དུས་དྲན་གཅིག་ལ་མིང་གཉིས།

   ལི་ཐང་འཇམ་བཟོད། རྡ་ས།

ཉིས་སྟོང་དགུ་ལོའི་ཟླ་བ་༣ པའི་ནང་དུས་དྲན་གཅིག་ལ་མིང་མི་འདྲ་བ་གཉིས་གོ་སྒྲིག་བྱེད་བཞིན་ཡོད། གཅིག་ནི་རྒྱ་ནག་གཞུང་གི་བཀོད་ཁྱབ་འོག་ཕྱི་ཟླ་༣ ཚེས་༢༨ ཉིན་ཞིང་བྲན་ལམ་ལུགས་དང་བཀས་བཀོད་རྒྱུད་འཛིན་གྱི་དཀའ་སྡུག་འོག་ནས་བོད་མི་མང་བཅིངས་གྲོལ་ཐོབ་སྟེ་མི་ལོ་༥༠ འཁོར་བའི་དུས་དྲན་ཞེས་པ་གོ་སྒྲིག་བྱེད་བཞིན་ཡོད་པ་དང༌། དུས་དྲན་གཞན་ཞིག་ནི་བཙན་བྱོལ་བོད་གཞུང་གིས་དབུ་འཁྲིད་དེ་བོད་རང་བཙན་ཤོར་ནས་མི་ལོ་ཧྲིལ་པོ་༥༠ འཁོར་བའི་དུས་དྲན་གོ་སྒྲིག་བྱེད་བཞིན་ཡོད་པ་རེད།
    སྤྱིར་བཏང་ནས་རྒྱ་གཞུང་གི་བཀོད་ཁྱབ་འོག་ནས་བོད་དུ་དུས་དྲན་སྲུང་བརྩི་བྱེད་དགོས་པའི་རིགས་གཅིག་དང༌། ཡང་དུས་དྲན་སྲུང་བརྩི་བྱེད་མི་ཆོག་པར་བྱས་ན་ཆབ་སྲིད་ཀྱི་ཉེས་ཅན་པ་ཆགས་པའི་རིགས་གཉིས་ཡོད། མང་པོ་ཞིག་ནི་བཙན་བྱོལ་བོད་གཞུང་གི་གནང་ཕྱོགས་དང་ྋགོང་ས་མཆོག་གིས་བཀའ་སློབ་ཕེབས་ཕྱོགས་དང་ཧ་ཅང་འབྲེལ་བ་ཆེན་པོ་ཡོད། དཔེར་ན། ྋགོང་ས་མཆོག་གི་བཀའ་ལྟར་བོད་དུ་ལྤགས་རིགས་བཀག་སྡོམ་བྱེད་སྐབས། རྒྱ་གཞུང་གིས་བོད་རིགས་ལས་བྱེད་རྣམས་ལ་རྒྱ་སྒོར་ཁྲི་༢ རེ་སྤྲད་དེ་ཆེད་དུ་གོན་བཅུག་པ་དང་མ་གོན་ན་ལས་གནས་ནས་ཕྱིར་ཕུད་གཏོང་རྒྱུའི་ཉེན་བརྡ་བཏང་ཡོད་པ་དང༌། ཡང་ྋསྐུའི་འཁྲུངས་སྐར་དང་ཞི་བདེའི་གཟེངས་རྟགས། ཨ་རིའི་རྒྱལ་ཚོགས་གཟེངས་རྟགས། གསུམ་བཅུའི་དུས་དྲན། དེ་བཞིན་ཆོས་ཕྱོགས་ཀྱི་མཛད་སྒོ་སོགས་ཆེད་དུ་སྲུང་བརྩི་བྱེད་མི་ཆོག་པར་དམ་བསྒྲགས་ཡང་ཡང་བྱེད་ཀྱི་ཡོད་པ་རེད།

