ནང་ཆོས་དང་འབྲེལ་བའི་དྲི་བ་འགའ།
མཚན་ཉིད་གྲྭ་ཚང་གི་དཔེ་ཁྲིད་དགེ་རྒན་དཀོན་མཆོག་དབང་འདུས་ལགས་སུ་འདི་ག་གསར་ཁང་གིས་བཅར་འདྲི་ཞུས།
འདོན་ཐེངས་སྔ་མའི་འཕྲོས།
གནས་ཚུལ་གཅིག་དེ་མིའི་ཁོག་པར་གཞན་ཞིག་ཞུགས་རྒྱུ་ཡོད་པ་དེ་རེད། དཔེར་ན། ལ་དྭགས་ལ་དམག་མི་ཞིག་ས་ཆ་ཞིག་ལ་གྲོངས་པ་རེད། དེའི་ཨ་མ་དེས་ཧིན་དྷིའི་སྐད་ཚིག་གཅིག་ཀྱང་ཤེས་ཀྱི་ཡོད་མ་རེད། སློབ་གྲྭར་རྩ་བ་ནས་འགྲོ་མ་མྱོང་བ་ཞིག་རེད། དམག་དཔོན་ཞིག་དེའི་སར་སོང་བའི་སྐབས་སུ་མོས་ཧིན་དྷིའི་སྐད་བརྒྱབ་པ་མ་ཟད། དམག་མིའི་གུས་ཕྱག་བྱེད་སྟངས་ཚང་མ་ཤེས་པ་མ་ཟད། དམག་མིའི་སྡེ་ཚན་སོ་སོའི་མིང་ལ་སོགས་པ་ཚང་མ་ཤེས་ཀྱི་ཡོད་རེད། རླངས་འཁོར་བརྡབ་སྐྱོན་བྱུང་ནས་ཤི་བའི་དམག་མི་རྣམས་ཀྱི་གོ་ས་དང་བཅས་པ་ཁོ་འདིར་འདུག་ཅེས་གནས་ཚུལ་ཆ་ཚང་བཤད་པ་རེད། དེ་ཚོ་སྐྱེ་དངོས་ཚན་རིག་གི་ཐོག་ནས་བཤད་ན་འགྲེལ་བཤད་རྒྱག་ཐུབ་རྒྱུ་ཡོད་མ་རེད། གང་ཡིན་ཟེར་ན། ཀླད་པའི་ནང་དུ་ཧིན་དྷིའི་སྐད་ཤེས་པའི་རྫས་བསགས་ཡོད་མ་རེད། དེ་མེད་དུས་ཧིན་དྷིའི་སྐད་རྒྱག་ཐུབ་ཀྱི་མ་རེད།
དེར་བརྟེན་ལུས་ལས་ལོགས་སུ་གྱུར་པའི་སེམས་ཞེས་པ་ཞིག་ཡོད་པ་ལ་བརྟེན་ནས་སྐྱེ་བ་སྔ་ཕྱི་སྒྲུབ་ཀྱི་ཡོད་པ་རེད། དེ་ལྟར་མི་དྲན་མཁན་དེ་ཚོ་ལ་མེད་པ་སྒྲུབ་ཐུབ་རྒྱུ་ཁག་པོ་རེད། ཡོད་པའི་དཔེ་དེ་ལྟར་འཇོག་གི་ཡོད་རེད། སྐྱེ་བ་སྔ་ཕྱི་མེད་པ་ཡིན་ན་ཆོས་དགོས་པ་ཡོད་མ་རེད། དེ་དག་རྣམ་འགྲེལ་ལེའུ་གཉིས་པའི་ནང་གསལ་པོ་གསུངས་ཡོད་པ་རེད། དེང་སང་ཚན་རིག་པ་རྣམས་ཀྱི་མཉམ་དུའང་བགྲོ་གླེང་ཡང་མང་པོ་བྱེད་བཞིན་པ་རེད། གཅིག་བྱས་ན་གསལ་པོ་ཆགས་མདོག་ཁ་པོ་རེད།
དྲི་བ། མི་དགེ་བ་བཅུ་ཟེར་བ་ག་རེ་ཡིན་པ་རེ་རེ་ནས་འགྲེལ་བཤད་གནང་རོགས།
