ཉམས་བཞིན་པའི་ཆོས་དད་གོམས་གཤིས།
བོད་མི་རིགས་ལ་མཚོན་ན་གནའ་བོའི་དུས་སུ་ཆོས་ལ་དད་པ་དང༌། དེས་བསྐྱེད་པའི་སྙིང་རྗེ་དང་དྲང་བདེན་ལས་རྒྱུ་འབྲས་ལ་བརྩི་བའི་གོམས་གཤིས་དེ་བོད་མི་ཕལ་མོ་ཆེར་རང་བཞིན་གྱིས་ཡོད་ལ། དེ་ལ་བརྟེན་ནས་སྤྱི་ཚོགས་བདེ་འཇགས་སོགས་ལའང་ཕན་ནུས་རྒྱ་ཆེན་པོ་ལྡན་ཡོད། དོན་དངོས་ཐོག་དེ་ནི་བོད་མི་རིགས་ལ་ཡོད་པའི་དམིགས་བསལ་རིན་ཐང་ཅན་གྱི་གོམས་གཤིས་གཅིག་པུ་དེ་རེད་ཅེས་བརྗོད་ཀྱང་ཆོག ལོ་བཅུ་ཕྲག་གཅིག་གཉིས་ཀྱི་ཡར་སྔོན་དང་བསྡུར་ནའང་ད་ལྟའི་དུས་འདིར་སྔར་ཡོད་ཀྱི་གོམས་གཤིས་ཧ་ཅང་ཉམས་ཆགས་སུ་སོང་དང་འགྲོ་བཞིན་ཡོད་པ་དང༌། བོད་མི་རིགས་ཀྱི་འདས་པའི་དུས་ཀྱི་རྒྱུན་ལྡན་གོམས་གཤིས་ཀྱིས་བསྐྱེད་པའི་གྲུབ་འབྲས་ཤིག་ནི། རང་བཞིན་དྲང་པ་དང༌།
ལས་འབྲས་ལ་བརྩི་བ། གལ་ལ་ཐུག་པའི་གནད་འགག་ཆེན་པོ་ཞིག་ཡིན་ཡང་མནའ་བསྐྱལ་ནས་ཐག་གཅོད་བྱེད་ཐུབ་ལ། མནའ་ཟ་མཁན་ཡང་ཧ་ཅང་དཀོན་པར་སྣང༌། གལ་སྲིད་མནའ་ཟ་མཁན་ཞིག་སྤྱི་ཚོགས་ནང་ནས་མངོན་གསལ་དུ་གྱུར་ན་མི་རབས་ཚ་རྒྱུད་ལ་ནག་ཐིག་ཅིག་ཕབ་པར་ངོས་འཛིན་བྱེད་ཅིང༌། ད་ལྟའི་དུས་འདིར་བོད་ཕྱི་ནང་གཉིས་དང༌། ལྷག་པར་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་མནའ་ཟེར་བ་དེ་ལ་བརྩི་མཐོང་དང་ཆ་འཇོག་གང་ཡང་མེད་ལ། དེ་ལ་ཆ་འཇོག་བྱེད་མཁན་ཞིག་ཀྱང་མེད་པར་གྱུར་ཡོད། གནད་དོན་དེ་ཕྱོགས་གཅིག་ནས་དངོས་ཡོད་ཀྱི་གནས་ཚུལ་གང་ཡིན་བརྟག་དཔྱད་དང་དཔང་རྟགས་དངོས་ལ་མ་བརྟེན་པར་ཡིད་ཆེས་མི་བྱེད་པའི་བསམ་བློའི་གོ་རྟོགས་ཡར་རྒྱས་སུ་སོང་བའི་དན་རྟགས་ཤིག་ཡིན་སྲིད་པ་དང༌། ཕྱོགས་གཅིག་ནས་དེ་ལྟར་ཡིད་ཆེས་ཆ་འཇོག་བྱེད་འོས་པའི་མི་གཤིས་དེ་བརླགས་ཟིན་པའི་གནས་སྟངས་ཤིག་ཀྱང་རང་བཞིན་གྱིས་གསལ་སྟོན་བྱས་པ་རེད། བོད་ཚིག་ཐོག་ཅེས་པའི་གཏམ་དཔེ་དེ་ཡང་དེང་སྐབས་མི་མངོན་པའི་དབྱིངས་སུ་བསྐྱལ་ཟིན་པ་རེད། ད་ལྟའི་དུས་འདིར་འཛམ་བུ་གླིང་འདིར་དད་མོས་རྐྱང་པ་ལ་ཡིད་ཆེས་བྱེད་མཁན་དེ་ཅུང་བསམ་བློ་རྗེས་ལུས་སུ་བརྩི་བཞིན་ཡོད་ལ། ནང་པ་སངས་རྒྱས་པའི་གཞུང་ནས་ཀྱང་དགེ་སློང་དག་གམ་མཁས་