ལས་དོན་འཐུས་ཤོར་ཕྱིན་པ་དེར་རྒྱུ་རྐྱེན་དོན་ཚན་གསུམ་མཐོང་གི་ཡོད།
རྩིས་ཞིབ་དྲུང་ཆེ་ཟུར་པ་འཇིགས་མེད་འབྱུང་གནས་ལགས་སུ་གཞིས་ཆགས་ཀྱི་གནས་བབས་སྐོར་བཅར་འདྲི།
དྲི་བ། ཉེ་ཆར་ྋགོང་ས་མཆོག་གིས་གཞིས་ཆགས་ཁག་གི་ལས་དོན་ཁག་དང༌། ལྷག་པར་འཕྲུལ་བཟོ་ཁང་འཐུས་ཤོར་ཕྱིན་ཡོད་པའི་བཀའ་སློབ་གསུངས་པ་དེ་རྒྱུ་ རྐྱེན་གང་ལ་བརྟེན་ནས་འཐུས་ཤོར་ཕྱིན་པ་རེད་དགོངས་ཀྱི་ཡོད།
ལན། ང་ཚོ་སྤྱི་པའི་ལས་ཀ་འཐུས་ཤོར་དང་ཡར་རྒྱས་གང་ལ་ཡང་རྒྱུ་རྐྱེན་གཅིག་ལ་མཛུབ་ མོ་བཙུགས་རྒྱུ་ཁག་པོ་རེད། ལས་དོན་འཐུས་ཤོར་ཕྱིན་པ་དེར་རྒྱུ་རྐྱེན་དོན་ཚན་གསུམ་མཐོང་གི་ཡོད། ༡ བོད་མི་མང་ཚོགས་ཀྱིས་བཟོ་ལས་ཐོག་དངོས་ཤུགས་ཀྱིས་མཐུན་འགྱུར་དང་འགན་ཁུར་དམན་ པ། ༢ བཙན་བྱོལ་བོད་གཞུང་གི་བཟོ་རིགས་ཀྱི་ལས་བྱེད་གོ་སྒྲིག་བྱེད་སྟངས་དང་གསོ་ སྐྱོང་བྱེད་སྟངས་ལ་འཐུས་ཤོར་ཕྱིན་པ། ཕྱོགས་མཚུངས་ལས་དོན་གསར་རྩོམ་བྱེད་སྐབས་ཞིབ་འཇུག་ཚད་ལྡན་མ་ཐུབ་པའི་སྐྱོན།
༣ ལས་བྱེད་པའི་ཤེས་འཇོན་དང་བཟོ་རིགས་ལས་དོན་དང༌། འཆར་འགོད་ཉམས་ཞིབ་ལས་དོན་ལ་ཐུགས་སྣང་ཆུང་བ་དང༌། ལས་དོན་གང་འགོ་འཛུགས་བྱས་པ་དེ་མཇུག་སྐྱོང་གནང་རྒྱུ་ལས་འཐུས་ཤོར་ཕྱིན་པ། དེ་བཞིན་སྐབས་དང་དུས་ཀྱི་ལས་དོན་འཆར་གཞི་འགོད་སྟངས་སོགས་དངོས་ཡོད་ཀྱི་གནས་ ཚུལ་གང་ཡིན་གོང་རིམ་ལ་སྙན་སེང་ཞུ་རྒྱུར་འཐུས་ཤོར་ཕྱིན་པ་བཅས་དོན་ཚན་གསུམ་ལ་ ངོས་འཛིན་བྱེད་ཀྱི་ཡོད།
དང་པོ་མང་ཚོགས་ཀྱི་མཉམ་རུབ་དམན་པ་དེ་ག་འདྲ་རེད་ཞུས་ན། ང་ཚོའི་ཕ་མ་དང་དགེ་རྒན་ཚོས་སློབ་སྦྱོང་བྱས་ནས་ལག་ཤེས་བཟོ་རིགས་ཀྱི་ལས་ཀ་ བྱེད་དགོས་ཀྱི་རེད་ཟེར་བའི་སློབ་གསོ་ཡོད་པ་མ་རེད། ལྷག་པར་བོད་པའི་སྤྱི་ཚོགས་ནང་དེ་སྔོན་བཟོ་པ་ཚོར་མགར་བ་ཟེར་བ་རིགས་ངན་ལ་ བརྩིས་ནས་ཤུགས་རྐྱེན་སྡུག་ཆགས་ཤིག་ཡོད་པ་རེད། ད་ལྟ་ྋགོང་ས་མཆོག་གི་བཀའ་སློབ་ཀྱིས་ཨོ་ཙམ་བྱུང་འདུག ཡིན་ཡང་ལག་ཤེས་ལ་དོ་སྣང་ཡོད་པ་མ་རེད། གཉིས་པ་དཔེར་ན་བོད་ཁྱིམ་གྱིས་སཱེ་ལ་ཀོ་ས་གནས་སུ་ལག་ཤེས་ཀྱི་བཟོ་གྲྭ་ཚད་དང་ ལྡན་པ་ཞིག་བཙུགས་ཡོད་རེད། ཡིན་ཡང་ཟ་ཁང་གི་ལས་ཀ་དང་ཚོང་ལས་ཙག་ཙིག་རེ་ཟུང་མ་གཏོགས་ཚ་ལ་གཏོང་རྒྱུ་དང༌། འཕྲུལ་འཁོར་གཏོང་རྒྱུ་ལྟ་བུའི་གནད་ཆེན་མང་པོ་སྒོ་རྒྱག་དགོས་བྱུང་ཡོད་རེད། སྡེ་ཚན་དེར་འཛུལ་མཁན་ཡོད་མ་རེད། ད་ལྟ་ལས་བྱེད་རྙིང་པ་མ་གཏོགས་གསར་པ་ཡོང་གི་ཡོད་པ་མ་རེད། དེའི་རྒྱུ་རྐྱེན་གཅིག་མཐུན་རྐྱེན་ཡིན་རྒྱུ་རེད་དེ། གཙོ་བོ་བཟོ་ལས་ཐོག་སློབ་སྦྱོང་ཐོན་གྱི་ཡོད་མ་རེད། གཞུང་གིས་བཟོ་ལས་པ་ཐོན་མཁན་ཚོར་ལས་ཀའི་གོ་སྒྲིག་ཏག་ཏག་ཅིག་བྱེད་ཐུབ་ཀྱི་ ཡོད་མ་རེད། གོ་སྒྲིག་བྱས་པ་རེ་གཉིས་བྱུང་ཡོད་རེད་དེ། ཁོ་གནས་རིམ་ཡར་སླེབས་ཡོང་དུས་ལས་ཀ་གཞན་པར་བཏང་ནས་ཁོང་གིས་གང་ལ་རིགས་གཅིག་ རྐང་འཛིན་བྱས་པའི་ལས་དོན་དེར་འཇོག་མ་ཐུབ་པ་བྱུང་བ་རེད། ལས་ཀ་བྱས་རྗེས་རྒན་ཡོལ་སྐབས་སོགས་སུ་མཐུན་རྐྱེན་མེད་པ། སྤྱི་ཚོགས་ནང་ཆེ་མཐོང་མེད་པ་དེ་རེད། ཡང་དཔེར་ན་ྋགོང་ས་མཆོག་གིས་ཨོ་རི་ས་གཞིས་ཆགས་ཀྱི་འཕྲུལ་བཟོ་ཁང་གིས་དེའི་ ཁུལ་གྱི་ཡུལ་མི་ལ་ཡང་ལས་ཀ་སྤྲད་ཐུབ་པ་བྱུང་ན་ཡག་པོ་ཡོད་རེད་ཅེས་གཞིས་འགོ་ བློ་བཟང་ཉི་མ་ལ་ཚོགས་ཐོག་ནས་བཀའ་གནང་ཡོད་པ་རེད། དེ་དུས་ཁོ་རང་གིས་ཞིབ་འཇུག་བྱས་ནས་འཆར་གཞི་ཕུལ། འགྲུབ་རྒྱུ་ཡོད་མེད་གསལ་བོ་བྱས་ནས་སྙན་སེང་ཞུ་དགོས་རེད། ཡིན་ཡང་ྋརྒྱལ་བ་རིན་པོ་ཆེས་བཀའ་གནང་བ་དེ་གཞུང་གི་ངོས་ནས་དྲི་བརྩད་གཏོང་མཁན་ ཡང་སྐབས་དེར་མ་བྱུང་བ་རེད། ཡང་ས་གནས་ལས་བྱེད་ཚོས་ལས་བྱེད་སྔོན་མས་ལས་ཀ་བརྩམས་བཞག་པ་དེ་མཇུག་སྐྱོང་མི་ བྱེད་པའི་སྐྱོན་ཡོད་པ་རེད།
