འདི་ལོར་དྷ་ས། ལོ་རྗེས་མ་ལྷ་ས།
བུད་མེད་རྩོམ་པ་པོ་འོད་ཟེར་གྱིས་བརྩམས། གངས་ལྷ་མོས་བོད་བསྒྱུར་བྱས།
འཇིག་རྟེན་འདིའི་ཐོག་མི་མང་པོ་ཞིག་རིག་པ་དྭངས་གསལ་ཡིན་པ་དང༌། བོད་རང་སྐྱོང་ལྗོངས་སུ་བོད་ཀྱི་བྲན་གཡོག་ཁྲི་བརྒྱ་ཕྲག་མང་པོར་བཅིངས་འགྲོལ་ཐོབ་པའི་དུས་དྲན་ཞེས་པ་དེར་ཟུར་ཟའི་དོན་གང་འདྲ་ཡོད་མེད་ཀྱང་ཤེས་གསལ་རེད། དེ་བས་ཁྱད་མཚར་བ་ཞིག་ལ་མི་ཚོགས་ཀྱིས་འུར་ཟིང་ཆེན་པོ་ལངས་སྲིད་ཀྱང༌། བོད་རང་སྐྱོང་ལྗོངས་ཀྱིས་རང་སྣང་མཐོན་པོའི་ངང་ནས་དུས་དྲན་དེ་ཟླ་གསུམ་པའི་ཚེས་ཉེར་བརྒྱད་ཉིན་སྲུང་བརྩི་བྱེད་རྒྱུ་གཏན་འབེབས་བྱས་པ་རེད། དུས་ཚོད་དེ་གང་འདྲ་ཞིག་ཡིན་མིན་བརྗོད་ན། དེ་ནི་ལོ་ལྔ་བཅུའི་སྔོན་གྱི་ཉིན་དེར་བཙན་འཛུལ་བ་ཚོས་མི་འབོར་དང་མཚོན་ཆ་བཟང་ངན་སོགས་ལ་བརྟེན་ནས་བོད་མིའི་བསམ་བློའི་གཙོ་འཛིན་ཁོང་བོད་ཀྱི་ཁྱིམ་ཚང་ནས་ཕྱིར་ཕུད་བཏང་རྗེས་ཁོག་འཛུམ་ཤོར་བཞིན། དུས་དེ་ནས་བཟུང་བོད་པ་རང་གི་བཀའ་ཤག་སྲིད་གཞུང་སྒོ་རྒྱག་བཅུག་པ་རེད། བཀའ་ཤག་ནི་སོ་སོའི་ཡུལ་དུ་གནས་ཏེ་བགྲང་བྱ་ཉིས་བརྒྱ་བརྒྱད་འགྲོ་ཡི་ཡོད༌། དུས་དེ་ནས་བཟུང་བཙན་བྱོལ་གྱི་ལོ་ཟླའི་ནང་མུ་མཐུད་སོ་སོའི་མི་རིགས་ཀྱི་མི་དམངས་རྣམས་ལ་འགན་བཞེས་བཞིན་པ་དེ་དག་ལོ་རྒྱུས་ཀྱིས་གསལ་བརྗོད་བྱས་ཡོད་པ་རེད།
བཅིངས་འགྲོལ་གཏོང་མཁན་ཟེར་བའི་བཙན་འཛུལ་བ་ཚོས་དེ་ལྟར་དྲིལ་བསྒྲགས་བྱས་ན། ཁོས་སྤོབས་ཉམས་དང་བཅས་བོད་ཀྱི་བཀའ་ཤག་སྲིད་གཞུང་མིག་ནང་བཞག་དགོས་དོན་མེད། ཁོས་མུ་མཐུད་འདི་ལྟར་སྣང་མེད་ཀྱིས་མཐོང་ཆུང་གཏོང་བཞིན་པ་ནི། འཕྲོག་བཅོམ་ལ་བརྟེན་ནས་འབྱོར་ལྡན་པར་གྱུར་བའི་ཇག་པས་འཕྲོག་བཅོམ་བྱེད་ཡུལ་གྱི་དབུལ་པོ་རྣམས་ལ་ཁ་ཕྱོགས་བཞིན་པ་དང་གཉིས་སུ་མ་མཆིས། འོན་ཀྱང་ཇག་པ་ལའང་ཞེད་སྣང་སྐྱེ་སྲིད་ལ། ཕྱི་ལོགས་སུ་མི་རྣམས་ཀྱིས་ཁོ་ལ་གདེང་འཇོག་ག་འདྲ་བྱེད་མིན་ལ་དོ་སྣང་ཡོད་པ་དང༌། མདོར་ན་ཐབས་ཤེས་ཡོད་རྒུས་སྒེར་གྱི་བཅོམ་འཕྲོག་གི་བྱ་བ་དེ་དག་ལུགས་མཐུན་དུ་བསྒྱུར་གང་ཐུབ་བྱེད་ཀྱི་ཡོད།