རྣམས་ཀྱིས།། བསྲེག་བཅད་བརྡར་བའི་གསེར་ཇི་བཞིན།། ལེགས་པར་བརྟག་ལ་ང་ཡི་བཀའ།། བླང་བར་བྱ་ཡི་གུས་ཕྱིར་མིན་ཞེས། གསུངས་པ་བཞིན་དད་པ་ཁོ་ན་མ་ཡིན་པར་བརྟག་དཔྱད་བྱེད་དགོས་པ་སངས་རྒྱས་ཀྱི་བཀའ་དྲི་མ་མེད་པ་ཡིན་མོད། ད་ལྟའི་དུས་སུ་བོད་མིའི་ངོས་ནས་དད་མོས་ཀྱི་གཤིས་ཀ་ཉམས་བཞིན་པ་དེ། བརྟག་དཔྱད་ཞིབ་འཇུག་གི་བསམ་བློའི་གོ་རྟོགས་ཚད་མཐོ་རུ་སོང་བ་ཞིག་མ་ཡིན་པ་མ་ཟད། ཕྱིའི་རིག་གནས་ཀྱི་གོ་རྟོགས་མཐོ་དྲགས་ནས་བོད་པའི་སྲོལ་རྒྱུན་གྱི་རིག་གནས་ལ་དང་ཞེན་བརླགས་པ་ཞིག་ཀྱང་མ་ཡིན་པར། སྤྱི་ཡོངས་ནས་གོ་རྟོགས་ཞན་པ་དང༌། ལེགས་ཉེས་ཀྱི་དབྱེ་བ་གསལ་པོ་མ་ཤེས་པར་གནའ་དེང་གཉིས་ཀའི་ཆ་ནས་རྗེས་ལུས་དང་ཆེས་རྗེས་ལུས་ཀྱི་གནས་སུ་གྱུར་ཡོད་པ་རེད་ཅེས་བརྗོད་ཀྱང་མི་ཆོག་པ་མེད།
བོད་མི་རིགས་ཀྱི་དད་པ་དང་ལས་འབྲས་ལ་ཡིད་ཆེས་པའི་གོམས་གཤིས་དེ་བརླགས་ནས་དེའི་ཚབ་ཏུ་རྒྱལ་ཁབ་འཛིན་སྐྱོང་དང་དར་རྒྱས་སུ་གཏོང་བའི་རིག་གནས་གསར་པ་ཞིག་ནང་འདྲེན་བྱེད་ཐུབ་ཡོད་ནའང་འགྲིག་མོད། དེ་ཡང་མེད་པར་ཡ་རབས་ཀྱི་གོམས་གཤིས་དེ་ཡང་ཉམས་སོང་ན་མི་རབས་གསར་པས་མི་གོ་མ་ཆོད་པར་གྱུར་པ་རེད། འདི་དག་གི་ཐོག་ནས་བཤད་ན་ད་ལྟའི་དུས་འདིར་གནས་མཆོག་རྡོ་རྗེ་གདན་དུ་མི་མང་འདུ་འཛོམས་ཧ་ཅང་ཆེ་ཡང༌། མཆོད་འབུལ་ཕྱག་སྐོར་དང༌། ལྷག་པར་སངས་རྒྱས་གཙོ་འཁོར་གསུམ་གྱི་རིང་བསྲེལ་གདན་འདྲེན་དང་མི་མང་ལ་མཇལ་ཁ་གནང་བའི་སྐབས་ཉིན་གསུམ་རིང་འབྲུག་པ་རྣམས་ཞོགས་པ་ནས་ཕྲེང་བསྒྲིགས་ནས་མཇལ་དུ་འགྲོ་བ་ལས། བོད་པ་ཕྲེང་བསྒྲིགས་པའི་ནང་དུ་ཧ་ཅང་ཉུང་བ་དང༌། སྔ་འགྱུར་སྨོན་ལམ་ཆེན་མོ་སོགས་སུ་འགྱེད་པའི་ཕྱག་དཔེ་རྣམས་ཀྱང་གང་བྱུང་དུ་གཡུགས་བཞག་པ་མཐོང་རྒྱུ་ཡོད་པ་སོགས་ཀྱང་དེང་དུས་བོད་པའི་གོམས་གཤིས་ཀྱི་ཟུར་གཅིག་རེད་ཅེས་བརྗོད་ཆོག ཆོས་ཀྱི་གོམས་གཤིས་དང་འབྲེལ་བའི་ཡ་རབས་བཟང་སྤྱོད་དེ་ཡང་ཉམས། དེང་དུས་ཡར་ཐོན་གྱི་ཚན་རིག་ལག་རྩལ་སོགས་ཀྱང་མེད་པར་ད་ལྟའི་དུས་འདི་བོད་ལ་མཚོན་ན་ཕྱོགས་གཅིག་ནས་སྐྱ་ཟད་སྔོ་སྡུག་གི་དུས་རབས་ཤིག་ཏུ་སླེབས་འདུག་ཅེས་བརྗོད་ཀྱང་ཆོག་པར་སྣང༌།།