དྲི་བ། སྔར་གྱི་འཐུས་ཤོར་དང་ད་ལྟའི་གནས་བབས་ཡར་རྒྱས་གཏོང་དགོས་ན་ཐབས་ལམ་གང་དགོས་ཀྱི་རེད་དགོངས་ཀྱི་ཡོད།
ལན། ྋརྒྱལ་བ་རིན་པོ་ཆེའི་དགོངས་པ་ནང་བཞིན་ཞིག ད་ལྟའི་དངོས་ཡོད་གནས་སྟངས་ལ་བལྟས་ན་ཁག་པོ་རེད་བསམ་གྱི་འདུག དཔེར་ན་ཞིང་ལས་དང་འཕྲུལ་བཟོ་གང་བྱེད་དགོས་ན་མི་དགོས་ན་རེད། ལྷག་པར་འཕྲུལ་བཟོའི་གནས་སྟངས་དེ་ྋགོང་ས་མཆོག་གི་དགོངས་པ་བཞིན་ཡར་རྒྱས་དང་ ཡུལ་མིར་ལས་ཀ་སྤྲད་ཐུབ་པ་ཞིག་ཡོང་གི་མེད་ཀྱང༌། ད་ལྟའི་གནས་སྟངས་ལས་སྡུག་ཏུ་མ་ཕྱིན་པ་ཞིག་ཤིན་ཏུ་གལ་ཆེན་པོ་རེད། དེ་ལ་གཞུང་གིས་གོ་སྒྲིག་ལམ་སྟོན་བྱེད་སྟངས་ལ་རག་ལས་ཀྱི་རེད་བསམ་གྱི་ཡོད། ད་ལྟ་མཉམ་འབྲེལ་དེ་རང་སྐྱོང་གི་སྡེ་ཚན་རེད། ང་ཚོས་སྐུལ་འདེད་ཙམ་ལས་བཀའ་གཏོང་ཐུབ་ཀྱི་མ་རེད་གསུང་གི་ཡོད་པ་རེད། དངོས་ཡོད་ཀྱི་གནས་བབས་ལ་མ་བལྟས་པར་རིག་པའི་གཞུང་ལུགས་ཤིག་གི་ཐོག་ནས་བཤད་ བསྡད་ན་ཁག་པོ་རེད། འཕྲུལ་བཟོ་ནི་མཉམ་འབྲེལ་གྱི་རེད། དེའི་ཁྱབ་ཁོངས་སུ་དེ་འདྲའི་ཡར་རྒྱས་གཏོང་ཐུབ་པ་ཡོད་མ་རེད། ྋསྐུ་མདུན་གྱིས་གཞིས་ཆགས་སྲ་བརྟན་གནས་ཐུབ་ལ། མར་ཕྱུར་བཟོ་གྲྭ་འཛུགས་ཐབས་ལ་བཀའ་གནང་ཡོད་རེད། དེ་བཞིན་ཧཱོང་སུར་ས་གནས་འགོ་འཛིན་ང་ཡིན་སྐབས་འཆར་འགོད་ལས་ཁང་གི་ཞིབ་འཇུག་ བྱེད་མཁན་ཞིག་བཏང་སོང༌། མཁས་པ་དེ་དག amul butter བཟོ་གྲྭ་ནས་རེད་གསུང་གི་འདུག ངས་འཆར་གཞི་དེ་ཡག་པོ་ཞིག་བྱུང་མ་སོང་དྲན་སོང༌། མར་ཕྱུར་བཟོ་མཁན་གྱི་ཚོང་པ་ཞིག་ལ་འདིར་མར་ཕྱུར་བཟོས་ན་ག་འདྲ་ཆགས་ས་རེད་ དྲིས་ན། ཁོ་རང་གི་ཚོང་དེ་འགག་འགྲོ་ཡི་ཡོད་ཙང་ཡག་པོ་ཡོང་གི་མ་རེད་ཟེར་གྱི་རེད། ངས་སྐབས་དེར་ཞུ་རྒྱུ་བྱུང༌། དེ་དུས་འོ་མ་འབོར་ཆེན་པོ་རེད། ད་ལྟ་གྲོང་སྡེ་ནང་ཁུལ་དུ་འོ་མ་ལོན་པར་ཁག་པོ་ཡོད་དུས་ཁག་པོ་རེད། ཞིང་ལས་འདེབས་མཁན་ཚོའི་རང་མགོ་རང་ཐོན་བྱེད་པའི་གོམས་གཤིས་བརླག་ཚར་བ་རེད། ཉེ་ཆར་ྋགོང་ས་མཆོག་གིས་བཀའ་གནང་བ་བཞིན། ས་གནས་འགོ་འཛིན་ལས་ཁང་དང་ལྷན་ཁང་ཁག་ལ་ལས་དོན་གང་སྒྲུབ་དགོས་ཀྱང་འོས་བབ་ཡོད་ པ་དང་དོན་མཐུན་གྱི་དབང་ཚད་སྤྲད་དགོས་པ་རེད། ཚང་མ་བཀའ་ཤག་ནས་ཆོག་མཆན་དགོས་ན་ཁག་པོ་རེད། ལྷག་པར་དུ་མི་མང་རང་གིས་འགན་ཁུར་དགོས་པ་རེད།
དྲི་བ། དེང་སྐབས་འཕྲུལ་བཟོ་དང་ཞིང་ལས་སོགས་གང་ཅིའི་ཕྱོགས་ནས་མི་རབས་རྒན་པ་ཚོའི་ རྗེས་སྐྱོང་བ་གཞོན་སྐྱེས་སླེབས་ཀྱི་མི་འདུག་ཟེར་གྱི་ཡོད་པ་དེའི་རྒྱུ་རྐྱེན་ གང་ལ་ཐུག་པ་རེད་དགོངས་ཀྱི་ཡོད།
ལན། མཐུན་རྐྱེན་རང་ལ་རག་ལས་པ་ རེད། མི་ཚང་མས་ད་ལྟ་འཚོ་རྟེན་ལ་བལྟས་ཡོད་རེད། ཕ་མ་ཚོས་བུ་ཕྲུག་ལ་མཁས་དབང་གྱིས་ཤོག འཆར་འགོད་པ་གྱིས་ཤོག་ཟེར་གྱི་ཡོད་པ་རེད། ལས་ཀ་དེ་ལ་བྲོ་བ་རྙེད་ནས་ཟེར་གྱི་ཡོད་མ་རེད། མཐུན་རྐྱེན་བཟང་པོ་ཞིག་ཡོད་ཙང་དེ་གྱིས་ཤོག་ཟེར་གྱི་ཡོད་རེད། workshop འཕྲུལ་བཟོ་ཁང་ལ་ཕྱིན་པ་ཡིན་ན་གླ་ཆ་ཉུང་ཉུང་རེད། ད་ལྟ་དང་མ་འོངས་པར་མཐུན་རྐྱེན་ནི་ཡོད་མ་རེད། ཡང་ང་ཚོའི་སྤྱི་ཚོགས་ཀྱིས་སྐྱོན་བྱས་ནས་འཕྲུལ་བཟོ་ཁང་གི་ལས་ཀ་ཐོན་པ་ལ་མི་ ཡོད་མ་རེད། ད་ལྟའི་གཞིས་ཆགས་ཁག་ནས་workshopཆེ་ཤོས་དེ་མོན་གྷོ་དང་བྷེལ་ཀོབ། ཨོ་རི་ས་གསུམ་རེད། དཔེར་ན་manglore གཅིག་པུ་ལ་དེང་སང་སྨན་ཞབས་སློབ་གཉེར་ལ་འགྲོ་མཁན་ཉིས་བརྒྱ་སུམ་བརྒྱ་འདུག་ ཟེར། དེ་ང་ཚོའི་འཕྲོད་བསྟེན་ལ་ཞབས་ཞུ་ཞུ་བསམ་ནས་མ་རེད། མཐུན་རྐྱེན་བཟང་པོ་ཞིག་རག་གི་རེད་བསམ་པ་ཙམ་རེད། ལག་ཤེས་དགོས་པ་རེད་མ་གཏོགས་ལས་བྱེད་གཞན་པ་བཞིན་མཐུན་རྐྱེན་ཁོ་ནར་བལྟས་པས་ འགྲིག་གི་མ་རེད། ད་ལྟ་workshop ཀྱི་mechanic འཕྲུལ་བཟོ་བ ཐོན་མཁན་ཞིག་སང་ཉིན་ཤོག་དང་སྒོར་མོ་ཁྲི་གཉིས་སྤྲད་ལབ་ཀྱང་གང་ལྟར་ཡོང་མཁན་ ཡོད་མ་རེད། དེ་སྔ་ལག་ཤེས་ཀྱི་བཟོ་གྲྭ་ཡོད་ས་panchemaryལ་ཚན་པ་གཉིས་དང་ཤཱིས་ལོང་དང་ནོར་ ཝེ་ཁུལ་ནས་ཐོན་པ་ལག་ཤེས་བཟོ་གྲྭར་གཞུང་གིས་བཏང་བ་ཞིག་ཡོད་རེད། དེའི་རྗེས་ལ་གཏོང་མཁན་ཡོད་མ་རེད། ལོ་རྟག་པར་ཤེས་རིག་ལས་ཁུངས་ཀྱིས་ITI འགྲོ་བ་ལ་སློབ་ཡོན་ཆ་རྐྱེན་ཡོད་རེད་དེ། སློབ་ཕྲུག་འཛིན་གྲྭ་བཅུ་གཉིས་ཐོན་དུས། སྨན་ཞབས་དང༌། B.A/B. com.ཐོན་མཁན་ཡིན་ཟེར་མཁན་ཞིག་ལས་workshop དང་lathe machinist དཀྲུག་འཁོར་བ དང་fitter འཕྲུལ་ཆས་བཤིག་སྒྲིག་པལས་རིགས་འདྲ་མིན་ཐོན་མཁན་ཡིན་ཟེར་མཁན་གཅིག་ཀྱང་ཡོད་མ་ རེད། ད་ལྟ་ང་ཚོའི་གཞུང་གིས་མཐུན་རྐྱེན་དང་ཆ་རྐྱེན་བཟོས་ཀྱང་དེ་འདྲ་ཐོན་པ་ལ་ལོ་ གསུམ་བཞི་འགོར་གྱི་རེད། དེ་མ་བྱས་ན་རྗེས་ལ་ ཕྣཔྱྡཔྲདྣསྣྲ སྒོ་རྒྱག་དགོས་ཐུག་གི་རེད། ཡང་མིན་ན་རྒྱ་གར་གླ་དགོས་ཐུག་གི་རེད། རྒྱ་གར་ལ་ད་ལྟའི་སྒོར་མོ་སུམ་སྟོང་བཞི་སྟོང་གིས་རྩ་བ་ནས་ལག་ཤེས་ཐོན་པའི་མི་ ཞིག་རག་གི་མ་རེད། ངས་བཤད་ན་ལག་ཤེས་པའི་མི་ཚོ་ལ་རིན་ཐང་ཞིག་སྤྲད། གཞུང་བསྐོས་ས་མིག་བཟོས། དཔེར་ན་མོན་གྷོ་ལ་སྨན་པ་ཞིག་དྲུང་ཆེའི་གནས་རིམ་ཐོག་བཞག་པ་བཞིན་འཕྲུལ་བཟོ་ལ་ ཡང་བཞག་མ་ཆོག་པ་ཡོད་མ་རེད། གཞུང་གི་ངོས་ནས་གལ་ཆེན་གཟིགས་ཀྱི་ཡོད་ན། མཐུན་རྐྱེན་དང་ལམ་སྟོན་བྱས་ན་ལོ་གསུམ་བཞིའི་ནང་འཕྲུལ་བཟོའི་ལས་ཀ་བྱེད་མཁན་ ཐོན་གྱི་རེད།
དྲི་བ། ཀོ་ལི་གྷལ་གྱི་སྲོལ་རྒྱུན་ཞིང་ལས་དང་པོ་འགོ་འཛུགས་སྐབས་སྐུ་ཉིད་ཀྱིས་དངོས་ སུ་ཕྱག་ལས་གནང་ཡོད་པ་རེད། དེ་དུས་ཀྱི་དམིགས་ཡུལ། ད་ལྟའི་དངོས་ཡོད་ཀྱི་གནས་བབས་བཅས་ཀྱི་བར་ཁྱད་པར་དང་དགོངས་ཚུལ་གང་ཡོད།
