རང་ཡུལ་ལ་ཁ་ཕྱོགས་ཐུབ་པའི་ལས་འཆར་གྲ་སྒྲིག་གནང་རྒྱུ་གལ་ཆེ།

 གཞུང་པ་ཚེ་དབང་བསོད་ནམས། ཀོ་ལི་གྷལ་གཞིས་ཆགས་ནས།

མི་ཡུལ་དུ་མི་ལོ་ལྔ་བཅུ་ལ་མདུན་བསུ་སྐབས་རང་ཡུལ་ལ་ཁ་ཕྱོགས་ཐུབ་པའི་ལས་འཆར་གྲ་སྒྲིག་གནང་རྒྱུ་དེ་བས་ཀྱང་གལ་ཆེ།
བཙན་བྱོལ་བོད་གཞུང་འཛིན་སྐྱོང་བཀའ་ཤག་སྐབས་བཅུ་གསུམ་པས་ལས་འཆར་བཀོད་སྒྲིག་གནང་བའི་ནང་ང་ཚོ་མི་ཡུལ་དུ་འབྱོར་ནས་མི་ལོ་ལྔ་བཅུ་འཁོར་བའི་དུས་ཚིགས་སྲུང་བརྩི་ཞུ་རྒྱུའི་ལས་འཆར་ལ་རྗེས་སུ་ཡི་རངས་ཀྱིས་དགའ་བསུ་ཞུ་བ་དང་སྦྲགས། རང་ཡུལ་ལ་ཁ་ཕྱོགས་ཐུབ་པའི་ལས་འཆར་བཀོད་སྒྲིག་དང་གྲ་སྒྲིག་བྱ་རྒྱུ་དེ་བས་ཀྱང་གལ་འགངས་ཆེ་བས། བཙན་བྱོལ་བོད་གཞུང་གི་ཐུགས་འགན་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། ཕྱི་ལོ་༡༩༥༩ ལོར་ང་ཚོའི་ཤར་ཕྱོགས་སུ་གནས་པའི་རྒྱ་ནག་དམར་པོའི་རྒྱལ་ཁབ་ཀྱིས་བོད་ནང་བཙན་འཛུལ་བྱས་ཏེ།

ྋགོང་ས་མཆོག་གི་དབུ་ཁྲིད་འོག་བོད་མི་འབུམ་གཅིག་ལྷག་ཙམ་ཞིག་རྒྱ་གར་འཕགས་པའི་ཡུལ་དུ་སྐྱབས་བཅོལ་དུ་འབྱོར་ནས། ཐོག་མའི་འཚོ་བའི་མདུན་ལམ་འདི་ཡིན་གྱི་དམིགས་ཡུལ་གང་ཡང་མེད་པར་རྒྱ་གར་བྱང་ཕྱོགས་མངའ་སྡེ་ཁག་གི་ནང་ལམ་ལས་ལ་རྒྱུགས་ནས་བྱ་སྤུ་གནོན་གྱི་སྒྲིག་འཛུགས་ལམ་བཟོའི་སྤྱི་ཁྱབ་ཀྱི་འགོ་ཁྲིད་འོག་བརྒྱ་དཔོན་དང་བཅུ་དཔོན་གྱི་སྟངས་འཛིན་གྱིས་ལམ་བཟོ་རྒྱུན་རིང་བྱེད་མ་དགོས་པར་ྋགོང་ས་མཆོག་གི་རླབས་ཆེན་གྱི་དགོངས་གཞི་དང༌། བཙན་བྱོལ་བོད་གཞུང་གི་ལམ་སྟོན་དང་བཀོད་བྱུས་འོག་གནས་ཡུལ་རྒྱ་གར་གཞུང་དབུས་ས་གཉིས་ཀྱི་མཐུན་སྦྱོར་དང༌། བྱམས་བརྩེ་ཅན་གྱི་ཕྱི་རྒྱལ་རོགས་ཚོགས་ཁག་གི་དཔལ་འབྱོར་མཐུན་སྦྱོར་སོགས་ལ་བརྟེན་ནས། བོད་མི་བཙན་བྱོལ་བ་རྣམས་མི་ཡུལ་དུ་ཁྱི་འཁྱམ་ལྟ་བུ་བྱེད་མ་དགོས་པར་བོད་མི་རིགས་སྲུང་སྐྱོབ་དང༌། བོད་པའི་རིག་གཞུང་སྲུང་སྐྱོབ། བོད་པའི་སྐད་ཡིག་སྲུང་སྐྱོབ་སོགས་ཀྱི་ཆེད་བོད་མིར་རན་པའི་རྒྱ་གར་གྱི་མངའ་སྡེ་མང་པོའི་ནང་བོད་པའི་གཞིས་ཆགས་ཀྱི་སྒྲིག་འཛུགས་དང༌། བོད་པའི་སློབ་གྲྭའི་སྒྲིག་འཛུགས། བོད་པའི་