དགེ་སྐོས་ཀྱིས་རྨོག་རུ་བསྟན་པ་ཕྱིར་ཕུད་བཏང་བ་ཡིན། ལྷོ་ཕྱོགས་ཕོ་ཉ་དང་འབྲེལ་བ་མེད་ཟེར།

ཉེ་ཆར་གསར་ལམ་ཁག་དང་དྲ་ལམ་ཁག་ཅིག་ནས་བགྲོ་གླེང་བྱེད་བཞིན་པ་མང་དག་ཅིག་ནི་འབྲས་སྒོ་མང་དགེ་སྐོས་བྱམས་པ་དོན་ཡོད་ལགས་དང་གྲྭ་རྨོག་རུ་བསྟན་པ་ལགས་གཉིས་ཀྱི་སྐོར་ལ་བསམ་ཚུལ་འདྲ་མིན་ཞིག་གླེང་བཞིན་ཡོད་པས། དགེ་སྐོས་ལ་དེའི་སྐོར་བཅར་འདྲི་བྱས་པ་ཡིན།དྲི་བ། དགེ་སྐོས་ཁྱེད་དང་རྨོག་རུ་བསྟན་པ་གཉིས་ཀྱི་བར་གླེང་རྙོག་ཅིག་བྱུང་སྐོར་སྤྱི་ཚོགས་ནང་ཁྱབ་བཞིན་པ་དེའི་སྐོར་གསུངས་རོགས།་ལན། དང་པོ་གྲྭ་ཚང་འདིའི་ཁོངས་སུ་གཏོགས་པའི་མི་སྣ་གང་འདྲ་ཞིག་ཕྱི་བསྐྱོད་བྱས་པ། དཔེར་ན་གཞིས་གྲཽང་ཁག་དང་ཧུབ་ལེ་སོགས་གང་དུ་འགྲོ་སྐབས་གྲྭ་ཚང་གི་ཕྱག་མཛོད་ཡིན་ནའང་དགེ་བསྐོས་སར་དགོངས་པ་ཞུ་དགོས་ཀྱི་ཡོད་པ་རེད།

ཡིན་ན་ཡང༌། རྨོག་རུ་བསྟན་པ་ཁོ་རང་གིས་ཞུས་ཡོད་མ་རེད། འོན་ཀྱང༌།ཁོ་རང་ས་གནས་ཀྱི་འཐུས་མི་ཡིན་པ་སོང་ཙང་དགེ་བསྐོས་ཀྱིས་ཁོ་རང་སྤྱི་ཚོགས་ཞབས་ཞུ་བྱེད་མཁན་ཞིག་ཡིན་པར་ངོས་འཛིན་བྱས་ནས་གང་ཡང་མ་ལབ། ཡིན་ཡང༌། གྲྭ་པ་གཞན་ལ་ཁོ་རང་གི་ལས་ཤོག་ཐོག་ཁོ་རང་གིས་ས་ཡིག་བརྒྱབ་ནས་གཞིས་གྲོང་གསུམ་པ་སོགས་སུ་འགྲོ་ཆོག་གི་ཡོད་ཟེར་ནས་ཆོག་མཆན་སྤྲད་པ་རེད། ས་གནས་གཞིས་འགོ་ཡི་རྒྱབ་གཉེར་ཡོད་ཟེར་གྱི་ཡོད་པ་རེད་དེ། ཁང་ཚན་རྒན་དེ་ཚོས་བཟུང་སྟེ་དེ་ག་རེ་རེད་འགྲིག་གི་མི་འདུག་ཟེར་ནས་དགེ་བསྐོས་སར་སླེབས་ཡོད་པ་རེད།དེ་ཡིན་པ་སོང་ཙང་རྗེས་མ་རྨོག་རུ་བསྟན་པ་ཁོ་རང་སྐད་བཏང་ནས་དེ་ག་རེ་རེད་ཟེར་དུས། ཁོ་རང་ལ་དགེ་བསྐོས་ཕར་ཞོག  