དང་པོ། བོད་ཀྱི་བཙན་པོ་ཐོག་མ་གཉའ་ཁྲི་བཙན་པོའི་སྐོར་གླེང་བ།

འདོན་ཐེངས་སྔོན་མའི་འཕྲོས།

ཡང་ཁོང་གིས། འོན་ཀྱང་ཚིག་དངོས་ཀྱི་དོན་ལྡེའུ་མིག་ཁོ་ནར་མ་ངེས་པ་ནི་ལྡེའམ། ལྡེའུ་ཞེས་བྱ་བའི་ཚིག་རྐྱང་པས་ལྡེའུ་མིག་གི་དོན་བསྟན་མི་ནུས་ཤིང༌། ལྡེའུ་མིག་གི་དོན་ཇི་ལྟ་བར་བསྟན་པ་ལ་ཚིག་ཕྲད་¿མིག་¿་ཅེས་པ་དེ་དང་དངོས་སུ་འབྲེལ་དགོས་པས་ཤེས་ཐུབ། ལྡེའུ་ཞེས་པའི་དོན་དེ་རྒྱུ་སྐར་གྱི་ནང་ཚན་དུ་གྱུར་པའི་ལྡེའུ་དེའི་དོན་ཡིན་པའི་ལུགས་སུ་བྱས་ན་ནི་ཐོག་མར་ལྡེའུ་ཞེས་པ་དེའི་དོན་གང་ཡིན་ངེས་དགོས། དེ་མ་ངེས་ན་རྒྱུ་སྐར་དེ་ལ་ལྡེའུ་ཞེས་བཏགས་པའི་དགོས་པ་གང་ཡིན་ཤེས་པའི་ཐབས་མེད། དེ་མ་ཤེས་ན་རྒྱུ་སྐར་དེ་ལ་ལྡེའུ་ཞེས་བཏགས་པ་ནི། ཉི་མ་དང༌། རི་ཞེས་པ་ལྟ་བུ་འདོད་རྒྱལ་གྱི་མིང་ཙམ་དུ་ཟད་པས། ལྡེའུ་ཞེས་པའི་གོ་དོན་འཚོལ་བ་ལ་ཕན་ཐོགས་ཅི་ཞིག་ཀྱང་མེད་པ་ཡིན།

༈ བོད་ཀྱི་ལོ་རྒྱུས་མཁན་པོ་ཚོས། བོད་ཀྱི་གནའ་བོའི་ལོ་རྒྱུས་རྣམས་སུ་གསལ་བའི་ལྡེ་དང་ལྡེའུ་ཞེས་བྱ་བ་དེ་དག་གང་ཡིན་ངོས་འཛིན་པའི་ཚེ་ཁམས་ཕྱོགས་གཙོས་པའི་བོད་ཡུལ་ཕལ་མོ་ཆེར་ཡོངས་གྲགས་སུ། ¿ཁེགས་¿ཞེས་བྱ་བའི་གབ་ཚིག་གི་རིགས། དཔེར་ན། བྱི་རུའི་གོང་བུ་གསེར་གྱི་སྒོར་མོས་གང་ཟེར་བ་དེ་གང་རེད། ཅེས་དྲིས་པའི་ལན་དུ། སི་པན་རེད། ཅེས་གབ་པའི་དོན་གང་ཡིན་པ་དེ་དངོས་སུ་འདོན་ཐུབ་དགོས་པ་དེའི་གྲས་ཀྱི་གབ་ཚིག་དུ་མ་ཞིག་ཡོད་པ་དེ་རྣམས་ཀྱི་སྤྱི་མིང་ཞིག་ཏུ་ངོས་འཛིན་གནང་སྲོལ་བྱུང་འདུག ཅེས་གསུངས། དེས་ན། ལྡེའུ་ཞེས་པ་དང༌། ལྡེའུ་འཕྲུལ། ཁེགས་ཞེས་པ་འདི་དག་ཡུལ་སོ་སོས་མིང་འདོགས་སྟངས་མི་འདྲ་བ་ཞིག་ལས། དོན་གཅིག་མིང་གི་རྣམ་གྲངས་ཙམ་དུ་མིན་ནམ་སྙམ་མོ།། གང་ལགས་ཤེ་ན། ཁོ་བོ་ཅག་གི་ཡུལ་དུ་ལྡེའུ་འཕྲུལ་རྩེ་ཞེས་བརྗོད་སྲོལ་ཡོད་ཅིང༌། ཡུལ་འགའ་ཞིག་ན་ཁེགས་རྩེ་ཞེས་བརྗོད་ཀྱི་ཡོད་ཚོད་འདུག་པ་ལ། ལུང་པ་གཞན་ལ་ལྡེའུ་རྩེ་ཞེས་འབྱུང་ཆོག་པ་ཞིག་ལོས་ཡིན། གང་ལྟར་དེ་དག་དོན་གཅིག་ཡིན་པར་ངེས་ཏེ། ང་ཚོས་ལྡེའུ་འཕྲུལ་ཞེས་བརྗོད་པ་དེ་དང༌། གཞན་ཕྱོགས་ནས་ཁེགས་ཞེས་བརྗོད་སྲོལ་གཉིས་ཀ་རྩེ་སྟངས་གཅིག་གྱུར་ཡིན་པ་ལོ་ཤས་སྔོན་འཛིན་གྲྭའི་ནང་སློབ་ཐུན་ཁ་ཤས་ཁེགས་ཞེས་པ་དེ་རྩེ་སྲོལ་བྱུང་བས་མྱོང་བ་ཐོན། དཔེར་ན་འདི་བཞིན་རྩེ་སྟེ། སྒྱེ་ནག་ནག་ཁ་ཐིག་དམར་དམར་གང་རེད་ཅེས་དྲིས་ན། དེའི་ལན་དུ། སྐྱུང་ཀ་རེད་ཅེས་དང༌། མི་བརྒྱ་ལ་སྐེད་རགས་གཅིག་གང་རེད་ཅེས་དྲིས་ན། དེའི་ལན་དུ། ཕྱག་མ་རེད་ཅེས་སོགས་ཡུལ་སོ་སོས་མིང་འདོགས་སྟངས་ཙམ་ལས་རྩེད་མོ་རྩེ་སྟངས་གཅིག་མཚུངས་རེད་འདུག་པས། དངོས་པོ་གང་ཞིག་གི་དངོས་མིང་སྦས་ཏེ། དེའི་ཁྱད་ཆོས་དང་བྱེད་ལས་སོགས་ཀྱིས་སྐོར་ནས་བརྗོད་ཅིང༌། དངོས་པོ་གང་ཞིག་ངོས་འཛིན་ཐུབ་ཐབས་ཀྱི་རིག་པ་ཞིག་ཡིན་སྟབས། དོན་དངོས་ལ་གབ་ཚིག་གི་རྣམ་པ་ལྟ་བུ་རེད་སྙམ། འོན་ཀྱང༌། མཁས་དབང་ནམ་མཁའི་ནོར་བུས་ཡང་སྐྱར་འདི་བཞིན་གསུངས་ཏེ། འོན་ཀྱང་ལྡེའུ་ཞེས་པ་དེ་ཁེགས་ཀྱི་རིགས་ཁོ་ནར་ངོས་འཛིན་པ་དེ་ནི་ནོར་ཚབས་ཤིན་ཏུ་ཆེ་བ་ཞིག་སྟེ། གནའ་བོའི་དུས་ཀྱི་རྒྱལ་བློན་གྲགས་ཆེ་བ་དེ་དག་གིས་རྒྱལ་སྲིད་ལྡེའུས་བསྐྱངས་པའི་དོན་དེ། གནའ་བོའི་རྒྱལ་བློན་ཚོས་ཁེགས་ཀྱི་རིག་པ་ལ་མཁས་པར་བསླབས་ཏེ། རྒྱལ་བློན་འདུས་ཚོགས་ཆེན་པོའི་ནང་དུ་ཁེགས་ཀྱི་ཚིག་ཁ་ཤས་བཏོན་ནས། དེ་ལ་རྒྱལ་བློན་རྣམས་བཀའ་བགྲོས་པའམ། མངའ་དབང་ཆེ་བའི་རྒྱལ་པོ་ཚོས་བློན་པོ་རྣམས་ལ་ཁེགས་ཡ་མཚན་པོ་འགའ་ཞིག་དྲི་བར་བཀོད་དེ་བློན་པོ་ཚོས་ཁེགས་དེའི་དངོས་དོན་འཚོལ་བའམ། བློན་པོ་རིག་པ་ཅན་ཁེགས་ལ་མཁས་པ་འགའ་ཞིག་མངའ་འོག་གི་ཡུལ་གྲུ་སོ་སོར་ཕྱིན་ནས་མངའ་འབངས་རྣམས་ལ་ཁེགས་ཚིག་འདྲི་བགྲོ་བྱས་ནས་བོད་ཀྱི་རྒྱལ་སྲིད་བསྐྱངས་པའི་དོན་མིན་ལ། རྒྱལ་བློན་རྣམས་ཀྱིས་ཁེགས་ལ་ཧུར་བརྩོན་གྱིས་བློ་གྲོས་ཇེ་བཟང་དུ་བཏང་ནས། ཡར་རྒྱས་བྱུང་བའི་བློ་ནུས་དེ་ལ་བརྟེན་ནས་རྒྱལ་སྲིད་བསྐྱངས་པའི་དོན་ཁོ་ནའང་མིན་པ་ནི་བློ་གྲོས་དང་ལྡན་པ་ཀུན་གྱིས་གསལ་པོར་ཤེས་རྟོགས་ཐུབ་པ་དང༌། ལྡེའུ་ཞེས་བྱ་བ་དེའི་དངོས་དོན་ནི་དེ་དག་ལས་ཆེས་གཏིང་ཟབ་ཅིང་རྒྱ་ཆེ་བའི་གོ་དོན་དང་ལྡན་པ་ཞིག་ཡིན་ངེས་པ་ནི། བོད་ཀྱི་གནའ་བོའི་རྒྱལ་པོ་རྣམས་ཀྱི་མཚན་དུ་ལྡེ་དང༌། ལྡེའུ་མང་དུ་བྱུང་ཡོད་པ་དེ་ཁོ་ནས་ཤེས་ཐུབ། ཅེས་གསུངས་འདུག དེ་ལ་བསམ་གཞིག་དགོས་ཏེ། སྤྱིར་ལྡེ་དང་ལྡེའུ་ཞེས་པར་གོ་དོན་ལྡན་ཆོག་ཀྱང༌། ཁེགས་ཀྱི་གོ་དོན་ལས་ཆེས་གཏིང་ཟབ་སྟེ། བོད་ཀྱི་གནའ་བོའི་རྒྱལ་པོ་རྣམས་ཀྱི་མཚན་དུ་ལྡེ་དང༌། ལྡེའུ་མང་དུ་བྱུང་ཡོད་པའི་ཕྱིར་ཞེས་རྟགས་སུ་བཟུང་ན་ལྟར་སྣང་གི་སྒྲུབ་བྱེད་ཙམ་དང༌། ལྡེ་དང་ལྡེའུ་ཞེས་རྒྱལ་རབས་དུ་མའི་མཚན་སྣེ་ལ་བཏགས་པའི་རྒྱུ་མཚན་གྱིས་ཁེགས་ཞེས་པ་ལས་གོ་དོན་ལོགས་སུ་བློ་ཡུལ་དུ་ཤོང་དཀའ་བ་ཞིག་དང༌། བཙལ་ཀྱང་རྙེད་མི་ནུས་པ་ལྟ་བུ་ཞིག་ཡོད་པར་བསམ་ན་ཐལ་ཆ་ཆེ་བའི་སྟོང་བསམ་གྱི་སྐྱོན་འབའ་ཞིག་ཏུ་འགྱུར་སྲིད། ལྡེ་དང་ལྡེའུ་ཞེས་པའི་གོ་དོན་གཏིང་ཟབ་ཀྱིས་རྒྱལ་པོ་ཞིག་གི་མཚན་ལ་ཐོག་མར་ཆེད་དུ་བཏགས་