ལས་འགུལ་སྤེལ་ཕྱོགས་ཐད་གཟབ་དགོས།

ཚེ་བརྟན་བཀྲ་ཤིས།  ས་རཱ།

འཛམ་གླིང་ཞི་བདེར་གནས་དགོས་ན། ཞི་བདེའི་འབྱུང་ཁུངས་ལ་རྟོགས་ཞིབ་ནན་མོ་བྱ་རྒྱུ་ནི་བསམ་དོན་མངོན་འགྱུར་ཐུབ་ཐབས་ཀྱི་ཆ་རྐྱེན་གཙོ་བོ་དེ་རེད་ལ། བདེ་སྡུག་ཚོར་བས་ཟིན་པའི་མི་ཞིག་ཡིན་ཕྱིན་འཛམ་གླིང་ཞི་བདེ་ཡོང་བར་བློ་རྒྱ་བསྐྱེད་ཐུབ་མིན་ཇི་ལྟར་ཡང༌། རང་བདེ་འདོད་པ་སྨྲོས་མེད་རེད། དེས་ན་བདེ་བ་འདོད་བཞིན་དུ་སྡུག་བསྔལ་འབད་པས་སྒྲུབ་ཀྱིན་པ་ནི། མིག་ཡོད་བཞིན་གཡང་སར་མཆོང་བ་དང་ཅིས་མི་མཚུངས། ལྷག་དོན་ང་ཚོ་ནི་བྱམས་སྙིང་རྗེའི་རིག་གཞུང་ཁྲོད་ནས་ཚར་ལོངས་བྱུང་བའི་མི་རིགས་ཤིག་ཡིན་པའི་ཆ་ནས་དང༌། ྋགོང་ས་མཆོག་གི་དགོངས་གཞི་སྟེ་མ་འོངས་བོད་དེ་འཚེ་མེད་ཞི་བའི་བསྟི་གནས་ཤིག་ཏུ་བསྒྱུར་རྒྱུ་བཅས་ལས་གཞན་ལ་འཚེ་བ་ནི་མི་སྲིད་པ་ཞིག་དང་མི་འོས་པ་ཞིག་ཀྱང་རེད། ད་ལྟའི་ཆར་ང་ཚོའི་འཐབ་རྩོད་ནི་གཞན་དབང་སྟབས་བསྟུན་ཁོ་ན་ལས་རང་འདོད་བཞིན་རྩོད་དབང་མེད་པས་གནས་ཚུལ་མང་པོར་མཁྱེན་རྟོགས་ཐུབ་པའི་སྒོ་ནས་ལས་འགུལ་རྩོམ་དགོས་གལ་ཆེ།

