གསལ་བསྒྲགས།
༄༅། །ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༩ རེས་གཟའ་ཟླ་བའི་ཉིན་འདི་ག་དཔལ་ལྡན་འབྲས་སྤུངས་བླ་སྤྱི་ཕྱག་ལས་ཁང་དུ་གདན་ས་འབྲས་སྤུངས་དང༌། དགའ་ལྡན་གཉིས་ཀྱི་ྋསྐྱབས་རྗེ་མཁན་པོ་རྣམ་པ། ཁྲིམས་དབང་དགེ་བསྐོས་རྣམ་པ། ཚོགས་ཆེན་དབུ་མཛད་ལགས། གདན་ས་འབྲས་དགའ་གཉིས་ཀྱི་བླ་སྤྱི་ཕྱག་མཛོད་ལྷན་འཛོམས་སྟེང་གྲོས་བསྡུར་བྱུང་སྙིང༌། སྔ་ལོའི་ཕྱི་ཟླ་ ༣ ཚེས་༡༠ ནས་བོད་གངས་ཅན་ལྗོངས་སུ་འགྲོ་བ་མིའི་ཐོབ་ཐང་དང༌། དམངས་གཙོ། རང་དབང༌། མི་རིགས་འདྲ་མཉམ། དྲང་བདེན་ཆེད་རང་སྲོག་འབེན་ལ་བཙུགས་ཏེ། ཞུམ་པ་མེད་པའི་སྙིང་སྟོབས་ཀྱིས་ཞི་བའི་སྒེར་ལངས་སྐབས་རྒྱ་མི་དམར་པོས་ཡ་ང་སྙིང་རྗེ་སྤུ་ཙམ་མེད་པར་དྲག་གནོན་གདུག་རྩུབ་མནར་གཅོད་འོག་རང་སྲོག་ཤོར་བའི་རྒྱལ་གཅེས་ཕོ་མོ་ཡོངས་དང༌།
རྨས་མ། ཉེས་མེད་བཙོན་དུ་ཚུད་པ་རྣམས་ཀྱི་ལྷག་བསམ་ལ་ཡི་རང་རྗེས་དྲན་དང༌། སྐྱིད་སྡུག་མཉམ་མྱོང་གིས་གདུང་སེམས་མཉམ་བསྐྱེད་དུ་བོད་རྒྱལ་ལོ་ ༢༡༣༦ རབ་གནས་ས་གླང་ལོའི་གནམ་ལོ་གསར་བཞད་ཀྱི་རྟེན་འབྱུང་ལ་ཆོས་མཐུན་གྱི་རྟེན་འབྲེལ་ཙམ་ལས་དགའ་སྟོན་གཏན་ནས་ཞུ་རྒྱུ་མིན་པ་དང༌། ྋརྒྱལ་བ་གཉིས་པ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་མཛད་ཆེན་བཞིའི་ཡ་གྱལ་ཆོ་འཕྲུལ་སྨོན་ལམ་ཆེན་མོ་གདན་ས་དཔལ་ལྡན་འབྲས་སྤུངས་དང༌། རི་བོ་དགེ་ལྡན་གཉིས་སུ་རེས་སྐོར་གྱིས་ལོ་ལྟར་ཆགས་མེད་འཚོག་མུས་བཞིན་བོད་རྒྱལ་ལོ་ ༢༡༣༦ རབ་གནས་ས་གླང་ལོའི་ཆོ་འཕྲུལ་སྨོན་ལམ་ཆེན་མོ་གདན་ས་དཔལ་ལྡན་འབྲས་དཀར་སྤུངས་པའི་གླིང་དུ་བོད་ཟླ་ ༡ ཚེས་ ༧ ནས་ཚེས་ ༡༨ བར་ཉིན་གྲངས་ ༡༡ རིང་འཚོག་གཏན་འཁེལ་རིང་རྒྱལ་གཅེས་དཔའ་བོ་དཔའ་མོ་ཕོ་མོ་འདས་གསོན་ཉེ་འབྲེལ་ལྟོས་བཅས་ཀྱི་ཐུགས་འདུན་ཆོས་བཞིན་འགྲུབ་པའི་ཐུགས་སྨོན་སྐྱབས་འཇུག་གནད་སྨིན་འབད་འབུངས་ཞུ་རྒྱུ་ལགས་ཤིང༌། ལྷག་ཏུ་གངས་ཅན་མགོན་པོ་མཆོག་གི་སྐུ་ཚེ་མི་བཤིགས་ཁམས་སུ་བརྟན་ཞིང༌། ཐུགས་བཞེད་རླབས་ཆེན་ལྷུན་གྱིས་འགྲུབ་པ་དང༌། བོད་གཞིས་བྱེས་གཉིས་ལྷན་འཛོམས་ཀྱི་ཉི་མ་མགྱོགས་ནས་མྱུར་དུ་འཆར་བའི་སྨོན་འདུན་གདུང་ཤུགས་དྲག་པོ་ཞུ་རྒྱུ་བཅས་རྒྱ་གར་ལྷོ་ཕྱོགས་བཅའ་བཞུགས་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་དང༌། རི་བོ་དགེ་ལྡན་གཉིས་ཀྱི་སྨོན་ལམ་ཚོགས་ཆུང་ནས་ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༡༡ ཉིན།