ན་ནིང་ཕྱི་ཟླ་བཅུ་གཅིག་པའི་ནང་འཛམ་གླིང་ཁྱོན་ཡོངས་ཀྱི་བོད་མི་རྣམས་ཀྱིས་དྷ་རམ་ས་ལར་དམིགས་བསལ་ཚོགས་ཆེན་འཚོགས་སྐབས། ཨ་རིའི་ཧ་ཝར་ཌི་གཙུག་ལག་སློབ་གྲྭ་ཆེན་མོའི་མཁས་དབང་གི་མཚན་གནས་ཡོད་པའི་སྐྱབས་བཅོལ་བོད་མི། ཤེས་འཇོན་གཉིས་ལྡན་བློ་བཟང་སེང་གེ་ལགས་ཀྱིས་གྲོས་གཞི་ཞིག་ཕུལ་བའི་ནང༌། དོན་དངོས་དང་མཐུན་ཞིང་ཕུལ་བྱུང་གི་བསམ་འཆར་བཏོན་ཡོད་པ་རེད། དེའི་དོན་ཚན་ཞིག་ཏུ་བོད་མི་སྐྱབས་བཅོལ་བ་ཚོས་ངེས་པར་དུ་རྒྱབ་སྐྱོར་དང་མཐུན་སྒྲིལ་གྱི་དུས་དྲན་ཞིག་བརྩི་སྲུང་དགོས་ངེས་རེད། དེའང་བོད་ནང་གི་མི་དམངས་ཚོས་ལོ་མང་རིང་དཔའ་ངར་ཞུམ་མེད་ཀྱི་ལེགས་སྐྱེས་འབུལ་བར་རྗེས་དྲན་ཞུ་རྒྱུ་དང༌། ཁོང་ཚོར་མི་ཆོས་ཀྱིས་གུས་བཀུར་དང་རྒྱབ་སྐྱོར་ཞུ་ཆེད་ཡིན། ཁོང་གིས་དེང་བར་ང་ཚོར་བོད་ཕྱི་ནང་གཉིས་སུ་གནས་པའི་བོད་མི་མང་གི་ཆེད་དུ་དུས་དྲན་ཞིག་མེད། ད་ལྟ་དུས་དྲན་འདི་འདྲ་ཞིག་བརྩི་སྲུང་དགོས་པའི་དུས་ལ་བབས་ཡོད། དེའང་འཇིའུ་མི་རིགས་ཁོ་ཚོའི་དུས་དྲན་གྱི་དགོང་ཟས་གྲུབ་རྗེས་བཤད་པའི་སྐད་ཆ་དེ་ཡིན་ཏེ། ལོ་འདིར་སྐྱབས་བཅོལ་དུ་ཡོད་ཀྱང༌། ལོ་རྗེས་མར་རྫི་རུ་ས་ལམ་དུ་ཡོད་ཅེས་བརྗོད་ཀྱི་ཡོད་པ་བཞིན། ང་ཚོས་ཀྱང་ལོ་འདིར་དྷ་ས། ལོ་རྗེས་མར་ལྷ་ས་ཞེས་པའི་དུས་དྲན་གྲུབ་རྗེས་གཅིག་མཚུངས་ཀྱི་སྨོན་ཚིག་བགྲང་ཆོག འདི་འདྲའི་དུས་དྲན་ཞིག་གིས་དུས་རབས་མི་འདྲ་བར་གནས་པའི་མི་རྣམས་ལ་གཅིག་མཚུངས་ཀྱི་ཚོར་བ་ཞིག་སྦྱིན་སྲིད་པ་མ་ཟད། བོད་གཞིས་བྱེས་གཉིས་ཀྱི་བོད་མི་ཚོས་གཅིག་མཚུངས་ཀྱི་ལས་དབང་མྱང་བཞིན་པའི་ཚོར་བའང་སྦྱིན་སྲིད། མི་རྣམས་ལ་འགུལ་ཤུགས་སྤྲད་ཐུབ་པའི་བསམ་འཆར་དེ་བཀའ་ཤག་གིས་ངོས་ལེན་དང་ལག་བསྟར་བྱེད་མིན་མི་ཤེས་ཀྱང༌། གནད་དོན་དེས་བོད་ནང་གི་གཞོན་སྐྱེས་རྣམས་ལ་ཤུགས་རྐྱེན་ཐེབས་ཏེ་ཁོ་ཚོས་གསང་བའི་སྒོ་ནས་ད་ལོ་དྷ་ས། ལོ་རྗེས་མར་ལྷ་ས་ཞེས་པའི་འབོད་ཚིག་ཅིག་ཁྱབ་བཞིན་པ་རེད།
