དང་པོ། བོད་ཀྱི་བཙན་པོ་ཐོག་མ་གཉའ་ཁྲི་བཙན་པོའི་སྐོར་གླེང་བ།
འདོན་ཐེངས་སྔོན་མའི་འཕྲོས།
གནའ་རབས་ཀྱི་བོན་ཡོད་ཚད་སྟོན་པ་གཤེན་རབས་ཀྱིས་གསུངས་པར་ཁས་བླངས་ན་ཐལ་བའི་བཟློག་ཏུ་མེད་པར་འབྱུང་ཞིང༌། གལ་ཏེ་གཡུང་དྲུང་བོན་འདི་ཉིད་ཙམ་སྟོན་པ་གཤེན་རབ་ཀྱིས་གསུངས་སོ་ཞེས་ཟིན་མཚམས་འདྲ་བྱས་ཚེ། གཡུང་དྲུང་བོན་ནི་གཉའ་ཁྲི་བཙན་པོའི་རྗེས་སོར་ནས་དར་བར་ངེས་ཏེ། དེ་ཡང་སྐྱབས་རྗེ་སྨན་རི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་མཆོག་གིས། གཡུང་དྲུང་བོན་ནི་བོད་ཀྱི་རྒྱལ་པོ་བྱུང་ཕྱིན་ཆད་བོད་དུ་བྱུང་བ་ཡིན་པར་བཤད་པས་སོ་ཞེས་གསུངས་ཤིང༌། རིགས་པས་དཔྱད་ནའང་དེ་ལྟར་གྲུབ་ཏེ། གཡུང་དྲུང་བོན་གྱི་སེམས་ངོར་སྟོན་པ་གཤེན་རབ་སྟག་གཟིག་འོལ་མོ་ལུང་རིང་ནས་བྱོན་ཏོ་སྙམ་པའི་བསམ་བློའི་འཆར་གཞི་དེ། ཞང་ཞུང་དང་ཁད་ཉེ་བའི་ཡུལ་ཞིག་ནས་སྟོན་པ་གཤེན་རབ་བྱོན་ཡུལ་སྟག་གཟིག་འོལ་མོ་ལུང་རིང་ཟེར་བ་ཞིག་ཡོད་པར་དྲན་ནས་བསྡད་ཡོད།
འོན་ཀྱང༌། དེ་ནི་གོང་བརྗོད་ལྟར་གནའ་རབས་སྲོལ་རྒྱུན་རིགས་པ་དང༌། དེང་གི་ཚན་རིག་འཕྲུལ་ཆས་གང་གི་ངོ་ལའང་ངེས་ཤེས་འདྲོངས་བ་ཞིག་ངོ་འཕྲོད་མི་ཐུབ་པའི་གནས་ལུགས་ལ་ཇེ་གསལ་དུ་གྱུར་སོང་ཞིང༌། ལེགས་པར་བསམ་ཚེ། སྟག་གཟིག་འོལ་མོ་ལུང་རིང་ཞེས་པ་ནི་སྐབས་དེར། དེང་དུས་སྟོད་ཞང་ཞུང་དང་ཁད་ཉེ་བའི་རྒྱ་གར་དང༌། ཀ་ཤི་མིར། ཨབ་གྷ་ནི་སི་ཐཱན། ཨ་རབ་བཅས་ཀྱི་ས་ཕྱོགས་ཤིག་ལ་ཆེ་བརྗོད་ལྟ་བུ་མིང་བླ་དྭགས་སུ་ཆགས་སོང་བར་འདུག དོན་ལ་བོད་ཀྱི་བཙན་པོའི་རྒྱུད་རིམ་ཞིག་ནས་ཞང་ཞུང་གི་ཕྱོགས་སུ་ནང་ཆོས་དར་ཁྱབ་བྱུང་ཡོད་ངེས་རེད་སྙམ། གང་ལགས་ཤེ་ན། གོང་བརྗོད་ཡུལ་ཁམས་དེ་དག་ལ་ནང་ཆོས་གནའ་རབས་ནང་ཆོས་དར་བའི་ཡུལ་གྲུ་དེ་དག་ལ་ཕྱིས་སུ་རིམ་བཞིན་ཁ་ཆེའི་ཆོས་ལུགས་དར་སོང་བ་ཡང་བཤད།ཆེས་ཆེར་དར་ཁྱབ་ཆེ་བའི་སྐབས་ཤིག་ཡིན་པའི་གནས་ལུགས་ཡོད་ཅིང༌། ལྷག་པར་ཨ་རབ་ནང་སྐབས་དེར་སྟོབས་འབྱོར་དང་ནང་ཆོས་དར་ཁྱབ་ཆེ་སྟབས། ས་ཁད་ཉེ་བའི་སྟོད་ཞང་ཞུང་གི་ཕྱོགས་ལའང་ནང་ཆོས་དར་བའི་ཤུགས་རྐྱེན་སླེབས་ཡོད་ངེས་ཡིན་ཏེ། མཁས་དབང་ནམ་མཁའི་ནོར་བུས། སྟག་གཟིག་གི་སྤུངས་ཡིག་ཏུ་གྲགས་པའི་ཡིག་གཟུགས་འདི་ནི་དེང་དུས་རྒྱ་གར་དུ་¿ཨུདྡྷུ་¿ཞེས་བྱ་བ་ཨ་རབ་དང་པར་སིག་གི་ཡུལ་སོགས་ཁ་ཆེའི་མི་རིགས་དང་ཆོས་ལུགས་པ་རྣམས་ཀྱིས་བེད་སྤྱོད་བྱེད་བཞིན་ཡོད་པའི་ཡིག་གཟུགས་འདི་ལ་ཟེར་བ་ཡིན། ཞེས་ཡིག་གཟུགས་འབྲི་སྟངས་དང་བཅས་པ་བསྟན་འདུག་ན། དོན་ལ་བོན་གྱིས་བརྗོད་པའི་སྟག་གཟིག་གམ་སྟག་གཟིག་འོལ་མོ་ལུང་རིང་ནི་ཨ་རབ་སོགས་ཀྱི་ཡུལ་གྲུ་ཞིག་ཡིན་པའི་ངེས་ཤེས་རྙེད་བྱུང༌། ཨ་རབ་ནས་ཞང་ཞུང་གི་ཕྱོགས་སུ་ནང་ཆོས་དར་བ་དང༌། དེང་དུས་ཁ་ཆེའི་ཡི་གེ་¿ཨུདྡྷུ་¿ཡང་ནང་ཆོས་དང་ཕན་ཚུན་གཅིག་ཕན་གཅིག་གྲོགས་ཀྱི་ཚུལ་ནས་ལྷན་དུ་དར་ཁྱབ་བྱུང་བ་ཞིག་ཡིན་ལུགས་ཞིབ་ཏུ་དཔྱད་ན་རྒྱུ་མཚན་མདུན་ནས་མདུན་དུ་བདར་རོ། །གཉིས། བརྗོད་ཟིན་ལྟར་སྟོན་པ་གཤེན་རབ་འཁྲུངས་དུས་ལ། ༈ ལ་ལས། མི་ལོ་ཆིག་ཁྲི་བརྒྱད་སྟོང་གོང་ན་རྒྱལ་བོན་ཐོད་དཀར་གྱི་སྲས་སུ་འཁྲུངས་པར་འདོད་པ་དང༌། ལ་ལས། ཤཱཀྱ་ཐུབ་པའི་ཡབ་ཀྱི་སྤུན་མཆེད་བྲེའོ་ཟས་ཀྱི་སྲས་སུ་འཁྲུངས་པར་འདོད་ཅིང༌། མཚམས་རེར་གཤེན་རབ་བོན་གྱི་བསྟན་པ་བསྟན་ཏེ་འདས་རྗེས་སླར་ཤཱཀྱ་ཐུབ་པའི་སྐྱེ་བ་བཞེས་ནས་ཕེབས་ཚུལ་བཤད་པ། ༈ འཁྲུང་ཡུལ་སྟག་གཟིག་འོལ་མོ་ལུང་རིང་ཡང༌། མཚམས་རེར་དག་པ་རབ་འབྱམས་འབའ་ཞིག་གི་གནས་ཤིག་ཡིན་པར་བཤད་པ་དང༌། མཚམས་རེར་བདུད་ཕྲུག་ཤོར་བ་རྐྱ་བདུན་འོལ་མོ་ལུང་རིང་དུ་རྟ་རྐུ་རུ་སོང་བར་བཤད་པ། ༈ མཚམས་རེར་འོལ་ལུང་དད་མོས་ཡིད་ཀྱི་ཡུལ་དུ་གྱུར་པའི་དག་ཞིང་ཞིག་ཡིན་པར་བཤད་པ་དང༌། མཚམས་རེར་འོལ་ལུང་སྟག་གཟིག་གི་ཡུལ་ན་ཡོད་པར་བཤད་ཅིང༌། སྟག་གཟིག་ནི་འཇིག་རྟེན་ན་ཡོད་པར་བཤད་པ། ༈ མཚམས་རེར་རྫུ་འཕྲུལ་མེད་པས་འགྲོ་མི་ཐུབ་པ་དང་སྨོན་ལམ་འདེབས་ཡུལ་ཙམ་དུ་ཡིན་པར་བཤད་པ་དང༌། མཚམས་རེར་འོལ་ལུང་གངས་ཏི་སེའི་ཕྱོགས་སུ་ཡིན་པར་བཤད་ཅིང་རྐུན་པོའང་སོང་རབས་བཤད། ༈ མཚམས་རེར་ཆུ་བོ་བཞི་ཡང་སྟག་གཟིག་ནས་འབབ་ཅིང༌། དེ་ནས་རྒྱ་གར་དུ་འབབ་པ་དེའོ་ཞེས་པའི་ལུང་ལ་བརྟེན་ནས་རྒྱ་གར་དང་ས་འབྲེལ་དུ་ཡོད་པ་གསལ་སྟོན་བྱས་ཡོད་ཚུལ་བཤད་པ་དང༌། མཚམས་རེར་གྲོང་དང་གྲོང་ཁྱེར་སོགས་གཅིག་མཚུངས་ཀྱི་ངོས་འཛིན་བྱེད་ཐབས་མེད་པར་གང་ཟག་རེ་རེའི་དད་པའི་སྣང་ངོར་གང་འཆར་བའི་ཞིང་ཁམས་དེ་ཙམ་ལ་ངོས་བཟུང་དགོས་པར་བཤད་པ། ༈ མཚམས་རེར་འོལ་ལུང་གངས་ཏི་སེའི་སྐོར་དང་པ་ཤ་སོགས་ཡིན་པར་བཤད་ཅིང༌། དེས་ན། སྐྱེ་སྒོ་གཅོད་པའི་མདོ་ལས། འོལ་མོ་ལུང་རིང་གནས་སུ་སྐྱེ་བར་ཤོག ལུས་ངན་འཁོར་བའི་ལུས་སུ་མི་སྐྱེ་ཞིང༌། ཞེས་གསུངས་པའི་ལུང་གི་སྙིང་དོན་ཟད་ཀྱང༌། ཞིང་འདི་ཉིད་འཁོར་ཞིང་ཐུན་མོང་བ་ལས་ངེས་པར་ཁྱད་དུ་འཕགས་པ་ཞིག་ཡིན་དགོས་པར་བཤད་པ་དང༌། མཚམས་རེར་ཡུལ་དེར་རྒྱལ་བློན་འབངས་བཅས་བསམ་པ་མཐའ་ཡས་པས་ཁེངས་ཤིང༌། སྐད་ཀྱང་གཡུང་དྲུང་ལྷའི་སྐད་དང༌། འབབ་ཆུ་བརྒྱད་རྒྱུད་ཆུ་མོ་ན་ར་ཛ་རའི་རྒྱུད་ཀྱི་སྐད། པཀྵུ་བྱང་རྒྱུད་ཀྱི་སྐད། སཾ་སྐྲྀ་ཏ་ལྷའི་སྐད། སིན་དྷུ་རྒྱུད་ཀྱི་སྐད། གངྒཱའི་རྒྱུད་ཀྱི་སྐད། སི་ཏའི་རྒྱུད་ཀྱི་སྐད། སེང་ག་བྱང་ནུབ་རྒྱུད་ཀྱི་སྐད། བྱང་ཤར་གསེར་ལྡན་རྒྱུད་ཀྱི་སྐད་བཅས་རྒྱ་གར་གྱི་སྐད་རིགས་མི་འདྲ་བ་མང་པོ་དེ་དག་རྒྱག་གི་ཡོད་པ་བཅས་བཤད་པ་མང་དུ་སྣང༌། རབ་རིབ་ཀྱི་བརྗོད་པ་དེ་དག་ནི་བློ་ཤེད་མ་རྫོགས་པའི་བྱིས་པ་ཆང་གིས་བཟི་བའི་བཤད་ཡམས་སམ། འུག་པ་རྫུན་དྲུག་དང་རིག་བྱེད་ཀྱི་གཏམ་རྒྱུད་ལྟར་གྱུར་འདུག རྒྱུ་མཚན་དེས་སྟག་གཟིག་འོལ་མོ་ལུང་རིང་ནི་གང་ཟག་སོ་སོའི་སྲོལ་རྒྱུན་དད་པའི་འཆར་སྣང་དང༌། མི་རབས་གོང་མ་ནས་བརྒྱུད་པའི་རྨོངས་ཞེན་སློབ་གསོའི་བག་ཆགས་མཐུག་དྲགས་པའི་རྐྱེན་གྱིས་སེམས་ཁྲ་ཁྲུག་ངང༌། སྟོན་པ་གཤེན་རབ་བྱོན་ཡུལ་སྟག་གཟིག་འོལ་མོ་ལུང་རིང་གི་སྐོར་ཁྲིགས་ཁྲིགས་བཤད་མི་ཐུབ་པའི་གནས་སུ་གྱུར་པས། འོལ་ལུང་གི་སྐོར་དཔྱད་ཞིབ་བྱེད་མཁན་ཡང་ཧ་ཅང་གིས་དཀོན་སོང་ལ། རེ་གཉིས་ཡུན་རིང་གོམས་ཞེན་ཆེ་བའི་བག་ཆགས་མདུན་མཆོངས་ཀྱིས་ཉུང་ཉུང་རེ་བཤད་ཡོད།
འཕྲོས་འདོན་ཐེངས་རྗེས་མར་གཟིགས།
ས་རཱ་མཐོ་སློབ། ངག་དབང་བྱམས་པས།