སྤྱིར་སངས་རྒྱས་པའི་ཆོས་ཀྱི་ཕན་ནུས།

ྋགོང་ས་མཆོག་གིས་༢༠༠༨ ལོར་བོད་པའི་གཞོན་སྐྱེས་ཚོར་གནང་བའི་ནང་ཆོས་ངོ་སྤྲོད་ལས་སྒྲ་ཕབ་བྱས།

བོད་ལ་ནང་ཆོས་དར་བའི་རྗེས་མ་གཏོགས། དེ་སྔ་ཕལ་ཆེར་གདུག་རྩུབ་ཆེན་པོ་ཡོད་པའི་བཟོ་འདྲ་པོ་ཞིག་རེད། སྤྱིར་བཏང་འཚོ་ཐབས་འབྲོག་པ་ལྟ་བུ་ཞིག་དང༌། རྟ་ཧྲག་མི་ཧྲག་བྱས་ནས་ཕར་ཚུར་འགྲོ་བའི་སྐབས་གཏོར་བཅོམ་བྱེད་བཞིན་འགྲོ་འདུག་མཁན་ཕལ་ཆེར་ཡིན་ས་རེད། དེ་ནས་རིམ་པས་ནང་ཆོས་དར། ཞིང་ལས་ཡར་རྒྱས་ཕྱིན། གཏན་འཇགས་ཆགས་ནས་སྤྱི་ཚོགས་དེ་རང་བཞིན་གྱིས་བྱམས་བརྩེ་ལྡན་པའི་སྤྱི་ཚོགས་ཤིག་ཆགས་པ་ཡིན་པ་རེད། དཔེར་ན། བོད་པའི་གོམས་གཤིས་ཟེར་བ་དེ། སྔོན་མ་ཨ་མི་རི་ཁའི་གཞིས་ཆགས་ལ་ཕྱིན་པའི་ལས་བྱེད་རྙིང་པ་ཞིག་རེད། ཁོ་རང་བཟའ་ཚང་གཉིས་ཨ་རིའི་སློབ་གྲྭ་ཞིག་གི་ཐབ་ཚང་ནང་དུ། ཚལ་ཚོང་ཁང་ནས་ཉོས་ཏེ་གཙང་མ་བཟོ་མཁན་གྱི་ལས་ཀ་བྱས་ནས་བསྡད་པ་ཡིན་ཟེར། ཚལ་གཙང་མ་བཟོ་བའི་སྐབས་ལ་འབུ་ཡོད་པ་རྣམས། སྣོད་ཆས་ཤིག་གི་ནང་དུ་བསགས་ནས་ཚལ་གཙང་མ་བཟོས་ཚར་རྗེས། འབུ་དེ་རྣམས་ས་ཆ་སྤང་ཡོད་ས་ཞིག་ཏུ་ཕྱིན་ནས་གློད་ཀྱི་ཡོད་ཟེར།

ལས་ཀ་མཉམ་དུ་བྱེད་མཁན་གཞན་དག་ཚོས་འབུ་མཐོང་བ་དང༌། གསོད་རྐྱང་བྱེད་ཀྱི་འདུག་ཟེར། དེར་བརྟེན་ལས་རོགས་གཞན་རྣམས་ཡ་མཚན་འདྲ་པོ་བྱས་ནས། ལས་ཀ་འཕར་མ་འདྲ་པོ་མཐོང་བ་དང༌། སྤྱིར་བཏང་འབུ་མཐོང་བ་དང་བསད་བཞག་ན་སྟབས་བདེ་བ་ཡོད་རེད་པཱ། ཁོང་གཉིས་ཀྱིས་ཟུར་དུ་བསགས་ནས་ཕྱི་ལོགས་སུ་འཁྱེར་བ་བཅས་ལས་ཀ་འཕར་མ་ལྟ་བུ་ཆགས་པ་རེད། དེར་བརྟེན་ཡ་མཚན་པོ་ལྟ་བུ་བྱེད་ཀྱི་འདུག་ཟེར། དེ་ནས་གང་འཚམས་ཤིག་ནས་རོགས་པ་ཚོས་འབུ་མི་གསོད་པར་ཚུར་བསྒྲུགས་ནས་སྣོད་ཆས་ཤིག་གི་ནང་དུ་བསགས་ནས་ཕྱི་ལ་གཡུགས་པ་དེ་འདྲ་བྱས་སོང་ཟེར་གྱི་འདུག བོད་པའི་གཤིས་ཀ་ལ་སྲོག་ཆགས་བསད་ན་ཡག་པོ་ཡོད་མ་རེད་ཟེར་བ་དེ་རེད།
