རྨོག་རུ་བསྟན་པས་སྒྲིག་ཁོངས་ནས་རང་ཐོན་དང་ལྷོ་ཕྱོགས་ཕོ་ཉ་སྒོ་བརྒྱབ་པ་ཡིན་ཟེར།

དྲི་བ། སྒོ་མང་དགེ་སྐོས་དང་ཁྱེད་གཉིས་བར་རྙོག་གླེང་ཞིག་བྱུང་སྟེ་གང་སར་ཁྱབ་བཞིན་འདུག དེའི་འབྱུང་རྐྱེན་ག་རེ་ཡིན་ནམ། ལན། དང་པོ་ངེད་གཉིས་ཀྱི་བྱུང་རིམ་དེ་ང་ཚོ་ནང་བསྟན་ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་མི་ཐུབ་བསྟན་ཆོས་འཕེལ་དང་ཡོན་ཏན་རྒྱ་མཚོ་གཉིས་རེད། ༢༠༠༦ གི་ལོ་ནས་ས་གནས་འགོ་འཛིན་གྱིས་ཁོ་རང་ཚོ་ལ་གྲྭ་ཚང་གི་ཁྲིམས་དང་འགལ་བ་གང་ཡང་མ་ཡིན་པའི་སྐབས་ལ་སོ་སོའི་ཁོམ་སྐབས་དང་བསྟུན་ནས་ནང་བསྟན་ཤེས་ཡོན་ལྷན་ཚོགས་ལ་ཡོང་ནས་ཡི་གེ་ཞུས་དག་གཏོང་རོགས་སོགས་ཆོག་པ་དང༌། མདོར་བསྡུས་ན་གྲོང་སྡེ་གསུམ་པར་ཡོང་ཆོག་པའི་ངོས་སྦྱོར་ཞིག་བསེ་ཆང་རྒྱ་མཚོ་དང་རྔ་བ་ཤེས་རབ་ཁོང་ཚོའི་སྐབས་ནས་སྤྲད་ཡོད་པ་རེད།

ཁ་ཉིན་ཐུབ་བསྟན་ཆོས་འཕེལ་དང་ཁོ་གཉིས་ལ་ནང་བསྟན་ཤེས་ཡོན་ལྷན་ཚོགས་ཀྱི་ལས་བྱེད་ཡིན། ས་གནས་འགོ་འཛིན་གྱི་ཁོངས་ན་ཡོད་ཟེར་ནས་ངོས་སྦྱོར་ཞིག་སྤྲད་པ་རེད། དེ་ཉིན་གཅིག་ལ་དགེ་བསྐོས་ཀྱིས་རྩ་བ་ནས་འགྲིག་གི་མེད་ཟེར་ནས་དོན་དག་དེ་བྱུང་བ་རེད།༢༠༠༨ ཟླ་༡༡ ཚེས་༨ ཉིན་ང་དགེ་སྐོས་སར་སོང་ནས་དགོངས་དག་ཅེས་ཁོང་གཉིས་ལ་ངས་ངོས་སྦྱོར་སྤྲད་པ་དེ་ངའི་ངོས་ནས་ནོར་འཁྲུལ་ཡིན་རྒྱུ་རེད། ཡིན་ན་ཡང་ཁོང་གཉིས་ལས་བྱེད་གསར་པ་རེད། དགེ་བསྐོས་ལགས་ཀྱིས་ཆད་པ་མ་གཅོད་རོགས། ཐུབ་བསྟན་ཆོས་འཕེལ་ཁོ་རང་གི་བབ་ཚོད་ཀྱིས་ཆད་པ་ག་རེ་ཡིན་ནའང་སྤྲོད་ཀྱི་ཡིན་ཞེས་བཤད་པ་ཡིན། དེའི་སྐབས་ལ་དགེ་སྐོས་ལགས་ཀྱིས་བྲེལ་བ་མི་དགོས་རྗེས་ལ་བལྟ་ཡི་ཡིན་ཟེར། དེ་རྗེས་དགེ་སྐོས་ཀྱིས་ཡོན་ཏན་རྒྱ་མཚོ་དང་ཐུབ་བསྟན་ཆོས་འཕེལ་གཉིས་ལ་སྒོར་ལྔ་བརྒྱ་རེ་སྤྲོད་ཤོག་ཟེར་གྱི་འདུག་ཟེར། ཁ་སང་དགེ་བསྐོས་ཀྱིས་༢༥༠ ཟེར་གི་འདུག ༢༥༠ ལབ་ཡོད་པ་མ་རེད། ༢༥ ལབ་ཡོད་པ་མ་རེད། དེ་ནས་ད་ལྟ་༢༥༠ ལབ་པ་ཡིན་ཟེར་བ་དང་ཚོགས་ལ་དེ་འདྲ་ལབ་བཞག་པ་དེ་ཚོ་ཚང་མ་སྐྱག་རྫུན་རེད། ཐུབ་བསྟན་ཆོས་འཕེལ་གྲོང་སྡེ་གསུམ་པར་སོང་ནས་ཁང་ཚན་རྒན་གྱིས་འཇུས་པ་རེད། སྤྱིར་བཏང་གྲྭ་ཚང་གི་སྒྲིག་གཞི་ནང་གསལ་ལྟར་ན་སྒོར་མོ་༢༥ སྤྲོད་དགོས་ཀྱི་ཡོད་པ་རེད། ད་སྒོར་མོ་༢༥ དེ་གང་ལྟར་ཆད་པ་དེ་སྤྲོད་དགོས་ཀྱི་ཡོད་པ་རེད་བསམ་གྱི་ཡོད། ཡོན་ཏན་རྒྱ་མཚོ་གྲོང་སྡེ་གསུམ་པར་སོང་ཡོད་པ་མ་རེད། ཁང་ཚན་རྒན་གྱིས་བཟུང་ཡོད་པ་མ་རེད། སྒོར་མོ་༥༠༠ ཁྱེར་ཤོག་ལབ་པ་རེད། ད་ངས་ཡོན་ཏན་རྒྱ་མཚོས་ག་རེ་བྱས་ནས་སྒོར་མོ་༥༠༠ སྤྲོད་དགོས་ཀྱི་ཡོད་པ་རེད་ཟེར་ནས་ངེད་གཉིས་ཀྱིས་རྩོད་པའི་རྩ་བ་དེ་རེད། ད་དེའི་སྒང་ལ་ཁ་སང་གཞི་ནས་དགེ་སྐོས་ལགས་ཀྱི་ཕྱི་ཟླ་དང་པོའི་ཚེས་༡༨ཉིན་ཚོགས་ལ་གསལ་བསྒྲགས་བྱས་པའི་སྒང་ལ་ངས་ཡོན་ཏན་རྒྱ་མཚོ་ལ་ལབ་མེད། རྨོག་རུ་བསྟན་པ་དང་ཐུབ་བསྟན་ཆོས་འཕེལ་གཉིས་ལ་ཁྱེར་ཤོག་ལབ་པ་ཡིན་ཟེར་ནས་དགེ་སྐོས་ལགས་ཀྱི་སྐད་ཆ་དེ་ཕྱིར་འཐེན་ཞིག་ཤོར་བ་རེད། དང་པོ་དགེ་སྐོས་ལགས་ཀྱིས་ང་ལ། རྨོག་རུ་བསྟན་པ་ཁྱོད་རང་གིས་ཆད་པ་སྤྲོད་དགོས་ཀྱི་མ་རེད། ཁྱོད་རང་གཞུང་གི་ལས་བྱེད་རེད་ལབ་ཡོད་པ་རེད། ཐུབ་བསྟན་ཆོས་འཕེལ་ལ་དེ་བཞིན་ལབ་ཡོད་པ་རེད། རྗེས་ལ་ཚོགས་ནས་གསལ་བསྒྲགས་བྱས་པའི་སྒང་ལ་རྨོག་རུ་བསྟན་པ་དང་ཐུབ་བསྟན་ཆོས་འཕེལ་གཉིས་ཀྱིས་ཁྱེར་ཤོག་ཟེར་ནས་ལབ་ཡོད་ཟེར་ནས་ང་ལ་སྒོར་མོ་༥༠༠ དེ་འཕར་ནས་ད་སྒོར་མོ་༡༠༠༠ རེ་ཁྱེར་ཤོག་ལབ་པ་རེད། ངས་དགེ་བསྐོས་ལ་སྤྲད་པའི་ཡི་གེའི་ནང་ལ་བརྗོད་བྱ་གཙོ་བོ་ག་རེ་འཁོད་ཡོད་པ་རེད་ཟེར་ན། དཔལ་ལྡན་སྒོ་མང་གྲྭ་ཚང་གི་ཁྲིམས་སྒྲིག་གཞི་དང་འགལ་བའི་གནས་ཚུལ་ཞིག་ཡིན་ན་ངས་སྤྲོད་ཀྱི་ཡིན། དེ་མིན་ན་སྤྲོད་ཀྱི་མིན་ཟེར་བའི་དེ་འདྲའི་སྒྲིག་གཞི་ཞིག་ནང་ལ་འཁོད་ཡོད་པ་རེད། གཉིས་དེ་གང་རེད་ཟེར་ན། དགེ་བསྐོས་ཁོ་རང་གིས་ཁ་ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་མདོ་སྟོད་ཆུ་བཞི་སྒང་དྲུག་ལ་སོགས་པ་དེ་ཚོས་ྋརྒྱལ་བ་རིན་པོ་ཆེའི་ཁ་ལ་ཉན་གྱི་ཡོད་པ་མ་རེད། དོལ་རྒྱལ་ཚོགས་པ་དང་ཆ་འདྲ་བོ་རེད་ཟེར་ནས་གྲྭ་ཚང་གི་ཞོགས་པའི་ཆོས་རའི་ནང་ལ་ཁོ་རང་གིས་དངོས་སུ་ལབ་ཡོད་པ་རེད། ལབ་ནས་ཁ་སང་ཚོགས་ཆེན་མ་ཚོགས་པའི་སྔོན་ལ་ང་ཚོ་གྲྭ་རྒན་གཞོན་བར་གསུམ་ཚང་མ་ཚོགས་འདུ་ཞིག་ཚོགས་པའི་སྐབས་ལ་ཁ་ཤས་ཀྱིས་གཞོན་ནུ་ཚོགས་པ་སོགས་འདི་འདྲའི་ཚོགས་སྡེ་ཚོ་དོལ་རྒྱལ་ཚོགས་པ་དང་འདྲ་བོ་འདུག་ཟེར་ནས་འདི་འདྲ་ལབ་ཀྱི་འདུག་ཧ་ལས་པའི་རྫབ་ཆེན་རེད་ཟེར་ནས་སྐྱོན་བརྗོད་བྱས་ཡོད་པ་རེད། དེའི་དགོང་མོ་ཁོ་རང་ཡང་ཡོད་པ་རེད། གདོང་པ་དམར་པོ་ཆགས་ནས་གྲྭ་མང་གིས་ལག་པ་བརྡབ་དུས་ཁོ་རང་གིས་ཀྱང་ལག་པ་བརྡབ་ནས་བསྡད་པ་རེད། དེ་ཚོ་མངོན་སུམ་ཚད་གྲུབ་རེད། ཡིན་ན་ཡང་ད་ངས་ཁོ་རང་ལ་ཡི་གེ་ཕུལ་བའི་ནང་ལ་དེ་འཁོད་ཡོད་པ་རེད། དེ་ཕན་ཆད་ནས་དཔལ་ལྡན་སྒོ་མང་གྲྭ་ཚང་གི་ཁྲིམས་སྒྲིག་གཞི་དང་འགལ་བ་ཞིག་ཡིན་ན་མ་གཏོགས་གང་ཡང་བྱེད་ཀྱི་མིན། ཡོན་ཏན་རྒྱ་མཚོ་ཁྲིམས་སྒྲིག་གཞི་གང་ལ་ཡང་མ་འགལ་བའི་ཐོག་ནས་ཆད་པ་སྤྲོད་ཐུབ་ཀྱི་མི་འདུག་ཟེར་བ་དེ་རེད། ངས་ཡི་གེ་ཕུལ་བའི་རྗེས་ནས་ཁོ་རང་གིས་ཚོགས་ལ་གསལ་བསྒྲགས་བྱས་ནས་ངས་སྒོར་མོ་༥༠༠ ཐམ་པ་ཁྱེར་ཡོང་དགོས་ཀྱི་ཡོད། དེ་ནས་༥༠༠༠ ཁྱེར་ཡོང་དགོས་ཀྱི་ཡོད། དེའི་སྒང་ལ་བཞུགས་ཁྲི་དང་མགོན་ཁང་དེ་ཚོ་ལ་ཁ་བཏགས་འཐེན་དགོས་ཀྱི་ཡོད། ངས་ཁོ་རང་ལ་ཕུལ་བའི་ཡི་གེའི་ནང་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་ཆུ་བཞི་སྒང་དྲུག་གཉིས་དོལ་རྒྱལ་ཚོགས་པ་དང་ཆ་འདྲ་བོ་རེད་ཟེར་པ་དེ་གཞི་མེད་སྒྲོ་འདོགས་ཡིན་ཟེར་ནས་ཁང་ཚན་ནམ་ཡང་ན་ཚོགས་པ་ཞིག་གི་ལས་ཤོག་སྒང་ལ་ཕབ་ནས་ངས་ས་ཡིག་བརྒྱབ་ནས་ཁུར་ཡོང་དགོས་ཀྱི་ཡོད་ཟེར་ནས་སྔོན་འགྲོའི་ཆ་རྐྱེན་དེ་བཏོན་པ་རེད། གཟའ་སྤེན་པ་བར་དུ་དུས་བཀག་ཡིན། མ་སྤྲད་ན་ཁོ་རང་སྐྱིད་སྡུག་ནས་འཕུད་རྒྱུ་ཡིན། ཟེར་ནས་གསལ་བསྒྲགས་བྱས་པ་རེད། དེའི་བར་ནས་ཁང་ཚན་གྱི་ངོས་ནས་ཁོ་རང་ཚོའི་ངོས་ནས་ཆ་རྐྱེན་ཞིག་འདོན་གྱི་ཡིན། དེ་ང་ལ་ཁྱོད་རང་གིས་དེ་ཁུར་རོགས་ཀྱིས། ད་ངས་ཁང་ཚན་གྱི་ཞུ་བ་ལ་བརྟེན་ནས་ཁོ་རང་གི་ཆ་རྐྱེན་ལ་བལྟ་ཡི་ཡིན་ལབ་པ་རེད། དེ་ནས་ཁོ་ཚོ་དགེ་བསྐོས་སར་སོང་དུས་དགེ་བསྐོས་ལ་སྒོར་མོ་༡༥༠༠ སྤྲོད་རྒྱུ་ཡིན། རྨོག་རུ་བསྟན་པས་ཉན་མདོག་ཁ་པོ་རེད། བཞུགས་ཁྲི་ལ་ཁ་བཏགས་འཐེན་གྱི་ཡིན། དེ་ནས་མགོན་ཁང་ནང་ལ་ཁ་བཏགས་འཐེན་གྱི་ཡིན། དེ་འདྲ་ཞིག་བྱས་ན་འགྲིག་གི་རེད་དམ་དྲི་བར་དེ་དོན་དག་ཅིག་མ་རེད། ཁོ་རང་ལ་དགོས་རྒྱུ་དེ་ཁོ་རང་གིས་བཤད་བཞག་པའི་གཞི་མེད་སྒྲོ་སྐུར་གྱི་སྐྱོན་འཛུགས་བཤད་བཞག་པ་དེ་སྐྱོན་འཛུགས་རང་ཡིན་ཟེར་ནས་ལས་ཤོག་ཅིག་གི་སྟེང་ཕབ་ནས་ངས་ས་ཡིག་རྒྱག་དགོས་ཀྱི་ཡོད་ཟེར་ནས་སྔོན་འགྲོའི་ཆ་རྐྱེན་བཏོན་པ་རེད། ད་ང་ལ་ཆ་བཞག་ན། མི་རྫུན་མ་ཞིག་གིས་སྐད་ཆ་བཤད་བཞག་པ་དེ་ཁྱོད་དེ་ངོ་མ་རེད་ཟེར་ནས་ངས་རྫུན་མ་བདེན་པར་བསྒྱུར་རྒྱུ་དེ་ངའི་གཤིས་ཀའི་ནང་ལ་མི་ཡོང་རྒྱུ་ཞིག་རེད། དེ་འདྲ་ཡིན་དུས་༢༠༠༩ ཕྱི་ཟླ་༡ ཚེས་༢༠ ཉིན་ངས་མཁན་རིན་པོ་ཆེ་དང་གྲྭ་ཚང་གི་ཕྱག་མཛོད་ཁང་སོགས་ལ་ཡི་གེ་ཕུལ། དེ་ནང་བཞིན་དགེ་བསྐོས་ཁོ་རང་ལ་ཡི་གེ་ཕུལ། ཁང་ཚན་བཅུ་དྲུག་ལ་ཡི་གེ་ཕུལ། གོང་གི་ཟླ་ཚེས་དེ་ཉིན་མོ་ནས་ཡི་གེ་ཆ་ཚང་ལ་ཕུལ་ནས་ང་རང་ཕྱིར་འཐེན་བྱས་པ་ཡིན། དེ་ནང་བཞིན་ནང་བསྟན་ཤེས་ཡོན་ལྷན་ཚོགས་དང་ལྷོ་ཕྱོགས་ཕོ་ཉ་གསར་ཁང་གནས་སྐབས་རིང་ལ་སྒོ་བརྒྱབ་པ་ཡིན།