ལན། ཀོ་ལི་གྷལ་དང་པོ་འདེམས་སྒྲུག་བྱེད་སྟངས་ནོར་བ་རེད་ཟེར་མཁན་ཡོད་པ་རེད། ཡིན་ཡང་ནང་སྲིད་ལས་ཁུངས་ཀྱི་ངོས་ནས། དང་པོ་འགེངས་ཤོག་ཅིག་བཀྲམ་ནས་ཞིང་འདེབས་མཁན། བ་ཕྱུགས་འཚོ་མཁན་ག་ཚོད་ཡོད་མེད་བལྟས་པ་རེད། སྲོལ་རྒྱུན་དེ་ལ་བ་ཕྱུགས་མེད་ན་བྱེད་རྒྱུ་ཡོད་མ་རེད། བ་ལུད་བཟོ་དགོས་པ་རེད། སྐབས་དེར་ཀོ་ལི་གྷལ་ལ་ཞིང་ལས་པ་དང་བ་ཕྱུགས་འཚོ་སྐྱོང་བ་མང་ཤོས། དེ་བཞིན་སྟོན་འབྲས་རྣམ་གྲངས་མང་ཤོས་རེད། གང་ལྟར་འགེངས་ཤོག་ཕྱོགས་བསྡོམས་བྱས་ནས་ཀོ་ལི་གྷལ་ཐོན་པ་ཞིག་རེད་མ་གཏོགས་ནང་ སྲིད་ཀྱི་ཀོ་ལི་གྷལ་དམིགས་བསལ་བྱས་ནས་བདམས་པ་ཞིག་རྩ་བ་ནས་མ་རེད། དེ་དུས་ང་ས་གནས་ལ་དངོས་སུ་ཕྱིན་པ་རེད། ད་ལྟ་གཞུང་གིས་བཀའ་རང་བཏང་བ་རེད། ཞེ་བོ་རེད་ཟེར་གྱི་ཡོད་པ་དེ་འདྲ་མ་རེད། སྐབས་དེ་དུས་ཁེ་དང་ཉེན་གཉིས་ཆ་བཤད་ཡོད་རེད། སྲོལ་རྒྱུན་ཟེར་བ་དེ་ལས་སླ་བོ་ཡོད་མ་རེད། སོ་སོ་ནང་ལ་བསྡད་ནས་ཞིང་ཁ་ནས་སྟོན་ཐོག་ཟ་རྒྱུ་ཡོང་གི་མ་རེད། སྲོལ་རྒྱུན་བྱེད་ཀྱི་ཡིན་ན་ཞིང་པ་ཞིང་ཁ་ལ་འགྲོ་ཐུབ་མཁན་དང་འདུག་ཐུབ་མཁན་ ཞིག་དགོས་རེད། གཡོག་པོ་གཅིག་པུར་བརྟེན་པའི་ཞིང་པ་ཞིག་གིས་ཡོང་གི་མ་རེད་ཟེར་ནས་འགྲེལ་བཤད་ རིམ་པ་གསུམ་བརྒྱབ་པ་རེད། དང་པོ་བརྒྱ་དཔོན། གཉིས་པ་བཅུ་དཔོན། ཐ་མ་མང་ཚོགས་བསྐོང་ནས་ཁྱེད་རང་ཚོ་འགྲོ་ཐུབ་ན་ཕན་ཐོགས་ཡོད་རེད། ཡིན་ཡང་ཁྱེད་རང་ཚོའི་འདོད་པ་རེད། འགྲོ་བའི་སྐབས་དཀའ་ལས་རྒྱག་དགོས་རེད། ཁྱེད་རང་ཚོས་བྱེད་ན་གོ་སྐབས་དང་པོ་ཁྱེད་རང་ཚོའི་རེད། དཔེ་མཚོན་བཟོ་ཡི་ཡོད་ཙང་གཞུང་གིས་སློབ་སྦྱོང་བྱེད་རྒྱུ་དང་དངུལ་སྤྲོད་རྒྱུ་ ག་རེ་ཡིན་ན་མཐུན་འགྱུར་ཡོད་རེད། གལ་ཏེ་ཁྱེད་རང་ཚོར་འདོད་པ་མེད་ན་མེད་པ་རེད་ཅེས་གསལ་བཤད་བྱས། ཁོ་རང་ཚོའི་འདོད་པ་ལྟར་བྱས་པ་རེད། སྐབས་དེར་སྲོལ་རྒྱུན་ལ་འགྲོ་ཡི་ཡིན་ཟེར་མཁན་གྱི་ཐོའི་ནང༌། མི་ཚང་བརྒྱད་ཅུ་གྱ་གྲངས་ཤིག་ཡོད་རེད། དེའི་སྐབས་ང་གཞུང་གི་ལས་བྱེད་རེད། གཞུང་གིས་ཁྱོད་དེར་འགྲོ་དགོས་པ་རེད་ལབ་པ་རེད། ང་ལ་རེ་བ་ཡོད་ན་འདྲ་མེད་ན་འདྲ་འགྲོ་རྒྱུ་རེད། ང་སྒེར་ངོས་ནས་སྐབས་དེ་དུས་ནས་ལས་སླ་པོ་ཡོད་མ་རེད་བསམ་གྱི་ཡོད་རེད། ང་ཚོས་ཚ་ཚ་འུར་འུར་དེ་འདྲ་མ་བྱས་ན་ཞེས་ཞུ་ཡང་མྱོང༌། གང་ལྟར་དེའི་སྐོར་བཀའ་བློན་ཁྲི་པར་སྙན་སེང་ཞུས་སྐབས། དེ་འདྲ་ཡོང་གི་མ་རེད། སྲོལ་རྒྱུན་ཟེར་བ་དེ་སྡེབས་གཅིག་ལ་དགོས་པ་རེད་མ་གཏོགས་ཞིང་ཁ་ཨེ་ཀར་སུམ་ སྟོང་གི་ནང་ལ་ཨེ་ཀར་བརྒྱ་དང་ཉི་ཤུ་རྩ་གྲངས་ཤིག་བཟུང་བསྡད་ན་ཕན་ཐོགས་ཡོད་མ་ རེད། སྲོལ་རྒྱུན་ཆགས་ཀྱི་མ་རེད་ཁོ་རང་ཟུར་དུ་དགོས་པ་རེད། ཉུང་མཐའ་ལ་གྲོང་སྡེ་གཅིག་གཉིས་དགོས་རེད་གསུངས་ནས་བསྐྱར་དུ་དངོས་གྲུབ་ལགས་ ཁོང་ཚོ་ཕེབས་པ་རེད། ད་གྲོང་སྡེ་དགོས་ཀྱི་འདུག་མ་གཏོགས་ཡོང་གི་མི་འདུག་ལབ་དུས། གྲོང་སྡེ་ཏྲ སྔོན་ལ་ཐོན་པ་རེད། དེང་སྐབས་གཞུང་གིས་ལམ་སྟོན་ནོར་ཡོད་པ་རེད་མ་རེད་ལབ་ཀྱི་འདུག་སྟེ། ངས་དེ་ནོར་ཡོད་པ་རེད་རྩ་བ་ཉིད་ནས་དྲན་གྱི་མེད། ཡིན་ཡང་དེ་དུས་དངོས་ཡོད་ཀྱི་གནས་ཚུལ་ལ་བལྟ་མ་ཐུབ་པའི་སྐྱོན་ཞིག་ཡོད་སྲིད་པ་ རེད། སྲོལ་རྒྱུན་ལ་སོང་བ་ཡིན་ན་ཐུབ་ས་རེད་མ་རེད། ང་ཚོ་བོད་པ་ཟེར་བ་དེ་ལས་ཀ་ལས་སླ་པོ། དུས་ཚོད་ཉུང་ཉུང་ལ་ཁེ་བཟང་མང་པོ་དགོས་མཁན་རྐྱང་རྐྱང་ཡིན་དུས་སྲོལ་རྒྱུན་དེ་ འདྲ་ཞིག་གིས་ཡོང་རྒྱུ་ཁྱོན་ནས་མ་རེད། སྲོལ་རྒྱུན་ལ་མཁས་པ་ཚོས་ལོ་དང་པོར་སློབ་སྦྱོང་བྱོས་ལབ་ཡོད་རེད། ཡིན་ཡང་བཀའ་ཤག་གི་དུས་ཚོད་ལོ་ལྔ་ལས་ཡོད་མ་རེད། མགྱོགས་པོ་བྱེད་དགོས་རེད་ཟེར་ནས་ཚ་དྲགས་པའི་སྐྱོན་ཞིག་ཏན་ཏན་བྱུང་ཡོད་རེད། ལོ་ལྔའི་ནང་ཚང་མ་ཚར་དགོས་པའི་དགོངས་པ་ཞིག་ཡོད་རེད། ངོ་མ་བཤད་ན་བཀའ་ཤག་གཅིག་གི་རྗེས་ལ་གཉིས་པ་གསུམ་པ་ཡོང་གི་རེད་ཁྱད་པར་ཡོད་མ་ རེད། དེ་ནས་ཞིང་པ་ཚོས་ཁོང་ཚོར་གུན་གསབ་མེད་ན་རྩ་བ་ནས་བྱེད་ཀྱི་མིན་ལབ་ནས་ལོ་དང་ པོ་གཉིས་པར་སྤྲོད་རྒྱུ་བྱས་པ་རེད། སོ་སོ་རང་ཉིད་ལ་ཆ་བཞག་ན་སྐབས་དེ་དུས་སྲོལ་རྒྱུན་ལ་སྦྱང་པ་ཐོས་པ་གང་ཡང་ཡོད་ མ་རེད། ཡིན་ཡང་དེབ་ཀློག རིན་པོ་ཆེས་བཀའ་སློབ་གནང་ཡོང་དུས་སྲོལ་རྒྱུན་བྱེད་ཐུབ་ན་ཕན་ཐོགས་ཡོད་པའི་ ངེས་ཤེས་རྙེད་ཀྱི་འདུག གུན་གསབ་ལོ་དང་པོ་གཉིས་པ་གསུམ་པར་སྤྲད་པ་རེད། ད་ལྟ་བཤད་ན་ལོ་ལྔ་པ་ལ་ཡང་དགོས་ཀྱི་ཡོད་ཟེར་གྱི་ཡོད་ས་རེད། དེ་འདྲ་བྱས་ན་ད་སྲོལ་རྒྱུན་ཞིག་ཡོང་གི་མེད་པ་དེ་གསལ་པོ་རེད། ལོ་ནས་ལོ་མཐུད་ནས་གང་ལ་སྤྲོད་ཐུབ་ཀྱི་རེད། ད་དུང་གཞུང་གིས་བཀའ་བཏང་བ་རེད་ཟེར་བ་འདྲ་བོ་མང་པོ་བཤད་ཀྱི་ཡོད་ས་རེད། དེ་འདྲ་མ་རེད། ཡིན་ཡང་སྲོལ་རྒྱུན་ལ་འགྲོ་མཁན་མིན་ན་བ་ཕྱུགས་སྤྲོད་ཀྱི་མིན་པ་འདྲ་གཞུང་གིས་ ཤུགས་ལ་བཤད་ཡོད་པ་རེད། གང་ལྟར་སྲོལ་རྒྱུན་ཡག་པོ་མ་ཡོང་བའི་རྐྱེན་རྩ་དེ་མི་མང་གིས་དཀའ་ལས་རྒྱག་མ་ ཐུབ་པས་རེད། ང་ཚོས་གྲོང་སྡེ་ཁ་ཤས་ནས་རིམ་བཞིན་ཡར་རྒྱས་བྱས་ན་ཡག་པོ་ཆགས་ཀྱི་རེད་བསམ་ནས་ དཔེ་མཚོན་ལྟ་བུ་བྱས་པ་རེད་དེ། ད་ལྟའི་ཆ་ལ་དཔེ་མཚོན་དེ་བཟང་པོའི་དཔེ་མཚོན་ཞིག་ཆགས་མ་ཐུབ་པར། གུན་གསབ་མེད་ན་ཡོང་རྒྱུ་མེད་པའི་དཔེ་མཚོན་ཞིག་ཆགས་རྒྱུའི་ཉེན་ཁ་ཡོད་ས་རེད། གང་ལྟར་མི་མང་གིས་ལས་ཀ་བྱེད་མ་ཐུབ་པ་དང་ཞིང་ཆུ་འདྲེན་གཏོང་མེད་པ་ལ་བརྟེན་ ནས་སྲོལ་རྒྱུན་ལམ་ལ་མ་སོང་བ་རེད་བསམ་གྱི་འདུག། མེ་སོར་གསར་འགོད་པས་བཅར་འདྲི་བྱས།