དང་པོ། བོད་ཀྱི་བཙན་པོ་ཐོག་མ་གཉའ་ཁྲི་བཙན་པོའི་སྐོར་གླེང་བ།
འདོན་ཐེངས་སྔ་མའི་འཕྲོས།
འོན་ཀྱང༌། དེ་དག་ནི་གནད་ལ་མ་ཁེལ་བའི་ཚིག་ལོ་སྤྲོས་ཤིང་བརྗོད་པ་ཁ་ཡན་དུ་ཤོར་བའི་གཏམ་ཚོགས་འབའ་ཞིག་ཏུ་གྱུར་སོང་འདུག གསུམ། ཁ་ཅིག་གིས་བོན་ལ་ལྟ་ཚུལ་ཐད། ལ་ལས། གཤེན་རབ་མི་བོ་ནི་བཙན་པོའི་དུས་སྐབས་གཞུག་གི་བོན་ཆོས་གསར་གཏོད་བྱེད་མཁན་གྱི་སྟོན་པ་ཞིག་ཡིན་པར་བསམ་ཞིང་བརྗོད་སྲིད་ཀྱང༌། དེ་ལ་མཁར་རྨེའུ་ཡིས། གཤེན་རབ་ཅེས་པའི་མིང་དེ་ཉིད་ཆོ་ག་གཏོང་མཁན་གྱི་བོན་པོ་ཞིག་ཡིན་པ་ཏུན་ཧོང་གཏེར་ཡིག་ན་ཐེངས་དྲུག་ལ་གླེང་ཡོད་པ་¿་་་གནམ་གྱི་བོན་མོ་སྡིག་ང་སྡྀང་ལོམ་དང༌། ས་འི་བོན་མོ་འབྱོ་ར་འབྱོར་འཇོང་གཉིས་ཀྱིས། །ཤེལ་གྱི་མོ་རྡེའུ་བཞི་བཅུ་རྩ་གཉིས་ལ། །གཏོ་དང་མོ་བགྱིས་ན། བདུད་དང་ལྟས་ངན་བབ། གཤེན་བཞི་སྤྱན་དྲང་འཚལ། གླུད་བཞི་གཏང་བར་བཟང༌། བདུད་བོན་དྲེང་ནག་ཆུ་ལྕགས་དང༌། ཐར་བོན་དྲུ་སྐྱོལ་དང༌། གླུད་བོན་ངག་སྙན་དང༌། གཤེན་རབ་མྱི་བོ་བཞི། ཡབ་བླ་བདལ་དྲུག་གིས། གཤེན་བཞི་སྤྱན་དྲངས་སོ། །
ཞེས་པ་ལྟ་བུ་གཏེར་ཡིག་ལས་འབྱུང་བའི་¿གཤེན་རབ་མྱི་བོ¿འམ་¿ཕ་གཤེན་རབ་ཀྱི་མྱི་བོ་¿ཞེས་པ་གཉའ་ཁྲི་བཙན་པོའི་ཡར་སྔོན་གྱི་ཤི་འདུར་སོགས་ཆོ་ག་གཏོང་མཁན་གྱི་བོན་པོ་ཞིག་ཡིན་པ་ལས་བོན་གསར་གཏོད་བྱེད་མཁན་གཡུང་དྲུང་བོན་གྱི་སྟོན་པ་གཤེན་རབ་ཡིན་པ་མི་གསལ་ལ། མིང་ཕྱི་མ་འདི་སྤྱི་རྩིས་ཀྱི་དུས་རབས་བཅུ་པའི་རྗེས་ནས་བོན་པོ་ཚོས་གཏེར་ཡིག་ལས་མང་དུ་སྣང་བའི་¿ཕ་གཤེན་རབ་¿ཅེས་པའི་མིང་འདི་གདམས་ཏེ་གཡུང་དྲུང་བོན་གསར་གཏོད་མཁན་གྱི་སྟོན་པ་ཞིག་རྟོག་བཟོ་བྱས་པ་ཡིན་པར་ཚོད་དཔག་བྱས་ནས་གཡུང་དྲུང་བོན་འདི་དུས་རབས་བཅུ་པའི་རྗེས་ནས་བྱུང་བའི་ལྟ་བ་དེ་རྒྱུན་བཟུང་ཡོད། ཅེས་བཤད་པར་ཚུལ་གསལ་ལ། ཧཕ་རན་སིའི་བོད་རིག་ཞིབ་འཇུག་པ་སི་ཊེན་གྱིས་ཀྱང༌། ཀླུ་འབུམ་ལས་འབྱུང་བའི་གཤེན་རབ་གྱི་གཏམ་རྒྱུད་སྐོར་དེ་བཞིན་གཅིག་མཚུངས་སུ་བཤད་པར་དྲངས། འགྱན་སངས་རྒྱས་དོན་གྲུབ་ཀྱིས། ༡ བོད་ཀྱི་དཔྱད་གཞི་ཡིག་ཆ་སྔ་ཤོས་སུ་བརྩི་བའི་ཏུན་ཧོང་གཏེར་ཡིག་དང་བཙན་པོའི་དུས་སྐབས་ཀྱི་རྡོ་རིང་དང་དྲིལ་བུའི་ཁ་བྱང༌། སྦ་བཞེད་སོགས་ན་¿ཕ་གཤེན་རབ་ཀྱི་མྱི་བོ་¿ཞེས་པ་ཆོ་ག་གཏོང་མཁན་གྱི་དུར་བོན་ཞིག་ཡོད་པ་ལས་གཡུང་དྲུང་བོན་གྱི་སྟོན་པ་གཤེན་རབ་ཅེས་པའི་མིང་འདི་མཐོང་རྒྱུ་མེད་པ་དང༌། ༢ ཉི་ཟླ་རྒྱུ་སྐར་ལ་དད་མོས་བྱེད་ཚུལ་དང་སྲོག་ཆགས་བསད་ནས་མནའ་བོར་ཚུལ། བཙན་པོ་གནམ་ནས་བབ་རྗེས་ཕྱིར་གནམ་དུ་གཤེགས་ཚུལ་སོགས་སྲིད་པའི་བོན་ལ་གཏོགས་པའི་དད་མོས་ཀྱི་སྣང་ཚུལ་མང་པོ་དང༌། བོན་གྱི་ཁ་འཛིན་དུ་བཤད་པའི་བློན་པོ་ངན་ལམ་སྟག་ར་ཀླུ་གོང་ལ་དཀུ་རྒྱལ་གཙིགས་གནང་བའི་མདོ་སོགས་ཡོད་ཀྱང་གཡུང་དྲུང་གི་བོན་ཞེས་པའི་མིང་འདི་མཐོང་རྒྱུ་མེད་པ། ༣ སྟོན་པ་གཤེན་རབ་མི་རིགས་གང་ལ་གཏོགས་པ་དང་ཡུལ་དུས་གང་དུ་འཁྲུངས་པ་ད་དུང་ཐག་ཆོད་མེད་པས་ཁོང་ཉིད་དངོས་སུ་བྱོན་མྱོང་བའི་ལོ་རྒྱུས་མི་སྣ་ཞིག་ཡིན་མིན་ལ་དོགས་གཞི་ཡོད་པ། ༤ སྟོན་པ་གཉིས་ཀྱིས་དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་ནས་བར་དུ་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་པ། ཐ་མར་མངོན་པར་རྫོགས་པར་སངས་རྒྱས་པའི་བར་ལ་ཁྱད་པར་ཅི་ཡང་མེད་པར་བཤད་པ། ༥ བོན་ལུགས་ལ་སྟོན་པ་གཤེན་རབ་སྤྱི་རྩིས་སྔོན་ལ་བྱོན་ནས་དམར་མཆོད་དང་སེམས་ཅན་གླུད་དུ་གཏོང་བ་སོགས་འཚེ་བ་ཆོས་སུ་སྨྲ་བའི་ལུགས་ཡང་དག་པར་བཅོས་ནས་སྲོག་བཅད་སྡིག་གསོག་ཏུ་མཐོང་བའི་ལས་དགེ་སྡུག་དང་བྱམས་སྙིང་རྗེའི་སྲོལ་བཏོད་པར་བཤད་པ་དང༌། ཏུན་ཧོང་གཏེར་ཡིག་ལས་བྱུང་བའི་བོད་བཙན་པོའི་སྐབས་ཀྱི་ལོ་རྒྱུས་¿དཀོན་མཆོག་གསུམ་དང༌། འཕགས་པའྀ་རྣམས་དང་གཉྀ་ཟླ་དང་གཟ་སྐྲ་ལ་ཡང་དཔང་དུ་གསོལ་ཏེ། ཐ་ཚྀག་གྀ་རྣམ་པས་ཀྱང་བཤད། །སྲོག་ཆགས་བསད་དེ་མནའ་ཡང་བོར་ནས། །གཙྀགས་བཅས་སོ་¿ཞེས་པའི་བོན་ལུགས་སུ་བཤད་པའི་དམར་མཆོད་ཀྱི་ཆོ་ག་སྐབས་དེར་བོད་ན་ད་དུང་དར་ཡོད་ལུགས་གཉིས་འགལ་ཡོད་པ། ༦ ལྷག་པར་དུ་གཡུང་དྲུང་བོན་གྱི་ལྟ་སྒོམ་སྤྱོད་འབྲས་རྣམས་ཐུབ་བསྟན་དང་འདྲ་ཞིང་གཉི་ཀས་ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་པའི་ཆ་ནས་ནང་པ་སངས་རྒྱས་པ་ཡིན་པར་འདོད་པ་འདྲ་བ་བཅས་ལ་བརྟག་ན། གཡུང་དྲུང་གི་བོན་འདི་སྟོན་པ་གཤེན་རབ་ཀྱིས་བསྟན་པར་བཤད་པ་ཐེ་ཚོམ་གྱི་གནས་སོ་ཞེས་དང༌། ཅིས་ཀྱང་སྟོན་པ་གཤེན་རབ་ཀྱིས་བསྟན་པར་འདོད་ན་དེ་དང་ཐུབ་བསྟན་གཉིས་ལྟ་བ་དང་སྤྱོད་པ། སྐྱབས་འགྲོ། འབྲས་བུ་ཕྱོགས་གང་ཐད་ནས་ཐ་དད་ཡིན་དགོས་ཏེ། གནས་དང་དུས་མི་འདྲ་བ། རིགས་དང་རུས་མི་འདྲ་བ། རིག་གནས་རྒྱབ་ལྗོངས་མི་འདྲ་བར་བྱོན་པའི་སྟོན་པ་ཐ་དད་པ་གཉིས་ཀྱིས་མིང་གི་གདགས་སྲོལ་གྱི་ཁྱད་པར་ཙམ་ལས་དོན་གྱི་ཁྱད་པར་དམིགས་སུ་འབྱེད་རྒྱུ་མེད་པའི་ཆོས་ལུགས་གཅིག་པ་ཞིག་གཞི་ནས་སྟོན་སྲོལ་མེད་པའི་ཕྱིར། དེ་ལྟར་ཁས་བླངས་ན་བན་ཚོས་བཤད་པའི་¿བསྟན་པ་གཅིག་ལ་སྟོན་པ་གཉིས་མི་སྲིད་¿པའི་དཔེ་དང༌། བོན་ཚོས་¿བསྟན་པ་གཅིག་ལ་སྟོན་པ་གཅིག གླིང་བཞི་གཅིག་ལ་ཉི་ཟླ་གཅིག་¿ཏུ་ཁས་ལེན་པའི་རང་གི་གཏན་ཚིགས་དང་ཡང་འགལ་ཞེས་དང༌། ཡང༌། སྟོན་པ་གཤེན་རབ་ཅེས་པ་སྲིད་པའི་བོན་གྱི་ཁོངས་གཏོགས་རྡོལ་བོན་དང་འཁྱར་བོན་སྟོན་མཁན་ཞིག་ལས་གཡུང་དྲུང་གི་བོན་འདི་སྟོན་མཁན་མ་ཡིན་ལ། གཡུང་དྲུང་གི་བོན་འདི་བཙན་པོའི་དུས་སྐབས་མཇུག་འགྲིལ་རྗེས་ཡ་ཐོག་སྲིད་པའི་བོན་ནམ་རྡོལ་བོན་སོགས་ཀྱི་རྨང་གཞིའི་སྟེང་ཐུབ་བསྟན་ཀྱི་གཞུང་ལུགས་ལ་འགྱུར་བྱས་ནས་བྱུང་བ་ཞིག་ཡིན་པར་ངེས་པ་ཅུང་ཟད་རྙེད་ཐུབ། དེའི་སྟབས་ཀྱིས་གཡུང་དྲུང་གི་བོན་འདི་བོད་བརྒྱུད་ཐུབ་བསྟན་གྱི་གྲུབ་མཐའི་ནང་གསེས་ཤིག་གམ་དེང་རབས་རིག་གནས་རིག་པའི་སྐད་ཆ་ལྟར་བཤད་ན་བོད་བརྒྱུད་ཐུབ་བསྟན་རིག་གནས་དཔེ་ལུགས་ཀྱི་ཁོངས་སུ་བསྡུས་ཆོག་པར་སྣང་ཞེས་བཤད་འདུག མཁས་དབང་ནམ་མཁའི་ནོར་བུས་ཀྱང༌། དེང་དུས་ཀྱི་བོན་པོར་ཁས་འཆེས་པ་དག་གིས་བོན་དུ་ཁས་ལེན་པའི་གཞུང་དེ་དག་ཏུ་སངས་རྒྱས་པའི་ཆོས་སུ་གང་ཡོད་པ་དེ་ཀུན་བོན་དུའང་ཡོར་བྱས་འདུག་པ་དཔེར་ན། ཤེར་ཕྱིན་ལ་ཡུམ་རྒྱས་འབྲིང་བསྡུས་གསུམ་དང༌། འདུལ་བ་སོགས་སྡེ་སྣོད་གསུམ་དང༌། མངོན་རྟགས་རྒྱན་གྱི་བསྟན་བཅོས་སོགས་མདོར་ན་ཆོས་དང་བོན་གྱི་མིང་ཙམ་མི་འདྲ་བ་ཙམ་ལས། དོན་གྱི་ཆ་ནས་གཅིག་པ་མང་ཞིང༌། ཞེས་གསུངས།
འཕྲོས་འདོན་ཐེངས་རྗེས་མར་གཟིགས།
ས་རཱ་མཐོ་སློབ། ངག་དབང་བྱམས་པས།