དེ་ཙམ་དུ་མ་ཟད་ང་ཚོའི་འགལ་ཟླའི་འཐབ་རྩོད་ནི་རྒྱ་བོད་མི་རིགས་བར་གྱི་འཐབ་རྩོད་ཅིག་མིན་རྐྱེན། ལས་འགུལ་སྤེལ་སྟངས་ཐད་ནས་རྒྱ་རིགས་མི་མང་ལ་ཕོག་ཐུག་འགྲོ་གཞིའི་རིགས་ལ་གཟབ་དགོས་པར་སྙམ། གང་ལགས་ཤེ་ན། རྒྱ་རིགས་མི་མང་ནི་བོད་ཀྱི་གནད་དོན་ཐག་གཅོད་ཡོང་བར་ཆེས་དོན་ཕན་གྱི་ནུས་པ་འདོན་ཐུབ་མཁན་ཞིག་ཡིན་པས། ནམ་ཡང་རང་ཕྱོགས་སུ་བློ་འགུག་ཐབས་བྱ་དགོས་པ་ལས། ང་ཚོའི་ཁ་གཏད་དུ་མི་འགྱུར་བའི་ཐབས་ཤེས་འཐེན་དགོས། བོད་ཀྱི་གཞོན་ལྷན་གྱི་གོ་སྒྲིག་འོག་སྔ་རྗེས་སུ་གཟེངས་སུ་ཐོན་པའི་ལས་འགུལ་རབ་དང་རིམ་པ་སྤེལ་བར་ཡི་རང་བསྔགས་བརྗོད་ཞུ་མུས་ལགས་ཀྱང༌། ཉེ་སྔོན་ཉེར་དགུའི་གླུད་ཀྱི་ཚབ་ཏུ་མོའོ་དང་ཧུའུ་ཡི་འདྲ་གཟུགས་དང་སྐུ་པར་གཡུགས་པ་དེས། བོད་ཀྱི་སྲོལ་རྒྱུན་གོམས་གཤིས་ནང་ལོ་གཅིག་ནང་གི་མི་འདོད་པ་དང་ཆག་སྒོ་ཞི་བྱེད་ལས་བཟློག་སྟེ་རྒྱ་བོད་མི་རིགས་དབར་འགལ་ཟླའི་ཆག་སྒོ་སློང་གཞིར་གྱུར་འདུག་སྙམ། སྤྱིར་མོའོ་དང་ཧུའུ་སོགས་ནི་བོད་ལ་མི་འདོད་སྡུག་བསྔལ་དང་མནར་གཅོད་རིགས་བཟོ་མཁན་ཡིན་ཡང༌། ང་ཚོ་འཚེ་མེད་ཞི་བའི་ལྟ་གྲུབ་གཞིར་བཟུང་གིས་འཐབ་རྩོད་བྱེད་མཁན་ཞིག་ཡིན་པའི་ཆ་ནས། འཚེ་བ་མེད་པའི་ཤིང་རྟའི་སྲོལ་འབྱེད་པོ་རྣམས་ཀྱི་དགོངས་གཞི་དང་བསྟུན་དགོས་པས། དེས་ན་འཕགས་པ་ལྷས། ཐུབ་པས་ཉོན་མོངས་དགྲར་གཟིགས་ཀྱིས།། ཉོན་མོངས་དང་འབྲེལ་གང་ཟག་མིན།། ཞེས་གསུངས་པ་དང༌། བདག་ཉིད་ཆེན་པོ་གྷན་དྷི་ཡིས་སྡིག་པ་ལ་གྱེན་ལོག་བྱེད་པ་མ་གཏོགས་སྡིག་ཅན་ལ་གྱེན་ལོག་བྱེད་མི་རུང་ཞེས་གསུངས་པའི་དགོངས་དོན་ཡིད་ལ་བཅངས་ཏེ། ཁོ་ཚོའི་ཚུལ་མིན་གྱི་བྱ་སྤྱོད་ལ་ངོ་རྒོལ་དང་སྐྱོན་བརྗོད་མཐའ་གཅིག་ཏུ་བྱ་རྒྱུ་ལས། ཚུལ་མིན་བྱ་སྤྱོད་མཁན་ལ་འཁོན་འཛིན་བྱས་ན་ཁོང་རྣམ་པའི་དགོངས་གཞི་དང་རྒྱབ་འགལ་འགྲོ་བ་མ་ཟད། དོན་དམ་པའི་ང་ཚོའི་འཐབ་རྩོད་ལའང་ཕན་ལས་གནོད་ཆེ་བར་མཐོང༌། དཔེར་ན། ྋགོང་ས་མཆོག་ལ་མཚན་དམོད་ཙམ་གྱིས་བོད་མིའི་སེམས་ཁམས་ལ་ཕོག་ཐུག་འགྲོ་བ་བཞིན་རྒྱ་རིགས་མི་མང་ལའང་དེ་བཞིན་མཆིས་པས། བདེན་པ་དང་རྫུན་པའི་དབར་གྱི་འགལ་ཟླ། དྲང་བདེན་དང་དྲང་བདེན་མ་ཡིན་པའི་དབར་གྱི་འགལ་ཟླ། འཚེ་བ་དང་འཚེ་མེད་ཞི་བའི་ལམ་དབར་གྱི་འགལ་ཟླ་འདི། མི་རིགས་དབར་གྱི་འགལ་ཟླར་གྱུར་ཚེ་ང་ཚོར་གསབ་མི་ཐུབ་པའི་གྱོང་གུད་ཕོག་རྒྱུར་སྨྲ་བའི་ངལ་བ་བསྟེན་ག་ལ་དགོས། དེས་ན་ལས་འགུལ་སྤེལ་དུས་དེ་རིགས་ལ་གཟབ་དགོས་ལ། འཆར་ཅན་གྱི་ལས་འགུལ་གྱི་རྣམ་པ་ལས་བརྒལ་ཏེ་སྔོན་མའི་ནུབ་གླིང་གི་ལས་འགུལ་དག་ལའང་མིག་བལྟོས་ཀྱིས་ལས་འགུལ་བརྩམས་ཚེ་ཕྱོགས་ཡོངས་ནས་དོ་སྣང་གསར་པ་དང་གྲུབ་འབྲས་ཀྱང་མི་དམན་པ་འཐོབ་ཐུབ་སྙམ་མོ།།

 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།