 ང་ཚོ་བོད་ཀྱི་ཡུལ་ཁམས་དེ་སྤྱི་ཡོངས་ཀྱི་ཆ་ནས་སྙིང་རྗེ་ལྡན་པའི་ཡུལ་ཁམས་ཤིག་རེད་ཅེས་བཤད་ཐུབ་པ་ཞིག་རེད། ང་ཚོ་བཙན་བྱོལ་བ་ཆགས་ནས་ང་ཚོས་བོད་པའི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་དགོས་ཀྱི་ཡོད་ཅེས་གལ་ཆེན་བརྩི་དགོས་དོན་དེ། ཕྱོགས་གཅིག་ནས་མི་རིགས་ཀྱི་རྣམ་པ་མཚོན་པ་ཞིག་རེད་ལ། ཕྱོགས་གཞན་ཞིག་ནས་འཛམ་བུ་གླིང་འདིའི་སྒང་ལ་བྱམས་བརྩེ་ལྡན་པའི་སྤྱི་ཚོགས་ཤིག་ཆགས་ཐུབ་ན་སྐྱིད་པ་རེད་པཱ།
 མི་དུང་ཕྱུར་དྲུག་ཅུ་ལྷག་ཙམ་ཡོད་པའི་ནང་ནས་སྔོན་ལ་མིའི་སྡེ་ཆུང་ཆུང་ཞིག་བྱམས་བརྩེ་ལྡན་པའི་སྤྱི་ཚོགས་ཤིག་འཛིན་ཐུབ་ན། ཕྲན་བུ་ཞིག་ཕན་པ་རེད། ཆ་ཤས་ཤིག་ཕན་པ་རེད་པཱ། དེ་རིང་ཁ་སང་འཛམ་བུ་གླིང་འདིའི་སྒང་ལ་བོད་པའི་རིག་གཞུང་གོམས་གཤིས་ལ་དགའ་པོ་བྱེད་མཁན་མང་པོ་འདུག དེ་གཙོ་བོ་འཛམ་བུ་གླིང་གི་སྒང་ལ་འཚེ་བ་མེད་པ་ཞེས་པའི་ལྟ་གྲུབ་དེའི་ཐད་ལ་དོ་སྣང་གསར་པ་སླེབས་པའི་སྐབས་ལ། བོད་ཀྱི་སངས་རྒྱས་པའི་ཆོས་བྱམས་བརྩེ་རྩ་བ་བྱས་པ་དེ་ལ་དོ་སྣང་གསར་པ་ཞིག་སླེབས་ཀྱི་ཡོད་རེད། དེ་འདྲའི་ངོས་ནས་ཆ་བཞག་ན། བྱམས་བརྩེ་རྩ་བར་གྱུར་པའི་ཆོས་དང་རིག་གཞུང་དེ་བདག་པོ་དང་ཉར་ཚགས་བྱེད་དགོས་ཟེར་བ་བོད་རང་གི་ཁེ་ཕན་དང༌། སྒེར་སོ་སོའི་ཁེ་ཕན། འཛམ་བུ་གླིང་གི་མི་སྤྱི་ལ་ཕན་ཐོགས་ཡོད་པ་ཞིག་རེད། དཔེར་ན། འཛམ་བུ་གླིང་འདིའི་སྒང་ང་ལ་དགའ་ཞེན་བྱེད་མཁན་གང་འཚམས་མང་པོ་ཡོད་རེད། དེའི་རྒྱུ་མཚན་ནི། ང་ལ་ཁྱད་དུ་འཕགས་པའི་འཕགས་ཆོས་གང་ཡང་ཡོད་མ་རེད། ང་མི་སྤྱི་འདྲ་སྤྱི་མཚུངས་ཤིག་རེད་མ་གཏོགས་དེ་ལས་ལྷག་པ་ཞིག་ཡོད་མ་རེད། ཡིན་ན་ཡང་ངས་བཤད་བསྡད་པ་དེ་ང་ཚོ་བོད་ལ་སྔ་མོ་ནས་ཡོད་པ། ང་རང་གིས་ཀྱང་སློབ་སྦྱོང་བྱས་ནས་བྱམས་པ་དང་བརྩེ་བ་ཞེས་པ་དང༌། རྟེན་འབྱུང་གི་དེ་ཁོ་ན་ཉིད་ཅེས་པ་དེ་ཆོས་ཀྱི་ངོ་བོའི་ཐོག་ནས་མིན་པར། མི་སྤྱིའི་ཁེ་ཕན་དང་མི་སྤྱིའི་བཟང་པོའི་ཡོན་ཏན། མི་སྤྱིའི་རྣམ་དཔྱོད་ཀྱི་ཡོན་ཏན་ངོས་ནས་བཤད་ཐུབ་པ་ཞིག་རེད་ལ། དེ་བཤད་པའི་སྐབས་ལ་མི་ཚོས་དོ་སྣང་དང་དགའ་པོ་བྱེད་ཀྱི་ཡོད་རེད། རྟེན་འབྱུང་གི་ལྟ་བ་ཞེས་པ་དེ་མིའི་རྣམ་དཔྱོད་ཀྱི་རྩལ་ལས་གྲུབ་པ་ཞིག་ཡིན་པ་སྟོན་པ་ཐུབ་པའི་དབང་པོས་བཀའ་གནང་བ་རེད།
 གང་ལྟར་མིའི་རྣམ་དཔྱོད་ཀྱི་རྩལ་ནས་ཐོན་པ་ཞིག་ཡིན་པ་རེད་ལ། དེའི་ཐད་ག་ཚོད་ཀྱིས་བསམ་བློ་བཏང་བ་ཡིན་ན། དེ་ཚོད་ཀྱིས་རྣམ་དཔྱོད་ཀྱི་སྒོ་བྱེ་ནས་ཕན་ཐོགས་ཞེ་དྲག་ཅིག་འདུག་གཱ ཆབ་སྲིད་ཀྱི་ནང་ལ་ཡིན་ན་འདྲ། དཔལ་འབྱོར་གྱི་ནང་ལ་ཡིན་འདྲ། འཕྲོད་བསྟེན་ནང་ལ་ཡིན་ན་འདྲ། གང་དང་གང་ཡིན་ཡང་རྟེན་འབྱུང་གི་ལྟ་བ་ཟེར་བ་དེ་ཕན་ཐོགས་ཞེ་དྲག་ཡོད་པ་ཞིག་རེད། ངས་གཙོ་བོ་གཅིག་དེ་བཤད་ཀྱི་ཡོད་རེད། གཅིག་དེ་སེམས་པ་བཟང་པོ་བྱེད་དགོས་རེད་ཅེས་བཤད་ཀྱི་ཡོད་རེད། དེ་ནང་ཆོས་ཀྱི་སྙིང་པོ་རེད་ལ། མི་རང་བཞིན་གྱི་ཆོས་མེད་མཁན་ཞིག་ཡིན་ན་ཡང༌། རན་པོ་ཡོད་པ་ཞིག་དང་འབྲེལ་བ་ཡོད་པ་ཞིག་ཆགས་ཀྱི་ཡོད་རེད། དེར་བརྟེན། རྒྱལ་བ་རིན་པོ་ཆེ་ལ་དགའ་པོ་བྱེད་བསྡད་པ་དེ། ངའི་ཤ་ཁྲག་རུས་གསུམ་ལ་ཁྱད་དུ་འཕགས་པའི་ཡོན་ཏན་གང་ཡང་ཡོད་མ་རེད། དབྱིན་ཇིའི་སྐད་ནི་ཡག་པོ་ཞིག་མི་ཤེས། ཐེབས་ཆག་ཅིག་མ་གཏོགས་ཤེས་ཀྱི་ཡོད་མ་རེད། ཡིན་ན་ཡང་མིས་དོ་སྣང་བྱེད་པ་དེ། བྱམས་པ་དང་བརྩེ་བ་བཟོད་པ་དེ་ཚོའི་རིགས་དང༌། རྟེན་ཅིང་འབྲེལ་བར་འབྱུང་བའི་བསླབ་བྱ་དེའི་ཐོག་ནས་མིས་དོ་སྣང་དང༌། དགའ་པོ་བྱེད་པ་ཆགས་ཀྱི་ཡོད་རེད།
 བྱས་ཙང་ངས་ནམ་རྒྱུན་རྟག་པར་རྒྱ་གར་ཚོ་ལ་བཤད་ཀྱི་ཡོད། ང་ཕར་ཚུར་འགྲོ་བསྡད་ནས་དམིགས་བསལ་གང་ཡང་བཤད་རྒྱུ་ཡོད་མ་རེད། ཁྱེད་རང་རྒྱ་གར་ཚོའི་གནའ་རབས་ཀྱི་འཕྲིན་ནམ་སྐད་ཆ་དེ་བཤད་ཀྱི་ཡོད། ང་རྒྱ་གར་ཚོའི་གནའ་རབས་ལྟ་སྤྱོད་ཀྱི་འཕྲིན་སྐྱེལ་མཁན་ཞིག་ཡིན་ཞེས་བཤད་