དང་པོ། བོད་ཀྱི་བཙན་པོ་ཐོག་མ་གཉའ་ཁྲི་བཙན་པོའི་སྐོར་གླེང་བ།

འདོན་ཐེངས་སྔོན་མའི་འཕྲོས།

ཞེས་སོགས་འབྱུང་བ་རྣམས་ཡིན་པར་བཤད། རྒྱུ་མཚན་ནི། ཤིན་ཏུ་གསང་བར་འོས་པའི་གནད་དོན་གང་ཡོད་པ་དེ་དག་ཕན་ཚུན་གསང་བརྡ་སྤྲོད་པའི་ཤེས་རིག་ཁྱད་པར་ཅན་ཞིག་ཡིན་པས་སོ་ཞེས་པ་ལྟ་བུ་གསལ། ༣བོན་གྱི་སྐོར། བོན་ཞེས་པའི་སྒྲ་བཤད་མང་ནའང༌། དོན་ལ་བོད་གནའ་རབས་སུ་ཆོས་ལུགས་ཀྱི་མིང་དུ་གྱུར་ཡོད། བོན་གྱི་སྐོར་སྔ་ས་ནས་དཔྱད་རྩོམ་ཞིག་འབྲི་དགོས་བསམ་ཡང་ལུས། ད་ཐེངས་བསམ་གཞིག་ཐོལ་བྱུང་ཙམ་ཞིག་སྤྲོ་ན། འབྲི་གུང་འཇིག་རྟེན་མགོན་པོའི་དགོངས་གཞིར་གཏུགས་པའི་ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མས། བོད་དུ་དར་བའི་བོན་ལ་བརྡོལ་བོན། འཁྱར་བོན། བསྒྱུར་བོན་གསུམ་ཞེས་དང༌། ཡང་ཁོང་གིས། རྒྱལ་རབས་རྣམས་སུ་གཉའ་ཁྲི་བཙན་པོ་ནས་ཁྲི་ཐོག་རྗེ་བཙན་བར་གྱི་རྒྱལ་རབས་ཉི་ཤུ་རྩ་དྲུག་ལ་ཆབ་སྲིད་བོན་གྱིས་བསྐྱངས་ཟེར་བ་ཙམ་ལས་མ་བཤད་ཀྱང༌། བོད་ཡུལ་དུ་བོན་དར་བའི་ཐོག་མ་འདི་ནས་བྱུང་བར་མངོན། འོན་ཀྱང་དེ་དུས་ཀྱི་བོན་རྣམས་ལ་མར་འདྲེ་སྲི་གནོན་པ་དང༌། ཡར་རྒན་གྱི་ལྷ་མཆོད་པ་དང༌། བར་ཁྱིམ་གྱི་ཐབ་འདོན་པ་གསུམ་ཙམ་ལས། བོན་ལུགས་ཀྱི་ལྟ་བ་སོགས་ཀྱི་ཐ་སྙད་མ་བྱུང་བས་ཆོས་འབྱུང་དང་རྒྱལ་རབས་འགའ་ཞིག་ཏུ་གྲི་གུམ་བཙན་པོའི་རིང་ནས་བོན་དར་བར་ཡང་བཤད་དོ་ཞེས་གསལ།

དེ་ནི་སྤྱིར་གནའ་རབས་གདོད་མའི་བོན་བྱུང་ཚུལ་བརྗོད་པ་ཡིན་ཚོད་ཀྱི། བྱེ་བྲག་གཡུང་དྲུང་བོན་ཇི་ལྟར་དར་སྲོལ་བྱུང་བའི་སྐོར་ལ་བཤད་པ་ཚིག་ཟུར་ཙམ་ཡང་མ་མངོན་ནོ། །ཐུའུ་བཀྭན་གྱིས། སྤྱིར་བོན་ལ་ཕྱི་བོན་དང་ནང་བོན་གཉིས་ཡོད་པར་གྲགས་ཤིང༌། བོན་གཞུང་འགའ་ཞིག་ཏུ། དང་པོ་ཡེ་མེད་སྟོང་པ་ལ། །དེ་ནས་ཡེ་ཡོད་ཅུང་ཟད་སྲིད། །དེ་ནས་བ་མོ་སྐྱ་ཙམ་སྲིད། །དེ་ནས་ཟིལ་བ་ཕྲུལ་ཙམ་སྲིད། །ཅེས་སོགས་ཟེར་ནས། མཐར་སྣོད་བཅུད་ཐམས་ཅད་སྒོ་ང་ལས་སྐྱེས་པའི་ལུགས་དང༌། ཕྱ་དང་དབང་ཕྱུག་སོགས་ཀྱིས་བྱས་པའི་ལུགས་སུ་སྣང་བ་རྣམས། མུ་སྟེགས་ཀྱི་ལྟ་བ་འཁྱར་བ་ཡིན་ཅེས་འབྲི་གུང་འཇིག་རྟེན་མགོན་པོས་གསུངས་ཤིང༌། དེང་སང་ཀུན་ལ་དར་ཆེ་བའི་གཏོ་ཆོག་རྣམས་སུ་ཡང་གོང་གི་ཚིག་དེ་འདྲ་བ་མང་པོ་སྣང་ངོ༌། །ཞེས་དང༌། ཡང་བོན་གཞུང་འདུས་པ་རིན་པོ་ཆེའི་རྒྱུད་བྱ་བ་ན། ཀུན་རྫོབ་ཏུ་ནི་དངོས་རྣམས་ཞེན་པས་ཡོད། །དམ་པའི་དོན་དུ་ཆགས་པ་སྤངས་པས་མེད། །གཉིས་ཀ་སེམས་ཀྱི་ཆས་ཟིན་མ་ཆགས་མ་ཡེངས་པས། །སྟོང་པ་ཉིད་ཀྱི་ཡེ་ཤེས་ཞེས། །མི་རྟོག་ཡོངས་ཁྱབ་གསལ་དྭངས་ན། །སྒོམ་པའི་དངོས་པོ་དེ་ཉིད་ཡིན། །དེ་ལྟར་ལྟ་སྒོམ་གཉིས་ཀ་འབྲེལ་བར་སྤྱད་ན། །སྐྱེ་བ་འདི་ལ་ཐར་བའི་འབྲས་བུ་ཐོབ་པར་ངེས། །ཞེས་སོགས་ཀྱི་བཤད་ཚུལ་ནི། བཀའ་དང་བསྟན་བཅོས་ནས་བཤད་པ་དང་དོན་འདྲ་བར་སྣང་ཞེས་སྤྱན་སྔ་བློ་གྲོས་རྒྱལ་མཚན་གྱིས་གསུངས། ཡང་ཀུན་མཁྱེན་ཤེར་འོད་དང༌། སྟག་ཚང་ལོ་ཙཱ་བས་བོན་གྱི་ཐེག་པ་དགུ་བ་རྙིང་མའི་རྫོགས་ཆེན་དང་མཐུན་པར་ཡང་གསུངས་སྣང་ངོ་ཞེས་གསུངས། བསམ་གཞིག་དགོས་རྒྱུ་ལ། གོང་བརྗོད་བོན་ལ་མི་འདྲ་བ་མང་པོ་ཡོད་པར་བགྲངས་ཤིང༌། ལྷག་པར་གཡུང་དྲུང་བོན་དང་བཅས་དབྱེ་བ་མང་པོ་ཡོད་པར་མཁྱེན་བཞིན་དུ་དབྱེ་བ་མ་ཕྱེས་ཏེ། བོན་ཟེར་བ་ཆོས་ལུགས་གཅིག་ཁོ་ན་ཡིན་པའི་ངོས་འཛིན་ཐོག བོན་གྱི་ལྟ་སྤྱོད་མི་འདྲ་བའི་འགལ་འདུ་དུ་མ་བྱུང་ལུགས་ལྟ་བུ་སྣང་ཞིང་བཤད་ཡོད་ངེས་རེད་འདུག གོང་བརྗོད་ཟིན་ལྟར་གནའ་རབས་སུ་བོན་ཞེས་པ་ནི་ཆོས་ཞེས་པའི་མིང་མ་བྱུང་བའི་སྔོན་གྱི་ཆོས་ལུགས་སྤྱིའི་མིང་ཡིན་པར་འདོད་དགོས་ཤིང༌། དེས་ན། གདོད་མའི་བོན་འགའ་ཞིག་གིས་དབང་ཕྱུག་སོགས་ཀྱིས་བྱས་པའི་ལུགས་སུ་སྣང་ཆོག་པ་དང༌། བོན་འགའ་ཞིག་ནང་མུ་སྟེགས་པའི་ལྟ་བ་དང་གཏོ་ཆོག་ཡོད་ཆོག་པ། གཡུང་དྲུང་བོན་གྱི་ལུགས་སུ་ནང་པའི་བཀའ་བསྟན་བཅོས་དང་དོན་འདྲ་བ། དེ་བཞིན་རྙིང་མའི་རྫོགས་ཆེན་དང་མཐུན་པ་དེ་དག་ཡོད་ཆོག་ངེས་ཡིན་ཏེ། དཔེར་ན་དེང་དུས་ཆོས་ཞེས་འབོད་ཀྱང་ཆོས་ལུགས་གཅིག་རང་མིན་སྟབས་ལྟ་སྤྱོད་འགལ་འདུ་སྣ་ཚོགས་ཡོད་པ་བཞིན་ནོ། །གནའ་རབས་ཀྱི་བོན་དང༌། གཡུང་དྲུང་བོན་གཉིས་མིང་སྣེ་གཅིག་པ་ཙམ་ལས་དོན་ལ་ཁྱད་པར་ཧ་ཅང་གིས་ཆེ། བརྡོལ་བོན་ལྟ་བུའི་བྱུང་རིམ་དང་དར་ཁྱབ་བརྗོད་སྲོལ་ལྟར་དོན་ལ་གནས་སྲིད་ཀྱང༌། གཡུང་དྲུང་བོན་ནི་དེ་ལྟར་མིན་ནོ། །ཅིའི་ཕྱིར་ཞེ་ན། དེ་ནི་མིང་སྣེ་འདྲ་བ་ཙམ་ལས་དོན་ལ་ལྟ་སྤྱོད་ལག་ལེན་སོགས་མི་འདྲ་བ་མངོན་སུམ་ཡིན་པས་སོ། ། ད་ལྟ་མཐོང་ཆོས་སུ་གྱུར་པའི་གཡུང་དྲུང་བོན་འདི་ནི། བློ་རྣལ་དུ་གནས་ནས་བཤད་ན། དོན་ལ་ནང་པ་སངས་རྒྱས་པ་ལས་ལོགས་སུ་མ་མཐོང་ཞིང༌། སྔོན་ལ་བོན་པོ་ནང་པ་ཡིན་ལུགས་སྒྲུབ་མཁན་ཆོས་པ་མང་པོས་ཀྱང་གཡུང་དྲུང་བོན་འདི་ཉིད་ནང་པ་ཡིན་ལུགས་གསུང་གི་ཡོད་ཚོད་རེད། ལ་ལས། གཉའ་ཁྲིའི་དུས་རིམ་ཙམ་ལ་ནང་ཆོས་བོད་ལ་ཐེངས་ཤིག་དར་མེད་དམ་སྙམ་པའི་བསམ་གཞིར་གྱུར་པ། དཔེར་ན། ནང་ཆོས་ལ་རྙིང་མ་དང་གསར་མའི་ཐ་སྙད་ཀྱི་ཁྱད་པར་སོང་བ་ལྟར། བན་བོན་གཉིས་ཀྱང་དོན་ལ་བསྟན་པ་སྔ་དར་དང་ཕྱི་དར་གྱི་ཁྱད་པར་ཙམ་ཡིན་སྲིད་ལུགས་མོལ། ཐད་ཀར་བསམ་བློའི་གནས་བབ་ལ་ཆུད་མིན་ཇི་ལྟར་ཡང༌། དོན་ལ་འདི་བཞིན་མིན་ནམ་དྲན་ཏེ། སྟོན་པ་གཤེན་རབ་ཡུལ་སྟག་གཟིག་འོལ་མོ་ལུང་རིང་དུ་འཁྲུངས་ཞེས་པར་འཁྲུངས་ཡུལ་དང༌། གཤེན་རབ་མི་བོ་ཆེ་མི་ལོ་ཆིག་ཁྲི་བརྒྱད་སྟོང་གོང་རོལ་ནས་བྱོན་ཞེས་འཁྲུངས་དུས་བཅས་ལ་རྒྱུ་མཚན་གྱིས་དོན་ཐོག་ངེས་ཤེས་འདྲོངས་བའི་གསལ་ཆའི་རིགས་པ་ངེས་རྙེད་མ་བྱུང་ཞིང༌། གཞུང་འགའ་ཞིག་ན། བོན་གྱི་སྟོན་པ་གཤེན་རབ་ནི་སངས་རྒྱས་བཅོམ་ལྡན་འདས་མ་འཁྲུངས་གོང་དུ་བྱུང་བ་དང༌། བོན་ཆོས་བསྟན་ནས་མྱ་ངན་ལས་འདས་རྗེས་སླར་ཡང་སངས་རྒྱས་ཤཱཀྱ་ཐུབ་པར་སྤྲུལ་ནས་ནང་པ་སངས་རྒྱས་པའི་ཆོས་འདི་བསྟན་པ་ཡིན་ཞེས་འཁོད་འདུག་པ་བཅས་ལ་ཞིབ་ཏུ་བརྟག་ན། ནང་ཆོས་སྟོན་མཁན་གྱི་སྟོན་པ་ལས་བོན་ཆོས་ཟེར་བའི་ལོགས་སུ་སྟོན་མཁན་གྱི་སྟོན་པ་ཞིག་དོན་དངོས་བྱོན་ཡོད་མེད་ལ་བསམ་གཞི་ཆེ། གལ་ཏེ་སྟོན་པ་སྐད་གྲགས་ཅན་དེ་འདྲ་ཞིག་བྱོན་ཡོད་ན། བོད་པ་ཙམ་མ་ཡིན་པར་རྒྱལ་ཁབ་མང་པོས་རྩོད་མེད་ངོས་འཛིན་གཅིག་གྱུར་གྱིས་གསལ་ལེར་ཤེས་པའི་ལོ་རྒྱུས་ཡོད་དགོས་པ་ལྟ་བུར་མཐོང༌། འཕྲོས་འདོན་ཐེངས་རྗེས་མར་གཟིགས། ས་རཱ་མཐོ་སློབ། ངག་དབང་བྱམས་པས།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།