བོད་པའི་མཐོ་སློབ་དང་མ་འོངས་པའི་རེ་བ།

ཕྱི་ཚེས་༡༧ ཉིན་བྷེང་ལོར་དུ་ྋགོང་ས་མཆོག་ཆིབས་བསྒྱུར་གྱིས་ཏཱ་ལའི་བླ་མའི་མཐོ་རིམ་སློབ་གཉེར་ཁང་དབུ་འབྱེད་གནང་ཡོད་པ་དང༌། མཐོ་རིམ་སློབ་གཉེར་ཁང་འདི་ནི་བོད་ཁྱིམ་གྱིས་གཙོ་འགན་བཞེས་ཏེ་ཨ་སྒོར་ས་ཡ་བཅུ་ཙམ་གྱི་ལས་འཆར་འོག་གསར་སྐྲུན་གནང་བ་ཞིག་ཡིན་ཞིང༌། མཐོ་སློབ་འདིའི་ནང་དུ་སློབ་མ་སུམ་སྟོང་ཙམ་བསྡུ་རྒྱུ་ཡིན་ཚུལ་འདུག བཙན་བྱོལ་བོད་པ་རང་ངོས་ནས་མཐོ་སློབ་ཆེན་པོ་འདི་ལྟ་བུ་ཞིག་གསར་སྐྲུན་བྱས་པ་ཐོག་མ་ཡིན་པ་དང༌། མཐོ་སློབ་འདི་ལ་མ་འོངས་པའི་བཙན་བྱོལ་ནང་གི་གཞོན་སྐྱེས་ཚོས་རེ་བ་ཆེན་པོ་བཅོལ་དགོས་པ་དང༌། དེ་བཞིན་གཞུང་སྒེར་གཉིས་ངོས་ནས་མཐོ་སློབ་འདི་ཉིད་བཙན་བྱོལ་ནང་གི་གཞོན་སྐྱེས་ཤེས་འཇོན་གཉིས་ལྡན་གྱི་མི་རབས་གསར་པ་ཞིག་སྐྱེད་སྲིང་བྱ་རྒྱུའི་གོ་སྐབས་བཟང་པོར་ངོས་འཛིན་གྱིས་གཅེས་སྐྱོང་དང་མཐུན་རྐྱེན་བསྐྲུན་དགོས། མཐོ་སློབ་འདི་ཉིད་ཚད་དང་ལྡན་པ་ཞིག་ཡོང་དང་མི་ཡོང་གཙོ་བོ་དགེ་རྒན་དང་དེའི་མཐུན་རྐྱེན། སློབ་ཚན། འཛིན་སྐྱོང་བཅས་ལ་ཐུག་ཡོད།

གཙོ་བོ་སྤྱི་སྲོལ་དང་མཐུན་ཞིང་ཁ་ཚ་དགོས་གཏུག་གིས་བོད་མི་རིགས་ལ་ཕན་པའི་སློབ་ཚན་ཡག་པོ་ཞིག་འདེམས་སྒྲུག་བྱེད་ཐུབ་ན་མ་འོངས་པར་མཐོ་སློབ་འདི་ལ་བརྟེན་ནས་མི་རབས་གསར་པ་རྣམས་ལ་རེ་བ་རྒྱག་ཆོག་པ་ཞིག་ཏུ་འགྱུར་ངེས་ཤིང༌། མཐོ་སློབ་འདིའི་ནང་ངེས་པར་དུ་དགོས་པ་ཡིག་བསྒྱུར་སྦྱོང་བརྡར་གྱི་སྡེ་ཚན་ཚད་ལྡན་ཞིག་བསྐྲུན་དགོས་པ་དང༌། འདི་ལ་བརྟེན་ནས་ཤེས་ཡོན་དང༌། ལོ་རྒྱུས། ཚན་རིག འཕྲུལ་ཆས། དཔལ་འབྱོར། དམག་དོན། ས་ཁམས་སོགས་ཕྱོགས་གང་གི་ཐད་ནས་ཡིན་ཡང་དབྱིན་ཡིག་སོགས་སྐད་ཡིག་གཞན་ནས་བོད་ཡིག་ཏུ་སྒྱུར་དགོས་ནའང་འདྲ། བོད་ཡིག་ནས་དབྱིན་ཡིག་སོགས་སྐད་ཡིག་གཞན་དུ་སྒྱུར་དགོས་ཀྱང་ཚད་ལྡན་སྦྱོང་བརྡར་ཡོད་པའི་གཞོན་སྐྱེས་གང་མང་ཞིག་གསོ་སྐྱོང་བྱེད་དགོས་པ་དང༌། འདི་ལ་བརྟེན་ནས་འཕྲུལ་ལས་སོགས་སྤྱི་ཚོགས་ཀྱི་འཚོ་བའི་དགོས་མཁོ་དང་མཐུན་པའི་ལས་རིགས་ཁག་བོད་ཡིག་གི་ཐོག་ནས་སྦྱོང་ཐུབ་པ་ཞིག་ཡོང་ན། བཙན་བྱོལ་ནང་འཚར་ལོངས་བྱུང་བའི་གཞོན་སྐྱེས་ཚོའི་ནང་ནས་རིགས་གཅིག་མཁས་པ་གང་མང་སྐྱེད་སྲིང་ཡོང་བར་ཕན་ཐོགས་ཡོད། བོད་པ་རྣམས་བཙན་བྱོལ་དུ་གྱར་ནས་མི་ལོ་ལྔ་བཅུ་འཁོར་ཟིན་པ་དང་ཕྱིའི་རིག་གནས་ལ་སྦྱང་བརྩོན་བྱེད་རྒྱུའི་གོ་སྐབས་བྱུང་ནས་ཀྱང་དེ་ཙམ་སོང་ཡོད་སྟབས། ད་དུང་ཡིག་བསྒྱུར་སྦྱོང་བརྡར་ལྟ་བུ་རྨང་གཞིའི་ཐོག་ལ་ཤུགས་རྒྱག་རྒྱུ་དེ་གལ་ཆེ་ཤོས་ཡིན་ཚུལ་བརྗོད་ན་འོས་འཚམས་ཤིག་ཡིན་མིན་ཇི་ལྟར་ཡང༌། ཁ་ཚ་དགོས་གཏུག་གི་དཀའ་ངལ་ཞིག་ཡིན་པ་མིག་སྔའི་གནས་ཚུལ་ལས་ཤེས་ཐུབ་པས་མ་བརྗོད་ཀ་མེད་དུ་གྱུར་འདུག