ལན། མི་དགེ་བ་བཅུ་ནི། ལུས་ཀྱི་མི་དགེ་བ་སྲོག་གཅོད་པ། མ་བྱིན་པར་ལེན་པ། ལོག་གཡེམ་གསུམ་དང༌། ངག་གི་མི་དགེ་བ་རྫུན། ཕྲ་མ། ཚིག་རྩུབ། ངག་འཁྱལ་བཅས་བཞི་དང༌། ཡིད་ཀྱི་མི་དགེ་བ་བརྣབ་སེམས། གནོད་སེམས། ལོག་ལྟ་བཅས་གསུམ་སྟེ་བཅུ་པོ་ལ་མི་དགེ་བ་བཅུ་ཟེར་ཞིང༌། ལུས་ཀྱི་མི་དགེ་བ་ལ་གསུམ་ལས། སྲོག་གཅོད་པ་ནི། གཞན་གསོད་འདོད་ཀྱི་བསམ་པས་སྲོག་ལྡན་ཞིག་ལ་མཚོན་བསྣུན་ནས་ཕ་རོལ་པོའི་སྲོག་དབང་འགགས་པ་དང་སྲོག་གཅོད་པའི་མི་དགེ་བ་དང༌། མ་བྱིན་པར་ལེན་པ་ནི། དངོས་སུ་འཕྲོག་བཅོམ་བྱས་ནའང་འདྲ། དེ་མིན་རང་ཉིད་ལ་ཐོབ་ཐང་མེད་བཞིན་དུ་གཞན་གྱི་ནོར་ལྟ་བུ་ལེན་པ་ཡིན་ན་མ་བྱིན་པར་ལེན་པ་ཡིན་པ་རེད། དེ་ཡང་དཔེར་ན། གཞུང་གི་ལས་བྱེད་ལྟ་བུར་མཚོན་ན་དྷ་ས་ནས་དྷི་ལི་ལྟ་བུར་གཞུང་གི་ལས་དོན་དུ་འགྲོ་དུས་ལམ་གྲོན་ཟས་སོང་ལ་གཞུང་གི་སྒྲིག་གཞིར་སྒོར་ལྔ་བརྒྱ་ཡོད་ན། དེ་ལས་མང་བ་བླངས་ན་དེ་ཡང་མ་བྱིན་པ་ལེན་པ་དང་མདོར་ན་རྐུ་མ་བརྐུས་པ་རེད། དེས་ན་མ་བྱིན་པར་ལེན་པའམ་རྐུ་བ་ལ་དངོས་སུ་འཕྲོག་བཅོམ་ལྟ་བུ་བྱེད་དགོས་ཀྱི་ཡོད་མ་རེད། ལོག་གཡེམ་ནི། རང་ཉིད་ཀྱི་བཟའ་ཟླ་མིན་བཞིན་དུ་གཞན་གྱི་བུད་མེད་དམ་སྐྱེས་པ་དང་ལུས་འབྲེལ་བྱས་ན་ལོག་གཡེམ་ཡིན་པ་རེད། དེ་གསུམ་ལ་ལུས་ཀྱི་མི་དགེ་བ་ཟེར་བ་རེད། ངག་གི་མི་དགེ་བ་བཞིའི་ནང་གི་རྫུན་ནི། གཞན་གྱི་དོན་ཞིག་འདྲི་བའི་ཚེ་དགོས་པ་གལ་ཆེན་པོ་ལྟ་བུ་མེད་པར་ཚིག་བདེན་པ་མིན་པར་མི་བདེན་པར་སྨྲས་པ་ལ་ཟེར་བ་ཡིན་ལ། ཕྲ་མ་ནི་མི་གཉིས་མི་མཐུན་པར་བཟོ་དགོས་བསམ་ནས་གཅིག་གིས་ལབ་པའི་སྐད་ཆ་དེ་གཞན་དག་ལ་སྨྲས་ནས་དཀྲུག་ཤིང་བརྒྱབ་པའི་ཚིག་ལ་ཟེར་བ་ཡིན། ཚིག་རྩུབ་ནི་ཁོང་ཁྲོ་ལྟ་བུའི་ཀུན་ནས་བསླངས་ནས་གཞན་ལ་ཚིག་ངན་པ་རྐུན་མ་དང་ཇག་པ་ལྟ་བུ་སྨྲ་བ་ལ་ཟེར་བ་རེད། ངག་འཁྱལ་ནི་ཉོན་མོངས་ཅན་གྱི་