བོད་རང་སྐྱོང་ལྗོངས་སྲིད་གཞུང་ཟེར་བ་དེས་ཀྱང་བསམ་འཆར་དེར་ཡོང་སྲིད་པའི་གྲུབ་འབྲས་ཤིག་མཐོང་ཡོད་པ་འདྲ། དེར་བརྟེན། ཁོ་ཚོས་བྲེལ་འཚུབ་ཀྱི་ངང་ནས་དེའི་སྔོན་དུ་བོད་ཀྱི་བྲན་གཡོག་ཁྲི་བརྒྱ་ཕྲག་མང་པོ་བཅིངས་འགྲོལ་ཐོབ་པའི་དུས་དྲན་ཞིག་གོ་སྒྲིག་བྱེད་ཚོད་ཡིན། དེའང་རང་སྐྱོང་ལྗོངས་འཐུས་ཚོགས་ཀྱི་འགོ་གཙོ་ལེགས་མཆོག་གིས་དུས་ད་ནས་བཟུང་ང་ཚོའི་རང་སྐྱོང་ལྗོངས་གི་ཁ་བྲལ་ལ་ངོ་རྒོལ་གྱི་ཚད་མཐོ་ཛ་དྲག་གི་དུས་ལ་སླེབས་ཡོད། ང་ཚོས་ངེས་པར་དུ་དྭངས་གསལ་གྱི་རིག་པ་བསྒྲིམ་དགོས་པ་དང༌། ཕར་ཕྱོགས་དགྲའི་འགུལ་ཕྱོགས་ཐད་དོ་ནན་གྱིས་བརྟག་དཔྱད་བྱེད་དགོས༌། དུས་དང་རྣམ་པ་ཀུན་དུ་གཡུལ་འཐབ་ཏུ་ཞུགས་ཆོག་ཆོག་གི་གྲ་སྒྲིག་ཨང་གསར་དགོས་ལ། དོན་དག་སྔོན་དུ་སྒྲུབ་ཅིང་ག་དུས་ཡིན་ཡང་དེ་བས་ཛ་དྲག་གི་གནས་སྟངས་ལ་ཁ་གཏད་གཅོག་དགོས་ཞེས་བསྒྲགས་ཚར་ཙམ་མ་མིན་ནམ། དོན་དངོས་ཐོག་ཁོ་ཚོས་ས་ཐག་ངེས་ཅན་གྱི་ཆོད་པའི་དྷ་རམ་ས་ལའི་གྲོང་བརྡལ་ཆུང་ཆུང་དེའི་བཀའ་ཤག་དང་ཁྲི་ཁ་ཤས་ལས་མེད་པའི་སྐྱབས་བཅོལ་བོད་མིར་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པ་གསལ་པོ་རེད། ཁོ་ཚོས་རྟག་ཏུ་བཀའ་ཤག་ལས་མེད་པའི་སྐྱབས་བཅོལ་བོད་མིར་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པ་གསལ་པོ་རེད། ཁོ་ཚོས་རྟག་ཏུ་བཀའ་ཤག་དང་སྐྱབས་བཅོལ་བོད་མི་ཚོས་བོད་མི་རིགས་ཀྱི་འཐུས་ཚབ་བྱེད་མི་ཐུབ་ཅེས་བརྗོད་བཞིན་པ་ཡིན་ཡང༌། ཕར་ཕྱོགས་ཀྱི་བྱ་སྤྱོད་ཡོངས་རྫོགས་ཁོ་ཚོའི་དགྲ་ཕྱོགས་ཀྱི་གནས་སྟངས་གལ་ཆེན་དུ་བརྩི་བཞིན་ཡོད་པར་བརྟེན། བཀའ་ཤག་གིས་ཀྱང་བློ་བཟང་སེང་གེའི་བསམ་