༄༅། །བོད་རྒྱལ་ལོ་ ༢༡༣༦ རབ་གནས་ས་གླང་ལོའི་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་མཛད་ཆེན་བཞིའི་ཡ་གྱལ་ཆོ་འཕྲུལ་སྨོན་ལམ་ཆེན་མོ་འདི་ལོར་གདན་ས་ཆེན་པོ་དཔལ་ལྡན་འབྲས་དཀར་སྤུངས་པའི་གླིང་དུ་བོད་ཟླ་ ༡ ཚེས་༧ ནས་ཚེས་ ༡༨ བར་ཚོགས་གཏན་ཁེལ་བའི་མཛད་རིམ་གཤམ་གསལ།
མཛད་རིམ་ཁག
ཚེས། ༧ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༤ པའི་ཐོག་སྨོན་ལམ་གྲལ་འཛིན་གནང་རྒྱུ།
ཚེས། ༡༠ ཉིན་གཞུང་བསྟེན་བསྟན་སྲུང་དཔལ་ལྷ་གཟབ་གསོལ་ཞུ་རྒྱུ།
ཚེས། ༡༢ ཉིན་གྱི་སྔ་དྲོར་གཏོར་འབུལ་རྟ་ཆེན།
ཚེས། ༡༦ ཉིན་ཕྱི་དྲོར་བཅོ་ལྔ་མཆོད་པའི་དགྱེས་སྟོན་གཟིགས་གཤོམས་ཀྱི་མཛད་སྒོ།
ཚེས། ༡༧ ཉིན་སྨོན་ལམ་གཏོར་རྒྱག
ཚེས། ༡༨ ཉིན་གྱི་སྔ་དྲོར་རྣམ་འདྲེན་ལྔ་པའི་བསྟན་པ་འཆར་བའི་རྟེན་འབྲེལ་གྱི་བསྒྲིག་ཕྱིར་བྱམས་པ་གདན་ཞུ།
ཆོ་འཕྲུལ་སྨོན་ལམ་ཆེན་མོའི་སྐབས་ཉིན་ཞག་ཕྲུགས་གཅིག་གི་ནང་ཚོགས་ཐུན་སོ་སོར་དགེ་སྦྱོར་གནང་སྒོའི་དུས་ཚིགས་ཀྱི་རེའུ་མིག
སྔ་དྲོ་ཆུ་ ༦ ནས་ ༧ བར་ཞོགས་ཚོགས་མང་ཇ།
སྔ་དྲོ་ཆུ་ཙོད་ ༧ ནས་༨།༤༥ བར་ཚད་མ་རྣམ་འགྲེལ་དམ་བཅའ།
སྔ་དྲོ་ཆུ་ཚོད་ ༨།༤༥ ནས་ ༡༠ བར་ྋསྐྱབས་རྗེ་ཤར་པ་ཆོས་རྗེ་ྋརྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་ནས་སྐྱེས་རབས་སོ་བཞི་པའི་གསུང་ཆོས་བཀའ་དྲིན་བསྩལ་རྒྱུ།
སྔ་དྲོ་ཆུ་ཚོད་ ༡༠ ནས་༡༢ བར་གུང་ཚིགས་མང་ཇ།
ཉིན་གུང་ཆུ་ཚོད་ ༡༢ ནས་༡།༣༠ བར་དབུ་ཕར་དམ་བཅའ།
ཉིན་གུང་ཆུ་ཚོད་ ༡།༣༠ ནས་སྨོན་ལམ་འཚོག་རྒྱུ།
ཕྱི་དྲོ་ཆུ་ཚོད་ ༥།༣༠ ཐོག་དགོང་ཇ་འཚོག་རྒྱུ།
ཕྱི་དྲོ་ཆུ་ཚོད་ ༧ ནས་ ༩ བར་མཛོད་འདུལ་དམ་བཅའ།
བཅས་གདན་ས་ཆེན་པོ་འབྲས་དགའ་སྨོན་ལམ་ཚོགས་ཆུང་ནས་ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༡༡ ལ།