སེམས་ཀྱིས་ཀུན་ནས་བསླངས་ཏེ་དམག་རྒྱག་པའི་སྐོར་གྱི་སྒྲུང་ཤོད་རེས་བྱེད་པ་དང༌། བུ་དང་བུ་མོའི་སྐོར་ལྟ་བུ་འདོད་ཆགས་ཀྱི་སྐད་ཆ་བཤད་པ་དེ་ཚོ་ལ་ཟེར་བ་རེད། ཡིད་ཀྱི་མི་དགེ་བ་གསུམ་ལས། བརྣབ་སེམས་ནི། གཞན་གྱི་ནོར་མཐོང་བའི་ཚེ་དེ་ང་ལ་བྱུང་ན་བསམ་པ་དང༌། གནོད་སེམས་ནི། གཞན་ལ་གནོད་པ་སྐྱེལ་དགོས་བསམ་པ་ལྟ་བུ་དང༌། ལོག་ལྟ་ནི་ལས་རྒྱུ་འབྲས་དང་སྐྱེ་བ་སྔ་ཕྱི་ཡོད་མ་རེད་བསམ་པ་ལྟ་བུ་ལ་ཟེར་བ་རེད།
དྲི་བ། མི་དགེ་བ་བཅུ་སྤངས་དགོས་པའི་གནད་འགག་གང་ལ་ཐུག་པ་རེད།
ལན། མི་དགེ་བ་ཟེར་དགོས་པ་ཁོ་རང་བྱ་བ་ཡག་པོ་མ་ཡིན་པ་གཞན་ལ་གནོད་པ་ཞིག་ལ་མི་དགེ་བ་ཟེར་བ་རེད། དེ་སྤངས་དགོས་པའི་རྒྱུ་མཚན་ནི། རང་གཞན་ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ལ་ཐུག་པ་རེད་ལབ་ན་འགྲིག་པ་འདྲ་པོ་རེད། སྲོག་གཅོད་པ་དང་རྫུན་ལྟ་བུ་རང་གཞན་ལ་གནོད་པ་ཤེས་བདེ་པོ་རེད། རྒྱལ་ཁབ་མང་ཆེ་བས་མི་བསད་ན་ཁྲིམས་ལ་སྦྱར་གྱི་ཡོད་རེད། རྐུས་བྱས་ན་བཙོན་ཁང་ལ་བཅུག་གི་ཡོད་རེད། འོ་ན་ལོག་གཡེམ་དང་ལོག་ལྟ་འདྲ་པོ་གཞན་ལ་གནོད་པ་གང་འདྲ་ཞིག་རེད་ཅེས་ལབ་ན། དཔེར་ན། དེང་སང་ལྷན་སྐྱེས་སྲིན་འབུ་འཁྲུགས་པའི་ནད་ལ་མཚོན་ན་འབྱུང་རྐྱེན་ལྟེ་བ་དེ་ལོག་གཡེམ་ནས་ཡོང་གི་ཡོད་རེད། བྱས་ཙང་ནད་དེ་སྔོན་འགོག་ལྟ་བུར་ ཎ ཏ ཏྲ བཤད་ཀྱི་ཡོད་རེད། རྒྱ་གར་ལྟ་བུར་མཚོན་ན་ནད་དེ་ཡོད་མཁན་དངོས་སུ་ཧ་གོ་བ་རྐྱང་རྐྱང་མི་འབུམ་ལྔ་བཅུ་ང་ལྔ་ཡོད་པ་དང༌། ཐའེ་ལན་ཌི་ལ་ལོ་གཅིག་ལ་མི་འབུམ་གཉིས་ཙམ་ནད་དེའི་རྐྱེན་གྱིས་གྲོངས་ཀྱི་ཡོད་རེད། ང་རང་ཚོ་རྒྱ་གར་ལ་བཙན་བྱོལ་ལ་ཡོད་པའི་བོད་མིའི་གྲངས་ཚད་ཅིག་གྲོངས་ཀྱི་ཡོད་རེད། དེ་ཧ་ཅང་མང་པོ་རེད། དེ་ལས་གཞན་པ་ཨ་ཧཕི་རི་ཁའི་ལུང་པ་ལ་གྲངས་ཀྱིས་མི་ལོང་བ་འདྲ་པོ་རེད་ཅེས་བཤད་ཀྱི་འདུག་གཱ འཛམ་བུ་གླིང་སྤྱི་ལ་མཚོན་ན། སྤྱི་ལོ་༢༠༠༥ ལོར་ནད་དེས་མི་ས་ཡ་བཞི་ཙམ་གྲོངས་པ་དང༌། ད་བར་ནད་དེ་ཕོག་མཁན་མི་ས་ཡ་བཞི་བཅུ་ཙམ་ཆགས་བསྡད་ཡོད་རེད། བྱས་ཙང་གཞན་ལ་གནོད་པ་དེ་གསལ་པོ་རེད་འདུག་གཱ དེ་བཞིན་དུ་ལོག་ལྟ་ལ་མཚོན་ན་དེང་སང་འཛམ་བུ་གླིང་སྤྱི་དང༌། ལྷག་པར་རྒྱ་གར་ལ་ཉེན་ཁ་དང་འཇིགས་པ་ཆེ་ཤོས་དཀའ་ངལ་ཆེ་ཤོས་དེ་འཇིགས་སྐུལ་རིང་ལུགས་དེ་ཆགས་བསྡད་ཡོད་རེད། དེ་ཡོང་བའི་རྩ་བ་དེ་ལོག་ལྟ་ཆགས་ཡོད་རེད། བྱས་ཙང་འདི་ལྟར་ཞིབ་འཇུག་བྱས་པ་ཡིན་ན། བཅོམ་ལྡན་འདས་ཀྱིས་མི་དགེ་བ་བཅུ་ཞེས་ཁྲིམས་བཟོས་གནང་བ་དེ་ཧ་ཅང་གི་ཕུགས་རྒྱང་རིང་པོ་དང་དགོངས་པ་རྒྱ་ཆེན་པོ་བཞེས་ནས་མཛད་པ་ཞིག་ཡིན་པ་གསལ་པོ་རེད།
དྲི་བ། མི་དགེ་བ་བཅུ་མ་སྤངས་པའི་སྐྱོན་ག་རེ་རེད།
ལན། མི་དགེ་བ་བཅུ་མ་སྤངས་པའི་རྐྱེན་གྱིས་གོང་དུ་ཞུས་པ་བཞིན་འཛམ་བུའི་གླིང་སྤྱི་ཡི་བདེ་འཇགས་ལ་གནོད་པ་དང༌། མི་མང་པོ་ལ་སེམས་ནད་ཕོག་པ་དང༌། ཉེས་མེད་ཀྱི་ཕྲུ་གུ་དམར་འབྱར་མང་པོ་འདས་གྲོངས་སུ་ཕྱིན་པ་རེད་ལ། དཔེ་མཚོན་ཙམ་ཞུས་ན། མ་བྱིན་པར་ལེན་པ་མ་སྤངས་པས་སྤྱི་ཚོགས་དང་རྒྱལ་ཁབ་གང་འདྲ་ཞིག་ཡིན་ན་ཡང་ཡར་རྒྱས་འགྲོ་ཡི་ཡོད་མ་རེད། ང་ལ་ཞུ་འདོད་ཅིག་བྱུང༌། དཔེར་ན། གདན་ས་ཁག་སྤྱི་ཚོགས་གཞན་ལ་ལྟོས་ན་ཕྱིའི་དཔལ་འབྱོར་ཡར་རྒྱས་ཞེ་དྲག་ཅིག་འགྲོ་ཡི་ཡོད་རེད། དེ་ཡི་རྒྱུ་མཚན་གཙོ་བོ་མ་བྱིན་ལེན་སྤངས་པ་ལ་ཐུག་པ་གསལ་པོ་རེད། ང་ཚོའི་སྤྱི་ཚོགས་ཀྱི་ནང་ལ་གདན་ས་ཁག་གིས་རྒྱས་སྤྲོས་བྱེད་ཀྱི་འདུག་ཅེས་ལབ་མཁན་མ་གཏོགས། དེའི་ནང་ལ་དགེ་འདུན་པ་ཚོས་ལས་ཀ་གང་འདྲ་ལས་ཀྱི་འདུག