    བོད་ཀྱི་ནང་ཆོས་སློབ་གཉེར་བྱེད་སའི་ལྟེ་གནས་བཙན་བྱོལ་ཁྲོད་དུ་ཧ་ཅང་མང་བས་མཐོ་སློབ་གསར་པ་འདི་ནས་ཤུགས་སྣོན་རྒྱག་དགོས་པ་ཞིག་དེ་ཙམ་མིན་ཡང༌། བོད་རིགས་གཞོན་སྐྱེས་ཕྱིའི་སྐད་ཡིག་དང༌། ཕྱིའི་རིག་གནས་ལ་མཁས་པ། བོད་རང་གི་སྐད་ཡིག་དང་རིག་གནས་ལ་མཁས་པ་མང་པོ་ཞིག་སྐྱེད་སྲིང་དང་འབྲེལ་བོད་ཀྱི་སྐད་ཡིག་གི་ནང་དུ་ཚན་རིག་ལག་རྩལ་སོགས་རིག་གནས་གསར་པ་མང་པོ་སྦྱོང་རྒྱུ་ཡོད་པ་ཞིག་དང༌། དེ་དང་བསྟུན་ནས་གཞུང་སྒེར་གང་ཐད་ནས་དེའི་ཁོར་ཡུག་ཀྱང་མང་དུ་གཏོང་ཐུབ་ན། ན་གཞོན་རྣམས་ལ་ལས་ཀའི་ཁོར་ཡུག་མང་དུ་འགྲོ་བ་དང༌། བོད་པའི་སྤྱི་ཚོགས་ཀྱི་གནས་སྟངས་ཡང་རིམ་པར་ཡར་རྒྱས་སུ་འགྲོ་བར་ཕན་ཐོགས་ཆེན་པོ་ཡོད། ད་ལྟའི་ཆར་རིགས་གཅིག་རྐང་འཛིན་གྱི་སློབ་སྦྱོང་བྱེད་མཁན་དག་གིས་སློབ་ཚན་དེ་ཁ་ཚ་དགོས་གཏུག་གིས་སྤྱི་ཚོགས་དང་སྒེར་ལ་ཕན་ཐོགས་པ་ཞིག་འདེམས་ཐུབ་ཀྱི་མེད་ལ། རིགས་གཅིག་རྐང་འཛིན་ཟེར་བའི་ཐ་སྙད་འདི་ཡང་མང་ཆེ་ཤོས་ཀྱིས་རྩོམ་ཡིག་འབྲི་རྒྱུ་ལྟ་བུ་ཤོག་བུའི་ལས་ཀ་རྐྱང་པ་ལས་དགོངས་པ་རྒྱ་ཆེ་ས་ནས་བཞེས་མེད་པ་ལྟ་བུ་ཡོད། ཆུང་ས་ཞིག་ནས་བཤད་ན་གློག་ཀླད་གཅིག་པུའི་ཐོག་ནས་ཀྱང་མཁྲེགས་ཆས་དང༌། མཉེན་ཆས་ཀྱི་སྐོར་སོ་སོར་རིགས་གཅིག་རྐང་འཛིན་པ་ལྟ་བུ་གློག་ཀླད་ཀྱི་ཁྱབ་ཁོངས་གཅིག་པུའི་ཐོག་ནས་ཀྱང་རིགས་གཅིག་རྐང་འཛིན་པ་འདྲ་མིན་མང་པོ་སྐྱེད་སྲིང་བྱེད་རྒྱུ་ཡོད་པ་འདི་དག་ལ་ཤུགས་སྣོན་རྒྱག་དགོས་པ་སོགས་ལས་རིགས་མང་པོ་ཞིག་ང་ཚོའི་མིག་མདུན་དུ་སྟོང་ཆར་གྱུར་ཡོད། མཐའ་དོན་གོང་དུ་བརྗོད་པ་བཞིན་མཐོ་སློབ་འདི་ཚད་དང་ལྡན་པ་ཞིག་ཡོང་ཐུབ་མིན་གཙོ་བོ་དགེ་རྒན་ལ་རག་ལས་ཡོད་པས་ཕྱིའི་རྒྱལ་ཁབ་ཁག་ཏུ་མཁས་དབང་དང༌། སློབ་དཔོན་ཆེན་མོའི་མཚན་གནས་བཞེས་མཁན་བོད་རིགས་གང་མང་ཞིག་ཡོད་པ་ཚོ་ཡང་མཐོ་སློབ་འདིར་གདན་འདྲེན་ཞུ་དགོས་པ་དང༌། ཁོང་རྣམ་པའི་ངོས་ནས་ཀྱང་མི་རིགས་ཤིག་གི་མ་འོངས་པ་དང་འབྲེལ་བ་ཡོད་པས་ངེས་ཕེབས་དགོས་པ་ཞིག་ཏུ་གྱུར་ཡོད་སྙམ།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།