ཡོད་རུང༌། རྗེས་སུ་རྒྱལ་རབས་མང་པོའི་མཚན་སྣེ་ལ་བྱུང་བ་དེ་དག་ནི་མཚན་སྣེ་རྗེས་དྲན་དུ་དམིགས་ནས་བཏགས་པ་ཙམ་ཡིན་གྱི། ལྡེ་དང་ལྡེའུའི་གོ་དོན་རྟོགས་ཤིང༌། དེ་ལ་དབང་མེད་འགྲམ་ཆུ་ལྡང་ནས་བཏགས་པ་ཞིག་མ་ཡིན་སྙམ། དཔེར་ན། ྋརྒྱལ་བ་སྐུ་ཕྲེང་རིམ་བྱོན་གྱི་མཚན་སྣེ་རྗེས་དྲན་དུ་རྒྱ་མཚོ་ཞེས་བྱུང་བ་ལྟ་བུ་མང་ངོ༌། །ཡང་ཁོང་གིས། ལྡེའུ་ཞེས་བྱ་བ་དེའི་རྩ་གནད་ཆེས་གལ་ཆེ་ཤོས་ཤིག་ནི། དེང་དུས་ཡོངས་གྲགས་སུ། མོ་ཞེས་པའམ། ཕྱྭ་མོ་ཞེས་པ་འདི་རིགས་ཀྱི་ཕྱི་མོ། གནའ་རབས་བོན་གྱི་སྲོལ་ལུགས་སུ་དར་སྲོལ་ཆེས་ཆེ་བ། ལྡེའུ་འཕྲུལ་དུ་གྲགས་པ་དེ་ཡིན་ཞེས་མོ་པྲ་མངོན་ཤེས་ལྟ་བུའང་ལྡེའུའི་ཁོངས་སུ་གཏོགས་ཚུལ་གསུངས་འདུག ༈ ལྡེའུ་འཕྲུལ་ལ་ཟབ་གནད་དང༌། གསང་གནད་ཀྱི་ལྡེའུ་ཞེས་ཡོད་པར་བཤད་ཅིང༌། གསང་གནད་ཀྱི་ལྡེའུ་ནི་དཔེར་ན། ཏུན་ཧོང་ཡིག་ཆ། (P.T.1287) ལེའུ་བརྒྱད་པར། གྱིམ་བརྩན་རྨང་ཅུང་སླར། །བཙན་པོ་སྤྱན་སྔར་མཆིས་ནས། །བཙན་མོས་བཀའ་ལན་ཡྀ་གེར་གསོལ་པ་ནྀ་ཆང་མ་མཆིས། །མགུར་བླངས་པ་འྀ་ཚིག་ནི་འདྀ་ཞེས་མཆི། པྱག་རྒྱས་བཏབ་སྟེ་སྐུར་བ་འདྀ་ལགས་ཤེས་གསོལ་པ་ལས།། ཞུ་པྱག་རྒྱ་པྱེ་སྟེ། གཟིགས་ན། གཡུ་རྙིང་བཟང་པོ་སུམ་ཅུ་ཙམ་ཞིག་བྱུང་སྟེ། །བཙན་པོ་དགོངས་དགོངས་ནས། ཡུ་བུས་ལིག་མྱྀ་རྷཡ་ལ་རྒོལ་ཕོད་ན་ནྀ་གཡུ་ཐོགས་ཤིག། །རྒོལ་མ་ཕོད་ན་ནྀ་བུད་མྱེད་དང་མཚུངས་ཞུ་གྱོན་ཆིག་ཟེར་བ་ལྟ་ཞེས་བཀའ་སྩལ་ནས། །རྗེ་བློན་བློད་བློད་དེ། །ལྀ་མྱི་རྷཡ་འྀ་སྲིད་བརླག་གོ། །
འདོན་ཐེངས་རྗེས་མར་གཟིགས།
ས་རཱ་མཐོ་སློབ། ངག་དབང་བྱམས་པས།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།