སྒྲིག་འཛུགས་གང་འདྲ་ཞིག་འདུག་དངོས་འབྲེལ་ཞིབ་འཇུག་བྱེད་མཁན་དཀོན་པོ་རེད། དྲང་པོ་དྲང་བཞག་དང་སྤྱི་པའི་འགན་འཁུར་སྟངས། གཞུང་དང་རང་ཉིད་གང་དུ་འདུག་སའི་སྤྱི་ཚོགས་ལ་ལྷག་བསམ་འཁུར་སྟངས་སྦྱོང་བརྡར་བྱེད་ས་ཡག་ཤོས་དེ་གདན་ས་ཁག་ཆགས་བསྡད་ཡོད་རེད། ང་རང་ཚོའི་བོད་གཞུང་གི་ལས་བྱེད་པ་རྣམས་ཀྱང་གདན་ས་ལ་ཕེབས་ནས་གཟིགས་ན་ཉམས་མྱོང་དང་སློབ་སྦྱོང་མང་པོ་ཐོབ་རྒྱུ་ཡོད་རེད། དེ་ཞོར་ལ་འཕྲོས་སོང་བ་རེད། དོན་དག་མི་དགེ་བ་བཅུ་སྤངས་ན་རང་ཉིད་དང༌། སྤྱི་ཚོགས། རང་ཉིད་ཀྱི་རྒྱལ་ཁབ། མདོར་ན་འཛམ་བུ་གླིང༌། དེ་ལས་ཀྱང་རྒྱ་ཆེ་ས་ནས་བཤད་ན་སེམས་ཅན་ཐམས་ཅད་ལ་འཕྲལ་ཕུགས་རྒྱང་གསུམ་གྱི་བདེ་སྐྱིད་ཕུན་སུམ་ཚོགས་པ་ཡོང་རྒྱུ་རེད་ལ། མི་དགེ་བ་བཅུ་མ་སྤངས་ན་དེའི་ལྡོག་ཕྱོགས་སྡུག་བསྔལ་ཡོང་རྒྱུ་ཡིན་པ་གསལ་པོ་ཞེ་དྲག་རེད།
དྲི་བ། མི་དགེ་བ་བཅུའི་ནང་ནས་ཉེས་པ་ཆེ་ཤོས་གང་དང་གང་རེད།
ལན། སྲོག་གཅོད་པ་དང་ལོག་ལྟ་གཉིས་ཉེས་པ་ཆེ་ཤོས་སུ་ཆགས་ཡོད་རེད་དྲན་གྱི་འདུག
དྲི་བ། མི་དགེ་བ་བཅུ་པོ་དེ་སྤྱི་ཚོགས་ནང་གྲྭ་བཙུན་མ་གཏོགས་མི་སྐྱ་ཚོས་ལག་ལེན་བསྟར་ཆོག་ཆོག་ལྟ་བུ་མཐོང་གི་འདུག་པས་དེ་འགྲིག་གི་ཡོད་དམ།
ལན། དེ་ག་ནས་འགྲིག ཆོས་ཕྱོགས་ཀྱི་སྐད་ཆ་མིན་པར་རྒྱལ་ཁབ་ཀྱི་ཁྲིམས་ཀྱི་ཆ་ནས་བཤད་པ་ཡིན་ནའང་མི་གསོད་པ་དང་ལོག་གཡེམ་དེ་དག་འགྲིག་གི་ཡོད་མ་རེད། གང་ལྟར་རང་ཉིད་དང་རང་ཉིད་ཀྱི་མི་རྒྱུད་བུ་ཕྲུག་དང་བཅས་པ་བདེ་ཞིང་སྐྱིད་པ་ཞིག་དགོས་ཀྱི་ཡོད་ན། མི་དགེ་བ་བཅུ་ལག་ལེན་མ་བྱས་པར་དཀར་པོ་དགེ་བ་བཅུ་ལ་ལག་ལེན་བྱེད་དགོས་པ་ཞིག་རེད། ལུས་ངག་གི་མི་དགེ་བ་བཅུ་པོ་ལག་ལེན་བསྟར་མཁན་དེ་ཁྲིམས་ལ་ཡང་སྦྱར་གྱི་ཡོད་རེད་ལ། སྤྱི་ཚོགས་ཀྱི་ནང་ལ་ཡང་ལོག་གཡེམ་བྱེད་མཁན་དེ་འཆལ་པོ་དང༌། རྐུ་མ་བརྐུ་བ་དང་རྫུན་བཤད་མཁན་དེ་ཡིད་བརྟན་མེད་མཁན་ཆ་བཞག་ས་མེད་མཁན་དུ་བརྩི་ཡི་ཡོད་རེད།
འཕྲོས་འདོན་ཐེངས་རྗེས་མར་གཟིགས།