འཆར་ལྟར་དུས་དྲན་ཞིག་གོ་སྒྲིག་ཞུས་ན། དུས་དྲན་རྩ་བ་ནས་མི་འདྲ་བ་གཉིས་ལ་འགྲན་སྡུར་གྱི་རྣམ་པ་གང་འདྲ་ཐོན་མིན་དང༌། དུས་དྲན་གང་འདྲ་ཞིག་ལ་ལོ་རྒྱུས་དང་དོན་དངོས་ཀྱི་དཔྱད་བཟོད་ཡོད་པ་དེར་འཇིག་རྟེན་མི་རྣམས་ཀྱིས་རང་བཞིན་གྱིས་ཐག་གཅོད་ཡོང་ངེས་རེད་སྙམ། དྲན་དགོས་པ་ཞིག་ལ། ཕྱི་ལོ་༡༩༥༩ ལོའི་རྗེས་སུ་ལོ་རེའི་ཟླ་གསུམ་པ་དེ་ནི་ལོ་རྒྱུས་ཐོག་བོད་ཀྱི་དམིགས་བསལ་དུས་ཚིགས་ཤིག་ཡིན་ལ། རྒྱ་གཞུང་ལའང་དགྲ་ཆེན་སླེབས་པའི་ཚོར་སྣང་ཡོང་གི་ཡོད། གནས་ཚུལ་ཞོད་འཇགས་ཡོང་རེ་བཅངས་པའི་སྲིད་གཞུང་ཞིག་ལ་མཚོན་ན། འདི་ལོའི་ཟླ་གསུམ་པ་ནི་ྋགོང་ས་ཏཱ་ལའི་བླ་མ་སྐྱབས་བཅོལ་དུ་ཕེབས་ནས་བགྲང་བྱ་ཧྲིལ་པོ་ལྔ་བཅུ་འཁོར་བའི་དམིགས་བསལ་གྱི་དུས་ཚིགས་ཤིག་ཡིན་ལ། བོད་མིར་ངར་ཤུགས་བསླང་བའི་སྲིད་ཇུས་ཤིག་སྤེལ་དགོས་པ་ནི་སྲིད་ཇུས་ལེགས་ཤོས་ཡིན་ལོས་དགོས། འོན་ཀྱང་བོད་མི་ཁྲི་བརྒྱ་ཕྲག་གི་བྲན་གཡོག་མི་མང་བཅིངས་འགྲོལ་ཐོབ་པའི་དུས་དྲན་དེར་བོད་མི་ཚོ་ཞེན་པ་ལོག་པ་མ་ཟད། བོད་དེ་སླར་ཡང་འཛམ་གླིང་གི་མིག་མདུན་གྱི་སྟེགས་བུའི་ཐོག་བསྐྱལ་ཡོད་པ་རེད། བོད་ལྗོངས་སྲིད་གཞུང་གིས་ལྷིང་འཇགས་མེད་པའི་ཟང་ཟིང་གི་བོད་འདི་ཉིད་སླར་ཡང་འཇིག་རྟེན་གྱིས་དོ་སྣང་བྱེད་ཡུལ་དུ་འཇོག་དགོས་སམ།
ཕྱི་ཡུལ་གྱི་གསར་འགོད་པ་ཞིག་གིས་ང་ལ། དཔོན་རིགས་འདི་ཚོ་འདི་ལྟར་གླེན་ལྐུགས་ཚ་པོ་ནི་མི་འོས་པ་ཞིག་རེད་ཟེར། ངས་དེ་རེད། དེའང་གླེན་ལྐུགས་ཚ་མིན་གྱི་གནས་ཚུལ་ཞིག་མ་རེད། དེ་དམིགས་སུ་བཀར་ནས་དེ་ལྟར་བྱས་པ་རེད། འདི་ལྟར་རྙོག་ཟིང་འདྲ་བཟོས་ན། ཁ་བྲལ་རིང་ལུགས་པར་ངོ་རྒོལ་ཟེར་བའི་ཁ་ལག་ཟ་མཁན་གྱི་དཔོན་པོ་དེ་དག་ལ་སླར་ཡང་ཟ་རྒྱུ་ཞིག་རག་ཚོད་རེད་ཅེས་ལན་སྤྲད་པས། གསར་འགོད་པ་དེས། དེ་ནི་དངོས་གནས་སྐྱུག་བྲོ་བ་ཞིག་རེད་ཟེར།།
༢༠༠༩ ལོའི་ཟླ་༡ ཚེས་༢༢ ཉིན། པེ་ཅིང་ནས།