ཀྱི་ཡོད། དཔལ་ནཱ་ལེན་ཌའི་མཁས་གྲུབ་ཚོས་ཉམས་བཞེས་གནང་ནས་གཏན་ལ་ཕབ་བཞག་པ། ཟབ་པ་དང་རྒྱ་ཆེ་བའི་མིའི་བསམ་བློ་གཏོང་སྟངས་དེ་ངས་འགྲེལ་བཤད་རྒྱག་གི་ཡོད་རེད། དེ་འདྲ་ཡིན་དུས་མི་ལ་རན་གྱི་ཡོད་པའི་རྟགས་རེད། མི་ལ་ཕན་གྱི་ཡོད་པའི་རྟགས་རེད་པཱ། གཞན་མ་གཏོགས་ངས་སྐད་ཆ་བཤད་དུས་མི་སྟོང་ཕྲག་ཁྲི་ཕྲག་འདུ་ཡི་ཡོད་རེད། དེ་དག་ཁྲལ་བཀལ་ནས་ཡོང་བ་མ་རེད། ལྟད་མོ་བསྟན་ནས་དེས་ཡིད་དབང་ཕྲོགས་ནས་ཡོང་བ་ཞིག་མ་རེད། ངས་གཏམ་བཤད་བྱས་པ་དེ་ལ་བྲོ་བ་ཞིག་དང༌། ཁོ་རང་ལ་ཚོ་ལ་ཏོག་ཙམ་ཕན་གྱི་ཡོད་ཙང་ཡོང་གི་ཡོད་རེད། དེ་འདྲ་ཡིན་དུས་དེ་བོད་ཀྱི་ཆོས་དང་རིག་གཞུང་གི་གཟི་བརྗིད་ཅིག་དང ཁྱད་ཆོས་ཤིག་རེད། དེར་བརྟེན་ང་ཚོས་ཆོས་དང་རིག་གཞུང་མི་ཉམས་གོང་འཕེལ་ཉམས་པ་སོར་ཆུད་བྱེད་དགོས་རེད་ཅེས་བཤད་བསྡད་པ་དེ། ལྐུགས་པའི་ཞེན་ཁོག་བྱས་ནས་བཤད་བསྡད་པ་མ་རེད། ང་རྒྱལ་དང་ཕྲག་དོག་གིས་བཤད་བསྡད་པ་མ་རེད། བློ་གཟུ་བོར་གནས་པའི་སྒོ་ནས། བརྟག་ཅིང་དཔྱད་པའི་སྒོ་ནས་བསམ་བློ་བཏང་བ་ཡིན་ན། ང་རང་ཚོའི་ཆོས་དང་རིག་གཞུང་དེ་སྤྱི་སྒེར་གང་ལ་ཡིན་ཡང་ཕན་ཐོགས་ཡོད་བསྡད་པ་ཞིག་ཚད་མས་མཐུན་སྣང་དུ་གྲུབ་བསྡད་པ་ཞིག་ཡིན་དུས། མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་བྱེད་དགོས་འདུག་ཅེས་པའི་རྒྱུ་མཚན་དེ་རེད།
 དཔེར་ན། ང་ཚོ་བོད་པའི་ནང་ལ་ཆོས་ཕྱོགས་ཀྱི་བསམ་བློ་ཏོག་ཙམ་ཡོད་མཁན་ཞིག་ཡིན་ན། ཁོ་ཏན་ཏན་དཀའ་ངལ་འཕྲད་པའི་སྐབས་ལ་སྙིང་སྟོབས་ཆེ་བ་ཡོད་རེད། ཆོས་མེད་མཁན་མི་ཞིག་ལ་དཀའ་ངལ་འཕྲད་པའི་སྐབས་ལ་ང་རྒྱལ་དང་ཁོང་ཁྲོ་ཞེ་དྲག་བྱེད་བསྡད་པ་ཞིག་དང༌། དེ་འདྲའི་ཐོག་ནས་འཚེ་བ་བྱེད་བསྡད་པ་དེ་འདྲ་ཡོང་གི་ཡོད་རེད། ཆོས་ཕྱོགས་ཀྱི་བསམ་བློ་མེད་མཁན་ཞིག་ཡིན་ན་རྐྱེན་ངན་འཕྲད་པའི་སྐབས་ལ་མི་སྐྱིད་པ་ཤུགས་ཆེན་པོ་ཞིག་དང༌། མ་སྐྱིད་པ་དེས་རླུང་ལངས་ནས་ཞེ་སྡང་སློང་བ་དང༌། ཞེ་སྡང་གིས་འཚེ་བ་བྱེད་ཀྱི་ཡོད་རེད། བསམ་བློ་ཏོག་ཙམ་གཏོང་ཤེས་མཁན། ལས་རྒྱུ་འབྲས་ཀྱི་རྟེན་འབྱུང་དང་གཅིག