ངའི་མི་རིགས་དང་སྐད་ཡིག་གི་ལས་དབང༌།

མོན་པ་བསྟན་འཛིན་རིག་འཛིན། འབྲས་སྒོ་མང༌།

ངས་རང་གི་མི་རིགས་ཀྱི་ལ་རྒྱ་བསམ་ནས་ཁ་ཁུ་སིམ་པའི་ངའི་མི་རིགས་ཀྱི་ལས་དབང་ལ་བསམ་ཤེས་པ་ནས་ད་བར་བསམ་གཞིག་མང་པོ་བྱེད་མྱོང༌། དེའི་ཆེད་དུས་ཚོད་བཏང་བའང་ཉུང་ཉུང་མིན། ངའི་མི་རིགས་ནི་གདོད་མ་ནས་ལས་ལ་བརྩོན་ཞིང༌། ལས་འབྲས་ལ་ཡིད་ཆེས་བརྟན་པོ་བྱེད། སྲོག་ཆགས་འབུ་སྲིན་ཚུན་ལ་བྱམས་སྙིང་རྗེ་ལྷན་སྐྱེས་སུ་གྲུབ། སློབ་དཔོན་ཐོན་མིས་དཀའ་བ་ཁྱད་བསད་ཀྱིས་སྲོལ་བཏོད་པའི་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་གསལ་བར་སྟོན་ནུས་པའི་ཡི་གེ་དེ་སྐད་ཡིན་ལ། ངའི་མི་རིགས་ཀྱི་སྲོག་རྩའང་ཡིན། རྒན་པ་དང་ཡོན་ཏན་ཅན་ལ་གོང་བཀུར་དང༌། གཞོན་པ་དང་དམན་པར་བྱམས་ཀྱིས་སྐྱོང་བའི་མི་ཆོས་ཀྱི་ཡ་རབས་སྲོལ་བཟང་ལྡན། ངའི་མི་རིགས་ཀྱི་ཡབ་མེས་རྣམས་འཕགས་མཆོག་སྤྱན་རས་གཟིགས་ཀྱི་གདུལ་ཞིང་ལས་མཆེད་ཅིང༌། མ་ཧ་ཙི་ནའི་ཁམས་ཀྱི་གོང་མ་རིམ་བྱོན་གོ་ཐོས་མེད་ལ། འཕགས་ཡུལ་གྱི་མ་ཧ་ར་ཛ་རྣམས་ཀྱང་བརྒྱུད་མེད།

