མཆོག་ྋརྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས་ཀྱང༌། གང་ལྟར་སྐྱེས་དམན་དང་ཕྲུ་གུ་ཡོད་བཞིན་དུ་ཆོས་གོས་རྣམ་གསུམ་གྱོན་བསྡད་པ་དེ་འདྲ་ཡོང་གི་འདུག དེ་ནི་སངས་རྒྱས་ཀྱི་བསྟན་པ་དང་རབ་བྱུང་ངུར་སྨྲིག་གི་སྡེ་ལ་དམའ་འབེབས་ལྟ་བུ་ཆགས་ཡོད། གང་ཡིན་ཟེར་ན། ཆོས་གོས་རྣམ་གསུམ་རབ་བྱུང་གི་བཞེས་རྒྱུ་ཡིན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བཀའ་ཡིས་བཅས་པ་གནང་བཞག་པ་ཞིག་རེད། ཅེས་གསུངས་མྱོང༌། ཆང་རག་བཏུང་བའི་ཉེར་ལེན་ལ་བརྟེན་ནས་ཆུང་ས་ནས་རང་གི་ལུས་དང་སེམས་ཉིན་རེ་ནས་འཕྲོ་བརླག་དང་མི་ཚང་གི་འཚོ་བར་ཉམས་ཉེས། ནང་མི་དང་གྲོང་སྡེ་ཕན་ཚུན་གྱི་མཐུན་ལམ་ལ་གནོད་སྐྱོན། བོད་རིགས་ནང་ཁུལ་དང་གནས་ཡུལ་རྒྱལ་ཁབ་ཀྱི་ཡུལ་མིའི་མཐུན་ལམ་ལ་དོ་ཕོག མདོར་ན་ཅུང་ཟད་ཙམ་གྱིས་ཡོད་ཚད་ཕུང་ལ་སྦྱོར་བའི་ལས་ངན་འདི་ཆོས་དང་འཇིག་རྟེན་གཉིས་ཀས་དགག་བྱ་ཡོད་པ་ཞིག་ཡིན། གཅིག་བྱས་ན། རྣམ་དཔྱོད་གསར་པའི་རྩོམ་པ་པོ། ཞོགས་དུང་ལགས་ཀྱིས། སྐྲན་འབུར་ལ་རེག་ན་ཟུག་གཟེར་ལངས་པ་ཆོས་ཉིད་ཡིན། ཞེས་གསུངས་པ་ལྟར་ངས་ལག་པ་འཆང་ས་དེ་སྐྲན་འབུར་ཞིག་ཡིན་མི་སྲིད་པའི་གདེང་ཚོད་སུ་ལ་ཡོད།