ལྟོས་གྲུབ་ཀྱི་རྟེན་འབྱུང་དང་གཉིས། འཚེ་བ་མེད་པའི་རྩ་བ་བྱམས་བརྩེ། དེ་འདྲའི་ཚོར་བ་ཏོག་ཙམ་ཡོད་པ་དང༌། གོ་བ་ཏོག་ཙམ་ཡོད་མཁན་ཞིག་ཡིན་ན། དེ་འདྲའི་རྐྱེན་ངན་འཕྲད་པའི་ཁ་ཐུག་ལ་སེམས་ཀྱི་ཞི་བདེ་འཛིན་ཐུབ་པ་དང༌། ལམ་སང་རླུངས་ལངས པ། ལམ་སང་སེམས་ཞུམ་པ། ཁོང་ཁྲོ་ལངས་པ་དེ་ཚོ་ཕལ་ཆེར་ཉུང་བ་ཡོད་རེད།
 དེ་འདྲ་ཡིན་དུས་བསམ་བློའི་འཁྱེར་སོ་དེ་མི་ལ་གནད་འགག་ཆེན་པོ་ཡིན་པ་དང༌། སངས་རྒྱས་ཆོས་ཀྱི་འགྲོ་སྟངས་དེས་ཏན་ཏན་ཕན་ཐོགས་ཡོད་བསྡད་པ་ཞིག་རེད། ཡིན་ཅིག་མིན་ཅིག་སངས་རྒྱས་ཀྱི་ཆོས་ལ་དད་པ་བྱེད་པ་དང༌། ཡིད་ཆེས་བྱེད་པ། ཁ་འདོན་དགེ་སྦྱོར་དེ་འདྲ་མ་བྱས་པ་ཡིན་ཡང༌། དེ་མ་གཞི་གལ་ཆེན་པོ་ཞིག་ཀྱང་མ་རེད། སྒོམ་སྒྲུབ་དེ་འདྲ་མ་བྱས་པ་ཡིན་ཡང༌། སངས་རྒྱས་ཆོས་ཀྱི་བྱམས་པ་དང་བརྩེ་བ། དེ་དང་འབྲེལ་བའི་བཟོད་པ། དེ་དང་འབྲེལ་བའི་ཆོག་ཤེས། ཚུར་ཕྱོགས་དེ་ནས་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་པའི་རྒྱུ་འབྲས་ཀྱི་རྟེན་འབྱུང༌། ལྟོས་གྲུབ་ཀྱི་རྟེན་འབྱུང་དེ་དག་བསམ་བློར་འཁོར་བ་ཡིན་ན། མིའི་བསམ་བློ་གུ་ཡངས་པོ་དང་རྒྱ་ཆེ་རུ་འགྲོ་བའི་ཕན་ཐོགས་ཡོད་པ་རེད། ཡིན་ཅིག་མིན་ཅིག་ཆོས་པ་ཡིན་དགོས་པ་ཡོད་མ་རེད། ནང་པ་ཡིན་དགོས་པ་ཡོད་མ་རེད། ནང་པའི་ལྟ་གྲུབ་ཀྱི་བསླབ་བྱ་དེ་དག་ལ་ཉམས་ལེན་བྱས། ནང་པ་བྱས་ནས་སངས་རྒྱས་ལ་སྐྱབས་སུ་མཆི། ཆོས་ལ་སྐྱབས་སུ་མཆི། དགེ་འདུན་ལ་སྐྱབས་སུ་མཆི་ཟེར་མི་དགོས་པར་བྱས་ནས་བསྡད་ན་འགྲིག་གི་འདུག་གཱ དེ་ང་ཚོ་སྤྱི་ཡོངས་ཀྱི་བོད་ལ་ཡོད་པའི་སངས་རྒྱས་ཆོས་ཀྱིས་ཕན་ཐོགས་ཡོད་པའི་རྒྱུ་མཚན་ཡིན།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།