ཆོས་སྒར་གྱི་བསྟི་གནས་སྒྲིག་འཛུགས་སོགས་རང་རེའི་རིག་གཞུང་བཟང་པོ་རྒྱུན་གནས་ཐུབ་པའི་ཆེད་གང་ལ་ཅི་དགོས་ཀྱི་བྱ་སྤུ་གནོན་གྱི་སྒྲིག་འཛུགས་བཀོད་སྒྲིག་གནང་ཐུབ་པ་པ་དང༌། བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་ལམ་ལུགས་དེང་རབས་དང་མཐུན་པའི་མང་གཙོའི་ལམ་ལུགས་ལ་ཁ་བསྒྱུར་བ་རེད།
    བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེ་གཏན་འབེབས་གནང་སྟེ། མི་མང་འཐུས་མིའི་སྒྲིག་འཛུགས་ཁྲིམས་བཟོའི་སྤྱི་འཐུས་གྲོས་ཚོགས་དང༌། འཛིན་སྐྱོང་སྡེ་ཚན་བཀའ་ཤག ཁྲིམས་ལུགས་དབང་འཛིན་ཆེས་མཐོའི་ཁྲིམས་ཞིབ་ཁང་བཅས་མང་གཙོའི་གཞུང་འཛིན་སྐྱོང་གནང་མཁན་གྱི་སྡེ་ཚན་གསུམ་འགན་དབང་འདྲ་མཉམ་ཐ་དད་དུ་ཡོད་པའི་ཁྲིམས་ཀྱི་དབང་བསྒྱུར་འོག མི་མང་འཐུས་མིའི་སྒྲིག་འཛུགས་ཆོས་ལུགས་ཆོལ་གསུམ་དང་བཅས་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ནང་བཙན་བྱོལ་བོད་གཞུང་འཛིན་སྐྱོང་གི་ལས་དོན་ཁག་ལ་བྱ་ར་དང༌། སྟངས་འཛིན། དོགས་གཅོད། ཞིབ་འཇུག་སོགས་ཆོག་པའི་ལམ་སྲོལ་དང་བཅས། མང་གཙོ་ཚད་དང་ལྡན་པ་ཞིག་དུས་ཐུང་ནང་འཛམ་གླིང་རྒྱལ་མང་གི་མདུན་དུ་གསར་སྐྱེས་ཐུབ་པ་རེད། དེ་ནི་བོད་རྒྱལ་ཁབ་དང༌། བོད་མི་རིགས་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་བླ་ན་མེད་པའི་ཐུགས་བསྐྱེད་འཕྲིན་ལས་དང༌། བོད་མི་མང་གི་དད་པ་དང་དམ་ཚིག་ལ་བརྟེན་ནས་བྱུང་བ་རེད། བཀའ་བློན་ཁྲི་པ་ཡང་ཐད་ཀར་མི་མང་གི་འོས་བསྡུའི་ལམ་ནས་ཕེབས་ཆོག་པའི་ལམ་ལུགས་བཅའ་ཁྲིམས་བསྐྱར་བཅོས་ཀྱིས་གཏན་འབེབས་གནང་བ་སོགས་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་སྤྱི་ཚོགས་འཚོ་བའི་ཆབ་སྲིད་འཕེལ་འགྲིབ་ལ་ཕྱི་མིག་ལྟ་སྐབས་མང་གཙོ་དང༌། འདྲ་མཉམ་ཁྲིམས་ཀྱི་དབང་བསྒྱུར་ལ་གོམས་འདྲིས་ཡོད་པའི་བློ་ལྡན་གྱི་སྐྱེ་བོ་ཀུན་གྱིས་དགའ་སྤྲོའི་འཛུམ་མདངས་མི་སྟོན་མཁན་སུ་གཅིག་མེད་པར་ཡིད་ཆེས་བྱ་ཆོག མ་འོངས་བོད་གསར་པའི་འཛུགས་སྐྲུན་གྱི་ལས་འཆར་ལ་ད་ལྟ་ནས་གྲ་སྒྲིག་བྱ་རྒྱུ་དེ་སྤྱི་ཚོགས་ཀྱི་འཕེལ་རིམ་དང༌། ཆབ་སྲིད་ཀྱི་འགྱུར་ལྡོག