     དེ་བཞིན་དེང་སྐབས་བོད་དུ་མི་མང་པོ་ཞིག་གིས་ཉིས་སྟོང་བརྒྱད་ཀྱི་གསུམ་བཅུའི་དུས་དྲན་གྱི་སྐབས་སུ་བོད་རིགས་མང་པོའི་ཚེ་སྲོག་ཤོར་ཡོད་པ་དང༌། བོད་མི་ཕོན་ཆེན་གྱིས་ད་དུང་ཡང་བཙོན་ཁང་དུ་མནར་གཅོད་མྱོང་ནས་བསྡད་ཡོད་པས། བཀྲིས་རྟེན་འབྲེལ་གྱི་ལོ་གསར་བོད་མི་ཚོར་འོས་བབས་མིན་ཚུལ་ཡིག་ངག་གཉིས་ཐོག་ནས་བསྒྲགས་པས། བཙན་བྱོལ་དུའང་བསམ་ཚུལ་འདི་གལ་ཆེན་དུ་བརྩིས་ནས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་མི་དང༌། ནམ་རྒྱུན་བོད་དོན་ལ་དོ་སྣང་ཡོད་མཁན་སོགས་ཀྱིས་བགྲོ་གླེང་དང་གྲོས་བསྡུར་བརྒྱུད། དེང་སྐབས་བཙན་བྱོལ་སྤྱི་ཚོགས་ཁྲོད་ལོ་གསར་དེ་མྱ་ངན་གྱི་དུས་དྲན་དུ་སྒྱུར་འདོད་བྱེད་མཁན་མང་དུ་འགྲོ་བཞིན་ཡོད།
    ཁྱད་མཚར་བ་ཞིག་ནི་འཆར་ལ་ཉེ་བའི་ལོ་གསར་གྱི་སྤྲོ་སྐྱིད་འདི་རྒྱ་གཞུང་གིས་ངེས་པར་དུ་གཏོང་དགོས་པའི་བཙན་ཤེད་བྱས་པ་དང༌། ས་ཁུལ་མང་པོ་ཞིག་གི་གྲོང་གསེབ་ཁག་ཏུ་ནང་མིར་གཞིགས་ཏེ་ལོ་གསར་གྱི་འགྲོ་གྲོན་ཟེར་བ་སྤྲོད་བཞིན་ཡོད་འདུག འདི་ལོ་མ་གཏོགས་རྒྱུན་ལྡན་གྱི་ལོ་གསར་སྐབས་ཤང་དང་རྫོང་གི་དཔོན་རིགས་ཚོའི་ཆེད་དུ་གྲོང་གསེབ་ཁག་ཏུ་ཤ་མར་གྱི་ཁྲལ་བསྡུ་སྲོལ་ཡོད་པ་ལས་མི་མང་ལ་ཚུར་འགྲོ་གྲོན་ཟེར་བ་རག་མྱོང་མེད་པ་ཞིག་རེད། དེས་ན་ང་ཚོར་བསླུ་ཐབས་དང་བཙན་ཤེད་ཀྱིས་དུས་དྲན་གཏོང་འཇུག་གི་ཡོད་པའི་གནས་ཚུལ་འདི་ཁོ་ནས་དཔང་པོ་བྱེད་ཐུབ། མདོར་ན་རྒྱ་གཞུང་གིས་གོ་སྒྲིག་བྱེད་བཞིན་པའི་ཞིང་བྲན་ལམ་ལུགས་དང་བཀས་བཀོད་རྒྱུད་འཛིན་གྱི་དཀའ་སྡུག་འོག་ནས་བཅིངས་གྲོལ་ཐོབ་སྟེ་མི་ལོ་༥༠ འཁོར་བའི་དུས་དྲན་ཟེར་བ་འདི་ཡང༌། བཙན་བྱོལ་གཞུང་གིས་བོད་རང་བཙན་ཤོར་ནས་མི་ལོ་༥༠ འཁོར་བའི་དུས་དྲན་གོ་སྒྲིག་བྱེད་བཞིན་ཡོད་པ་འདིའི་ཁ་གཏད་རང་ཡིན་ལ། དེས་ན་དུས་དྲན་གཅིག་ལ་མིང་མི་འདྲ་བ་གཉིས་ཀྱིས་བདེན་རྫུན་གཉིས་ཀྱི་འགྲེལ་བཤད་རེ་རེ་ཁྱེར་ཏེ། གོ་ལའི་སྟེང་ལ་བོད་དོན་ཁྱབ་བསྒྲགས་བྱེད་ངེས་ཡིན་པས་བོད་མི་ཚང་མས་རིག་པ་དྭང་གསལ་ཐོག་ནས་བདེན་རྫུན་གྱིས་ཁྱད་པར་འབྱེད་དགོས་སོ།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།