ཁང་ཚན་རྒན་སུ་ལའང་མིག་སྟོན་རྒྱུ་ཡོད་པའི་རྒྱབ་གཉེར་ཡི་གེ་ཞིག་མེད་པ་རེད། ཁོ་རང་ལ་སྒོར་མོ་༢༥༠ ཉེས་ཆད་ཙམ་གཅོད་རྒྱུ་དང་སྒྲིག་འགལ་བྱུང་བའི་མི་དེ་ལའང་ཕྱག་ཅིག་འཚལ་དགོས་པ་དེ་འདྲ་ཆགས་པ་རེད།དེའི་རྗེས་ལ་རྨོག་རུ་བསྟན་པ་ཁོ་རང་འདིར་ཡོང་ནས་ཚོགས་སར་མ་བྱེད་རོགས་སྐུ་མཁྱེན་སྐུ་མཁྱེན་ཞེས་ལབ་ནས་ཞུ་བ་ཞེ་དྲག་འཐེན་གྱི་འདུག དེ་ནས་ཟླ་བ་གཉིས་ཀྱི་རིང་ལ་ཁོ་རང་ས་གནས་ལས་བྱེད་རེད་བསམ་ནས་བཞག་པ་རེད་ལ། མི་གཉིས་ལ་ཆད་པ་སྒོར་༥༠༠ རེ་དང་ཁོ་རང་ལ་ཆད་པ་༡༠༠༠ ཞིག་ཁུར་ཤོག་ལབ་པ་ཡིན་སྟེ། ཁོ་རང་གིས་རྙོག་གྲ་དེ་ཡར་ལངས་རྒྱུ་འདྲ་བསམ་ནས་ཆད་པ་དེ་མ་སྤྲད་པ་མ་ཟད། ཁོ་རང་གིས་སྤྱི་ཚོགས་ནང་དུ་དགེ་བསྐོས་ལ་ཚུལ་མིན་གྱི་སྐད་ཆ་འདྲ་མི་འདྲ་ཞིག་བཤད་ནས་ཡིག་ངག་གཉིས་ཐོག་ནས་སྤེལ་ཡོད་པ་དང༌། དེའི་ངོ་བཤུས། ཆོས་དོན་ལས་ཁུངས་དང༌། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་འོད་ཟེར། གཞིས་འགོ་སོགས་ཚང་མ་ལ་བཏང་བ་རེད། ཁོ་རང་གིས་དེའི་ནང་གི་སྐད་ཆ་ཚང་མ་གཞི་མེད་ཀྱི་སྐུར་འདེབས་ཤ་སྟག་རེད། ཁྱེད་རང་ལ་བདེན་པ་གསལ་བཤད་བྱེད་རྒྱུ་ཡོད་ན་སྒོ་མང་གྲྭ་ཚང་གི་ལས་སྣེར་ཐོན་ཚད་དང༌། དགེ་བསྐོས་ཟུར་པ། ཕྱག་མཛོད་ཟུར་པ། མདོར་ན་འབྲེལ་ཡོད་གྲྭ་ཚང་འདིའི་ཚད་མར་འཛིན་འོས་པའི་གནད་ཡོད་མི་སྣ་ཞིག་ཁྲིད་ཤོག་དང་འགྲིག་གི་རེད་ཟེར་ནས་ངས་ཁོ་ལ་དུས་ཚོད་ཉི་མ་བརྒྱད་སྤྲད་ཡོད། གལ་སྲིད་དགེ་བསྐོས་ནག་པོ་ཆགས་ཡོད་ཟེར་མཁན་ཡོད་ན་དགེ་བསྐོས་རང་ཉིད་ཁྱོད་དང་མཉམ་དུ་གྲྭ་ཚང་གི་ཁང་ཚན་བཅུ་དྲུག་ཡོད་པའི་ནང་དགེ་བསྐོས་སོང་ནས་བདེན་དཔང་བྱེད་རོགས་ལབ་ཆོག དེ་ནས་ཀྱང་དགེ་བསྐོས་ནག་པོ་ཆགས་ཡོད་ན་དགེ་བསྐོས་གྲྭ་མང་ནང་ལ་འགྲོ་ཆོག དེ་ནས་མང་གཙོའི་ལུགས་དང་མཐུན་པའི་ཐོག་ནས་དགེ་བསྐོས་དང་རྨོག་རུ་བསྟན་པ་གཉིས་སུ་བདེན་པ་ཡིན་མིན་ཐད་འོས་བླུགས་ནས་དགེ་བསྐོས་ནག་པོ་ཆགས་སོང་ན། རྨོག་རུ་བསྟན་པས་ཆད་པ་སྤྲོད་དགོས་པ་མ་རེད། ཆད་པ་དེ་དགེ་བསྐོས་ང་རང་གིས་འཁྱེར་རྒྱུ་རེད། ཆད་པ་སྒོར་ཁྲི་གཅིག་དང་གྲྭ་མང་ལ་ཇ་བཏང༌། ཁ་བཏགས་བཏང༌། གྲྭ་མང་ནང་ལ་དགེ་བསྐོས་ཀྱིས་འཐོལ་བཤགས་དང་དགོངས་སེལ་ཞུ་ཡི་ཡིན་ཞེས་དགེ་བསྐོས་ཀྱི་ངོས་ནས་གསལ་བསྒྲགས་བྱས་པ་ཡིན། འོན་ཀྱང༌། ཁོ་རང་ལ་གསལ་འདོན་དང་བདེན་རྒྱབ་ལངས་མཁན་ཁང་ཚན་བཅུ་དྲུག་དང་ལས་སྣེ་མཐོ་དམན་སུ་གཅིག་འཁྲིད་རྒྱུ་མི་འདུག རྨོག་རུ་འགྲིག་དང་དགེ་བསྐོས་མི་འགྲིག་ཟེར་མཁན་གྲྭ་ཚང་འདིའི་ནང་ནས་ཚད་གཞི་འཛིན་ས་ཞིག་ཀྱང་མ་རག་པ་རེད། ཁོ་རང་གི་བྱེད་སྟངས་དེ། ཚོགས་པ་གཉིས་ཀྱི་བར་ལ་སྐད་ཆ་བཤད་ན་ཨེ་དགའ། ཆོལ་ཁའི་མིང་ཁུར་ནས་སྐད་ཆ་བཤད་ན་ཨེ་དགའ། གྲྭ་ཚང་འདི་དང་གཞིས་འགོ་གཉིས་ཀྱི་བར་སྐད་ཆ་བཤད་དགོས་རྒྱུ་ཨེ་འདུག གྲྭ་ཚང་འདི་དང་དཔལ་ལྡན་སྐུ་སྒེར་ཡིག་ཚང་བར་དུ་སྐད་ཆ་བཤད་ན་ཨེ་དགའ། གང་ལྟར་ཁོ་ལ་རྒྱབ་སྐྱོར་བྱེད་མཁན་རྐང་གཅིག་མེད་ཙང་རང་བཞིན་གྱིས་ནག་པོ་ཆགས་པ་རེད་ལ་གྲྭ་མང་དབུས་ནས་ཁོ་ཕུད་པ་རེད། གསལ་བསྒྲགས་ཀྱང་བྱས་ཚར་བ་རེད།
དྲི་བ། རྨོག་རུ་བསྟན་པ་སྒྲིག་ཁོངས་ནས་ཐོན་པ་ཟེར་བ་དང་རྨོག་རུ་བསྟན་པ་སྒྲིག་ཁོངས་ནས་ཕུད་པ་རེད་ཟེར་བ་བཤད་སྟངས་གཉིས་འདུག དེ་ལ་ཁྱད་པར་ག་རེ་ཡོད་པ་རེད།