དཔལ་འབྱོར་གྱི་དར་རྒུད་སོགས་ནས་བསླབ་བྱ་བླངས་ཏེ། རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་མ་འོངས་པའི་མདུན་ལམ་ལ་འོད་ཟེར་འཕྲོ་ཐུབ་པའི་རླབས་ཆེན་གྱི་ལས་འཆར་དང་གྲ་སྒྲིག་གནང་རྒྱུ་དེ་དག་ཕྱི་སྐྱོན་མེད་ནའང༌། སྔ་སྐྱོན་གང་ན་ཡོད། ད་ཆ་མི་ལོ་ལྔ་བཅུ་ཐམ་པ་མི་ཡུལ་དུ་ལྷག་ནས་རྫོགས་རྒྱུ་མེད་པའི་ཕྱི་རྒྱལ་རོགས་དངུལ་གྱི་འཛུགས་སྐྲུན་ལས་གཞི་ལ་གཞུང་མང་གཉིས་མགོ་མ་འཁོར་བར་རང་ཡུལ་ལ་ཁ་ཕྱོགས་ནས། ཕ་ཡུལ་བོད་ལྗོངས་གསར་པའི་འཛུགས་སྐྲུན་གྱི་ལས་འཆར་དང༌། བོད་ཀྱི་ཡུལ་མི་མང་ཚོགས་ཀྱི་འཚོ་བ་ལ་འགན་ཁུར་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྲིད་བྱུས་དེ་འཛམ་གླིང་ལ་ཁ་ཕྱོགས་ཐུབ་པའི་འཆར་འགོད་དང་གྲ་སྒྲིག་གནང་རྒྱུའི་མཚོན་བཙན་བྱོལ་བོད་ཀྱི་བཅའ་ཁྲིམས་ལེའུ་ལྔ་དང༌། དོན་ཚན་༣༦ ལ་བསྐྱར་ཞིབ་གནང་ནས་མ་འོངས་བོད་ཀྱི་མང་གཙོའི་ལམ་ལུགས་དེ་གྲོས་ཚོགས་གོང་འོག་གི་ལམ་ལུགས་སུ་ཁ་བསྒྱུར་དགོས་པ་ཕྱི་ལོ་༡༩༩༢ ལོའི་ཕྱི་ཟླ་༢ ཚེས་༢༦ ཉིན་ྋགོང་ས་མཆོག་ནས་འདོན་གནང་མཛད་པའི་མ་འོངས་བོད་ཀྱི་ཆབ་སྲིད་ལམ་སྟོན་དང༌། རྩ་ཁྲིམས་སྙིང་དོན་ནང་གསལ་པོ་འཁོད་ཡོད་པ་དང༌། ད་ལྟའི་བཅའ་ཁྲིམས་དོན་ཚན་༣༧ པའི་ནང་དུ་གསལ་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྒྲིག་འཛུགས་ལ་བསྐྱར་ཞིབ་ནན་པོ་གནང་ནས། ང་ཚོའི་བཅའ་ཁྲིམས་ནང་མང་གཙོ་རྟྟནྣཏྲཔྱཎཏྲཕྲལས་དམངས་གཙོ་སྣྲཔྱསྤྱརྡྟྤཎཔྱདྲཎརྣ གསལ་མེད་སྟབས། ས་གནས་སོ་སོར་མི་འབོར་ལ་གཞིགས་པའི་གྲོས་ཚོགས་ཀྱི་འཐུས་མི་སླེབས་དགོས་པ་སོགས་ཤིན་ཏུ་ནས་གལ་འགངས་ཆེ། རྒྱལ་ཁབ་ཅིག་དང༌། སྤྱི་ཚོགས་ཤིག་གི་མ་འོངས་པའི་འདུན་ལམ་ལ་ལས་འཆར་བཀོད་སྒྲིག་གནང་རྒྱུ་དེ་དག་བཙན་བྱོལ་བོད་གཞུང་འཛིན་སྐྱོང་སྡེ་ཚན་དང༌། ཁྲིམས་བཟོ་སྡེ་ཚན་གཉིས་ཀྱིས་གཡོལ་ཐབས་མེད་པའི་དཀའ་ཚེགས་ཆེ་ལ་གཟི་བརྗིད་ཆེ་བའི་ལས་འགན་ལྕི་མོ་ཞིག་མདུན་དུ་ལྷག་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།