དྲི་བ། དགེ་འདུན་པ་ཞིག་ལ་ཆ་མཚོན་ན། ཆོས་སྡེ་བྱེ་བྲག་པ་གང་ཞིག་ཡིན་རུང༌། སྒྲིག་ཁོངས་ནས་འགྲོ་དགོས་བྱུང་བ་སོགས་ལ་དཀའ་ངལ་ཆེན་པོ་ཡོད་མོད། ཁྱེད་རང་ཡིན་ན་ད་ལྟ་གློ་བུར་དུ་ཕྱིར་ཕུད་པ་ཡིན་ཟེར་དུས་ཚོར་སྣང་ག་འདྲ་བྱུང་སོང༌།
ལན། ང་དེར་ཚོར་སྣང་སྤུ་ཙམ་ཡང་བྱུང་མ་སོང༌། གཅིག་ནས་ང་རང་རང་མོས་ཀྱིས་ཕྱིར་འཐེན་བྱས་ཚར་བ་དང༌། རྒྱབ་ལོག་ནས་ཁྱོད་རང་ཕུད་པ་ཡིན་ཟེར་ན། དེ་ནི་སྐད་ཆ་ཚད་ལྡན་ཞིག་མ་རེད། དེ་ལ་ཚད་མར་འཛིན་ས་ཞིག་ཡོད་པ་མ་རེད།
དྲི་བ། ཁྱེད་རང་གི་ངོས་ནས་རྒྱ་བོད་ཁྲིམས་ཁང་གང་རུང་ལ་གཏུག་བཤེར་བྱེད་རྒྱུའི་འཆར་གཞི་ཡོད་དམ་མེད།
ལན། ང་ཕྱིར་འཐེན་རྒྱག་དགོས་པའི་གནས་ཚུལ་དེ་ང་རང་གི་དོན་དག་ཆགས་ཀྱི་ཡོད་པ་མ་རེད། ངོ་མ་བཤད་ན་ད་རེས་གཅིག་པུ་མ་རེད། དགེ་བསྐོས་རིམ་པ་མང་པོ་ཞིག་གི་སྐབས་ལ་ནང་བསྟན་ཤེས་ཡོན་ལྷན་ཚོགས་ལ་གནོན་ཤུགས་མང་པོ་སྤྲད་པ་རེད། ཡིན་ནའང་དེ་ཚོ་ཚང་མ་ལ་ང་རང་གིས་བཟོད་སྒོམ་གང་ལ་གང་འཚམ་བྱས་ནས་ད་ལྟ་བར་དུ་ལྷག་པ་རེད། དེ་འདྲ་ཡིན་དུས་ད་ལྟའི་ཆར་དངོས་སུ་གནོན་ཤུགས་ཆེ་ཤོས་དེ་ད་རེས་ཆགས་པ་རེད། ཡིན་ན་ཡང་དགེ་བསྐོས་ལ་ཆ་བཞག་ན་སྒྲིག་འཛུགས་ཆེན་པོ་ཞིག་གི་གནས་སྐབས་ཀྱི་ལས་སྣེ་ཡིན་བཞིན་པའི་སྐབས་ལ་ངས་འདི་འདྲའི་ཟང་ཟིང་བྱས་བསྡད་ན་ཏག་ཏག་ཅིག་སྡོད་ཀྱི་མི་འདུག གནས་སྐབས་ཁྲིམས་ཐོག་ལ་འཇོག་པའི་བསམ་བློ་དེ་མེད།།
མོན་གྷོ་གསར་འགོད་པས་བཅར་འདྲི་བྱས།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།