ལན། དེ་ཁོ་རང་གིས་གྲྭ་ཚང་ནས་དགོངས་པ་ཞུས་པ་ཡིན་ཟེར་ནས་ནོར་འཁྲུལ་བཟོས་པ་དེ་དཀར་པོ་བཟོ་རྒྱུའི་ཆེད་དུ་ཐབས་ཤེས་བྱེད་ཀྱི་ཡོད་རེད། དངོས་གནས་དགོངས་པ་ཞུས་པ་ཡིན་ན་མང་གཙོ་དང་ལོས་མཐུན། གྲྭ་ཚང་གི་ཚད་འཛིན་ལག་ཁྱེར་དགོན་པར་ཡར་བསྐྱལ་ཡོད་ཟེར་རྒྱུ་ཡོད་པ་མ་རེད། དགེ་བསྐོས་ཀྱིས་ཚེས་༢༩ ཉིན་སྐྱིད་སྡུག་ནས་བཏང་བ་དེ་བདེན་པ་རེད། ཁོ་རང་ལ་དེ་སྔོན་བོད་ཟླ་བཅུ་གཅིག་པའི་ཚེས་༢༩ བར་དུ་དུས་ཚོད་བཞག་པ་རེད། ཁོས་མི་འཁྲིད་རྒྱུ་མ་རག་པས། ང་རེ་ཞིག་དགོངས་པ་ཞུས་ཡིན་ལབ་ཡོད་རེད།
དྲི་བ། ད་ལྟ་རྨོག་རུ་བསྟན་པས་འཛིན་སྐྱོང་བྱས་པའི་ནང་བསྟན་ཤེས་ཡོན་ལྷན་ཚོགས་དང་ལྷོ་ཕྱོགས་ཕོ་ཉ་གསར་ཤོག་གཉིས་སྒོ་བརྒྱབ་པ་དེའི་ཐོག་དགོངས་ཚུལ་གང་ཡོད།
ལན། ཁ་གཡར་ས་ཞིག་མ་རག་པར་ད་བར་བསྡད་བསྡད་པ་ཞིག་རེད་མ་གཏོགས། ནང་བསྟན་ཤེས་ཡོན་ལྷན་ཚོགས་དང་ལྷོ་ཕྱོགས་ཕོ་ཉ་གཉིས་ལ་གནད་དོན་གང་ཡང་ཡོད་པ་མ་རེད། མོན་གྷོ་རུ་ནང་བསྟན་ཤེས་ཡོན་ལྷན་ཚོགས་གཅིག་གིས་མ་ཚད་བརྒྱ་དང་ལྷོ་ཕྱོགས་ཕོ་ཉ་སྟོང་ཕྲག་ཅིག་བཏོན་པ་ཡིན་ན་ཡང༌། དགེ་བསྐོས་ཀྱི་ངོས་ནས་གང་ཡང་བཤད་རྒྱུ་མེད་ཅེས་ཚོགས་པ་ལ་ཞུས་པ་ཡིན། གལ་སྲིད་བཙུགས་པ་ཡིན་ནའང་ནང་བསྟན་ཤེས་ཡོན་ལྷན་ཚོགས་ཤིག་བཙུགས་རོགས་གྱིས་མ་གཏོགས་ནང་བསྟན་གཏོར་བཤིག་ལྷན་ཚོགས་ཤིག་མ་བཙུགས་རོགས། བོད་ཀྱི་ཆོས་དང་རིག་གཞུང་ཁ་ལ་ཁྱེར་ནས་ཆོལ་ཁ་ཕན་ཚུན་ཚོགས་སྡེ་ཕན་ཚུན་ལ་དཀྲུག་ཤིང་མ་གནང་རོགས་ལབ་པ་ཡིན། དངོས་ཡོད་གནས་ཚུལ་འདིར་ཁྱབ་བསྡད་པ་དེ་ཁོ་རང་གིས་ཁུངས་མ་འཁྱོལ་བ་བྱས་བསྡད་པ་རེད། དགེ་བསྐོས་ཀྱིས་རྨོག་རུ་བསྟན་པ་སྒོ་མང་གྲྭ་ཚང་གི་གྲྭ་པ་ཡིན་དུས་སྒོང་མང་གྲྭ་ཚང་