ཕ་མེས་ཡང་མེས་ནས་ངའི་མི་རིགས་ཀྱི་དབུ་ཁྲིད་དང༌། བླ་མ་ྋགོང་ས་མཆོག་ཡིན་ལ། ས་དགེ་བཀའ་སྙིང་བོན་དང་བཅས་པ་ངའི་མི་རིགས་ཀྱི་གདོད་མའི་ཆོས་བརྒྱུད་ཡིན། མི་དབང་ྋརྒྱལ་དབང་ལྔ་པ་ཆེན་པོ་མཆོག་གིས་བཀའ་འབྲེལ་ལྟར་མཉམ་མེད་མེ་རག་བླ་མ་བློ་གྲོས་རྒྱ་མཚོ་མཆོག་གིས་རྟ་དབང་དགོན་ཆེན་ཕྱག་བཏབ་ནས། ངའི་མི་རིགས་ཀྱི་ལྷ་སྡེ་མི་སྡེ་ཡོངས་ལ་དབང་བསྒྱུར། བོད་དང་རྒྱ་དཀར་ནག་བཅས་ཀྱི་ཆབ་སྲིད་རྙོག་ཟིང་ཆེ་ནའང༌། ངའི་མི་རིགས་རྒྱ་དཀར་ནག་གཉིས་ཀྱི་དབར་ན་བྱེ་མ་ཆུ་སིམ་གྱི་དཔེ་ལྟར་རིམ་གྱི་ཡལ་ཉེན་ཆེ་བས། ངའི་མི་རིགས་ཀྱི་འབྱུང་ཁུངས་ལ་དྲང་ཐད་ནས་བསམ་བློ་ངང་གིས་གཏོང་དགོས་བྱུང༌། བོད་ཀྱི་ལོ་རྒྱུས་ཡིག་ཆ་དང༌། ངའི་མི་རིགས་ཀྱི་ཡབ་མེས་ཀྱི་ངག་རྒྱུན་མཐོང་ཐོས་ལྟར་ན། ངའི་ཕ་ས་ཡོངས་རྫོགས་མཚོ་སྣ་རྫོང་༼འདི་ད་ལྟའི་ཆར་རྒྱ་ཁོངས་སུ་ཡོད་ཅིང༌། རྒྱ་དཀར་ནག་གཉིས་ཀྱིས་མ་དངུལ་དུང་ཕྱུར་མང་པོ་འགྲོ་གྲོན་བཏང་སྟེ། ས་སྲུང་འབུམ་ཕྲག་མང་པོ་འགྲེམས་འཇོག་གིས་མཐའ་མཚམས་སྲུང་རེས་བྱེད་ཡུལ་ལྟེ་བའི་གྲས་ཡིན།༽ ཁོངས་སུ་གཏོགས་ཤིང༌། སྐད་དང་ཡི་གེ་མི་རིགས་གང་གི་ཆ་ནས་བོད་དང་ཐ་དད་པ་གཏན་ནས་མིན། བོད་སྡེ་པ་གཞུང་གིས་སྐུ་དྲག་ཚོས་ཁྲལ་འུལ་ལག་ཆད་ལྷག་མེད་པར་བསྡུ་ལེན་ཙམ་ལས། ཉམ་ཆུང་བའི་ངའི་མི་རིགས་ཀྱི་བདེ་སྡུག་ལ་འཕྲལ་ཕུགས་གང་ལའང་བསམ་ཤེས་ཏིལ་འབྲུ་ཙམ་ཡང་བྱས་མེད་པའི་ཉེར་ལེན་ལས། ངའི་མི་རིགས་ད་ཆར་ཧ་ཅང་གྲངས་ཉུང་དང༌། བསྲེས་ལྷད། ཁ་འཐོར་ཅན་དུ་གྱུར་ཏེ། ངའི་མི་རིགས་ཀྱི་ཕྱེད་འབྲུག་དང༌། ཕྱེད་རྒྱ་གར། ཕྱེད་རྒྱ་དམར་གྱི་བཙན་འོག་ཏུ་ཡོད། ན་གཞོན་ཚོས་ཆོས་རིག་དང་གོམས་སྲོལ་གཏན་ནས་མི་མཐུན་པའི་བལ་པོ་དང༌། རྒྱ་གར་བ་སོགས་ལ་གཉེན་སྡེབས་ཀྱིས་ཕས་འཇིག་རྟེན་བཀོད་པོ་དང༌། མས་ནང་ཆོས། མས་འཇིག་རྟེན་བཀོད་པོ་དང༌། ཕས་ནང་ཆོས་བྱེད་པ། བུ་ཕྲུག་རྣམས་ཀྱིས་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཆོས་གཉིས་བསྲེས་ནས་རྨོངས་དད་བྱེད་པའང་ཡོད། རང་སྐད་ཀྱི་བརྡ་དག་དང་ཐ་སྙད་ལ་མི་མཐུན་པའི་སྐད་ཡ་མ་ཟུང་བཀོལ་ཏེ། རྒན་ཁོག་དང་ན་གཞོན་ཕན་ཚུན་བར་སྐད་བསྒྱུར་དགོས་པའི་ཚད་དུ་སླེབས་ཤིང༌། སྟོད་དུ་རང་ལྭ་དང་སྨད་དུ་གཞན་ལྭ་གྱོན་པ་སོགས་ར་མ་ལུག་གི་ཚུལ་ལ་བལྟས་ན་ངའི་མི་རིགས་འདི་རང་གི་ཕ་མས་བྱམས་སྐྱོང་དང༌། བདག་གཅེས་ཀྱིས་མ་འདང་བའི་ཕྲུ་གུའི་མདུན་ལམ་མེད་པ་དང་གཉིས་སུ་མ་མཆིས་སོ།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།