གི་སྒྲིག་ལམ་མ་ཁུར་བ་དང་གཏོར་བཤིགས་བཏང་ཡོད་ཙང༌། དགེ་བསྐོས་ཀྱིས་དགེ་ལྡན་བསྟན་པ་སྤྱི་ལ་ཁྱབ་པའི་སྒྲིག་ལམ་གཞིར་བཟུང་བྱས་ནས་གནས་དབྱུང་བཏང་བ་མ་གཏོགས། ནང་བསྟན་ཤེས་ཡོན་ལྷན་ཚོགས་དང་ལྷོ་ཕྱོགས་ཕོ་ཉ་གསར་ཤོག་གཉིས་ལ་འབྲེལ་བ་ཡོད་པ་མ་རེད།
དྲི་བ། རྨོག་རུ་བསྟན་པས་བཤད་པ་ལྟར་ན་དགེ་བསྐོས་ལགས་ཀྱིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་མདོ་སྟོད་ཆུ་བཞི་སྒང་དྲུག་གཉིས། ྋགོང་ས་མཆོག་གིས་བཀའ་ལ་མི་ཉན་མཁན་དོལ་རྒྱལ་ཚོགས་པ་འདྲ་བོ་རེད་ཟེར་གྱི་ཡོད་རེད། དངོས་ཡོད་གནས་ཚུལ་ཐོག་དགེ་བསྐོས་ཁྱེད་ཀྱིས་དེ་འདྲ་གསུངས་ཨེ་ཡོད།
ལན། བྱས་ཙང་ངས་ཁོ་རང་གིས་སྤྱི་ཚོགས་ནང་ལ་མདའ་དཀྲུག་ཕུ་དཀྲུག་བྱེད་ཀྱི་ཡོད་རེད་ལབ་པ་ཡིན་མོད། ང་ཚོའི་དམིགས་བསལ་ཚོགས་ཆེན་དེ་ཕྱི་ཟླ་༡༡ ནང་འཚོག་རྒྱུ་ཡིན་པའི་སྐབས། དེའི་སྐོར་དགེ་འདུན་དམངས་ལ་གསལ་བཤད་བྱེད་དགོས་ཀྱི་ཡོད་པ་རེད། བོད་ནང་གི་ཛ་དྲག་གནས་སྟངས་དང་རྒྱལ་སྤྱིའི་གནས་བབ་འོག་དམིགས་བསལ་ཚོགས་ཆེན་འཚོག་དགོས་པའི་བསམ་ཤོག་བསྡུས་པ་རེད། དེའི་སྐབས་ངས་སྒོ་མང་གྲྭ་ཚང་ལ་མཚོན་ན་དགའ་ལྡན་ཕོ་བྲང་ཆེན་པོའི་ཆབ་སྲིད་ཀྱི་མངའ་འོག་ན་ཡོད་པའི་སྒྲིག་འཛུགས་ཤིག་རེད། ྋསྐྱབས་མགོན་རིན་པོ་ཆེའི་ལམ་སྟོན་འོག་འགྲོ་དགོས་པ་རེད། ང་ཚོའི་གཞོན་ནུ་ཚོགས་པ་ཡིན་ན་བོད་རྒྱལ་ཁབ་ལ་ལྷག་བསམ་ཡོད་པ་བྱས་རྗེས་ཡོད་པ་ཞིག་རེད། ཡིན་ནའང་ཁོ་རང་ཚོ་རང་བཙན་གཙང་མའི་ཐོག་ལ་འགྲོ་བཞིན་ཡོད་པ་རེད་ལབ་པ་ཡིན་མ་གཏོགས་དོལ་རྒྱལ་ཚོགས་པ་རེད་དུས་ནམ་ཡང་ལབ་མེད། དེ་བཞིན་ཆུ་བཞི་སྒང་དྲུག་ལ་ཞུ་ཡི་ཡོད་པ་མ་རེད། ཆུ་སྒང་རྙིང་པ་དེ་སྔོན་མ་གཞུང་གི་ལངས་ཕྱོགས་དང་མི་མཐུན་པ་ཆགས་པ་རེད། གོང་གི་ཚོགས་པ་གཉིས་པོ་དོལ་རྒྱལ་ཚོགས་པ་རེད་ཞུ་ཡི་ཡོད་པ་མ་རེད། དོལ་རྒྱལ་ཚོགས་པ་ཡིན་ན། ྋསྐྱབས་མགོན་རིན་པོ་ཆེའི་བཀའ་ལོག་བསྒྲུབ་བྱེད་དགོས་ཨེ་འདུག ཆེད་དུ་གྲ་སྒྲིག་བྱས་ནས་ཡོད་པ་རེད། དེ་འདྲ་ཡིན་དུས་ངས་གྲྭ་མང་ལ་ང་ཚོ་ྋསྐྱབས་མགོན་རིན་པོ་ཆེའི་ལམ་སྟོན་འོག་འགྲོ་དགོས་ཀྱི་འདུག་བཤད་པ་ཡིན། དགེ་འདུན་པ་རྣམ་པ་སོ་སོར་ལངས་ཕྱོགས་རེ་ཡོད་པ་རེད། སོ་སོའི་འདོད་མོས་རེད།
དྲི་བ། རྨོག་རུ་བསྟན་པས་སྒྲིག་ཁྲིམས་དང་འགལ་མེད་པའི་སྐོར་གྱི་ཡིག་ཆ་ཕུལ་ཡོད་པ་རེད། གནད་ཡོད་མི་སྣ་སོགས་ཀྱིས་རྨོག་རུ་བསྟན་པ་ཡར་གྲྭ་ཚང་ལ་བཅུག་རོགས་ལབ་ན་སྒྲིག་ཁོངས་ལ་སླར་ཡང་འཇུག་གི་རེད་དམ།
ལན། ཁ་སང་སྤྱི་འཐུས་གསེར་རྟའི་ཚུལ་ཁྲིམས་འོད་ཟེར་ལགས་འདིར་ཆེད་དུ་ཕེབས་སོང༌། ཡིན་ནའང༌། སྒྲིག་ལམ་ཟེར་རྒྱུ་དེར་རྒྱབ་རྩ་མེད་པའི་མི་དང་གྲྭ་རྐྱང་དཀྱུས་མ་ཉམ་ཆུང་དེ་འདྲར་སྐྱིད་སྡུག་ནས་གནས་དབྱུང་བཏང༌། མི་ང་ཡིན་ཁོ་ཡིན་ཟེར་མཁན། མཁན་པོར་ཁ་གཏད་བཅག དགེ་བསྐོས་ལ་ཁ་གཏད་གཅོག་མཁན་དེ་ལ་བྱེད་མི་ཐུབ་མཁན་ཞིག་ཡིན་ན་སྒྲིག་གཞི་དེ་སྒྲིག་གཞི་མ་རེད། སྒྲིག་ལམ་དེས་ཕན་མ་ཐོགས་པ་རེད། མི་ཉམ་ཆུང་ཞིག་ལ་ཐུབ་ཚོད་གཏོང་ས་ཆགས་པ་རེད། སོང་ཙང༌། གྲྭ་ཚང་གིས་གནས་དབྱུང་བཏང་ཚར་རྗེས་ཡར་བསྐྱར་ལོག་བྱེད་རྒྱུ་རྩ་བ་ཉིད་ནས་ཡོད་པ་མ་རེད།།
མོན་གྷོ་གསར་འགོད་པས་བཅར་འདྲི་བྱས།

 

Leave a Reply

Your email address will not be published. Required fields are marked *