ལེའུ་གཉིས་པ། བོད་བཙན་པོའི་དུས་རིམ།
དང་པོ། བོད་ཀྱི་བཙན་པོ་ཐོག་མ་གཉའ་ཁྲི་བཙན་པོའི་སྐོར་གླེང་བ།
གྲུབ་ཆེན་བརྒྱད་ཅུ་དང་སྒྲོལ་མ་ཉེར་གཅིག་སོགས་ལྷ་ཚོགས་རྣམས་ཀྱི་སྐོར་ལའང་ཕྱོགས་མང་པོ་ཞིག་གཅིག་མཚུངས་སུ་ཡིན་པར་བཤད་པ། དྲུག ལ་ལས། འགྲོ་བ་མི་ཡི་རིགས་ཀྱིས་རང་གཤིས་དང་འཚམ་པའི་རིག་གནས་སྲུང་སྐྱོབ་བྱེད་ཅིང༌། རིག་གནས་དེ་ཡིས་སྤྲད་པའི་མི་གཤིས་ལ་གཡོ་འགུལ་ངེས་ཅན་ཞིག་གཏོང་ངེས་ཡིན་པ་དང༌། གལ་ཏེ་མི་རིགས་ཤིག་ལ་རིག་གནས་གསར་པ་ཞིག་དར་ཚེ་མི་གཤིས་ཀྱང་རིག་གནས་དེའི་རྗེས་སུ་རང་བཞིན་འགྱུར་བ་འགྲོ་ངེས་ཅན་ཡིན་ཏེ། རིག་གནས་དང་མི་གཤིས་གཉིས་ཀྱི་བར་ན་བསྐྱེད་བྱ་སྐྱེད་བྱེད་དམ་རྒྱུ་འབྲས་ཀྱི་འབྲེལ་བ་ལྟ་བུ་ཡིན་པར་བཤད།
དཔེར་ན། འགྱན་སངས་རྒྱས་དོན་གྲུབ་ཀྱིས། རིག་གནས་དང་མི་གཤིས་བར་ན་བསྐྱེད་བྱ་སྐྱེད་བྱེད་དང་རྒྱུ་འབྲས་ཀྱི་འབྲེལ་བ་ནང་གི་བདག་ཉིད་ཅན་དུ་གྲུབ་ཡོད་ཅེས་ཟེར་བ་དང༌། ལིན་ཊོན་ཟེར་བས། རིག་གནས་ཀྱི་ཁྱད་གཤིས་དེ་རང་ངོས་ཀྱི་གཤིས་ཀ་དང་མི་གཤིས་ཕན་ཚུན་བར་གྱི་ཤན་སྟོབས་ལས་བྱུང་ལ། སྤྱི་ཚོགས་འཚོ་བའི་མི་རེ་རེའི་གཤིས་ཀ་གང་ཡིན་ཀྱང་རང་གི་རིག་གནས་གང་ཡིན་པ་དེའི་བར་མ་ཆད་པའི་འབྲེལ་བ་ལས་བྱུང༌། མི་གཤིས་ཀྱིས་རིག་གནས་ལ་ནུས་པ་འདོན་ཞིང་རིག་གནས་ཀྱིས་ཀྱང་མི་གཤིས་ལ་ནུས་པ་འདོན་ཞེས་ལྟོས་གྲུབ་ཀྱི་རྣམ་པ་ལྟ་བུར་བཤད་ཡོད། དེ་བཞིན་བོད་ལ་མཚོན་ནའང༌། རིག་གནས་འཕོ་འགྱུར་གྱི་ཁུག་སོ་རེ་རེ་དང་བསྟུན་ནས་བོད་པའི་མི་གཤིས་ལ་ལོ་རྒྱུས་རང་བཞིན་གྱི་འཕེལ་འགྱུར་ཆེན་པོ་བྱུང་པ་དངོས་པོའི་ཆོས་ཉིད་ལས་ལོགས་ན་མེད་ཅེས་བཤད་ཡོད་ལ། སྤྱི་བཏང་རགས་རིམ་བར་རྒལ་གྱི་སྒོ་ནས་བཤད་ན་བོད་ཀྱི་མི་གཤིས་གཡོ་འགུལ་གཏོང་ཐུབ་པའི་ལོ་ངོ་ཁྲི་ཕྲག་དུ་མའི་ཡ་སྔོན་ནས་རྡོ་ཆས་དང་རྫ་ཆས་བཅས་ཀྱི་དུས་རབས་རིམ་བརྒྱུད་ཀྱིས་བྱུང་བའི་གདོད་མའི་རིག་གནས་སམ་གཤིས་ལུགས་དང༌། དེའི་རྗེས་སུ་རྨང་གཞི་གདོད་མའི་རིག་གནས་སམ་གཤིས་ལུགས་བླ་གནས་མཆོད་གཟུགས་ལྟ་བུ་བྱུང་ཞིང༌། ལྷ་ཀླུ་གཉན་གསུམ་གྱི་འདུ་ཤེས་འཛིན་ཏེ་རིམ་བཞིན་ཆོས་ལུགས་ཀྱི་མཚོན་མདངས་དང་འདྲེས་ནས་བོན་ཆོས་ཀྱི་རིག་གནས་དར་བ་དང༌། དེའི་རྗེས་སུ་ནང་པ་སངས་རྒྱས་པའི་རིག་གནས་འདི་ཉིད་དར་ཁྱབ་བྱུང་བ་ཞིག་ཡིན། དེ་ཡང་གདོད་མའི་བོན་གྱི་རིག་གནས་ནི་ཁྲི་སྲོང་ལྡེའུ་བཙན་བར་དུ་བྱུང་ཞིང་ཉམས་པར་བྱས་ལ། དེ་ནས་ད་ལྟའི་བར་དུ་བོད་དུ་ནང་ཆོས་རིག་གནས་ཀྱིས་བོད་ཀྱི་མི་གཤིས་ལ་སྒུལ་ཤུགས་ཆེན་པོ་ཐེབས་ཡོད་པ་རེད། གནའ་དུས་སྲིད་པའི་བོན་ནམ་གདོད་མའི་བོན་གྱིས་བོད་ཀྱི་མི་གཤིས་གཡོ་འགུལ་བཏང་ཞིང༌། དེའི་རྗེས་སུ་ནང་ཆོས་རིག་གནས་ཀྱིས་བོད་ཀྱི་མི་གཤིས་སྒུལ་ཤུགས་ཐེབས་ཡོད་ནའང༌། གཡུང་དྲུང་བོན་གྱི་རིག་གནས་འདི་ཉིད་སྲིད་པའི་བོན་གྱི་རིག་གནས་མིན་པར་གསལ་ཁ་ཆོད་ལ། དེང་རབས་བོད་ཀྱི་མི་གཤིས་ལ་དཔག་ན། གཡུང་དྲུང་བོན་གྱི་རིག་གནས་འདི་ཉིད་ནང་པ་སངས་རྒྱས་པའི་རིག་གནས་ཀྱི་སྤྲད་པའི་ནུས་ཤུགས་དང་གཅིག་མཚུངས་ཡིན་པ་མངོན་འགྱུར་དུ་གསལ་བས་ནང་པའི་རིག་གནས་ལས་ལོགས་སུ་མིན་པར་ཁ་ཚོན་གཅོད་ནུས་ཤིང༌། གལ་ཏེ་སྲིད་པའི་བོན་དང་ནང་ཆོས་རིག་གནས་ལས་གཞན་པའི་བོད་ལ་གཡུང་དྲུང་བོན་གྱི་རིག་གནས་ཟེར་བ་ཞིག་གསར་དུ་དར་ཡོད་པའི་དབང་དུ་བཏང་ན། དེ་ལ་དཔག་པའི་ཐུན་མོང་མ་ཡིན་པའི་བོད་ཀྱི་མི་གཤིས་གསར་པ་ཞིག་བྱུང་དགོས་ཀྱང་མ་བྱུང་ཞིང༌། མི་གཤིས་ལ་ནུས་པ་འབྱིན་མ་ནུས་པའི་རིག་གནས་ཤིག་ནི་འཇིག་རྟེན་འདིར་འབྱུང་མི་སྲིད་པར་བསམས། གང་ལྟར་དེང་རབས་བོད་ཀྱི་མི་གཤིས་ནི་ནང་ཆོས་རིག་གནས་ཀྱིས་སྟེར་བའི་ཤན་སྟོབས་ལས་གཞན་པའི་རིག་གནས་གང་ཡང་རུང་བ་ཞིག་གི་འཚོ་བའི་ཤན་ཞུགས་མེད་ཚུལ་བཤད་ཡོད་ཅིང༌། དེ་ཡིས་བོད་དུ་དར་བའི་གཡུང་དྲུང་བོན་གྱི་རིག་གནས་འདི་ནི་ནང་ཆོས་ཀྱི་རིག་གནས་ཡིན་པར་བསྒྲུབས་ཡོད།
མདོར་ན། བོན་ཞེས་པ་ནི་དེང་ཚེ་ཆོས་ཞེས་པའི་གོ་དོན་དང་མཚུངས་ཤིང༌། གནའ་རབས་བོན་ལུགས་ལའང་མི་འདྲ་སྣ་ཚོགས་ཤིག་ཡོད་པ་རེད། དེ་ཡང་ཁུངས་ལྡན་ཡིག་ཆ་དང་དངོས་དོན་གང་ལ་བལྟས་ཀྱང༌། སྲིད་པའི་བོན་གྱིས་དམར་མཆོད་བྱེད་ཅིང་ཚེ་ཕྱི་མ་ཁས་མི་ལེན་མཁན་ཞིག་ཡོད་པ་དེ་ནི་བོད་ཀྱི་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་བཏུལ་བ་དང༌། ནང་ཆོས་རིག་གནས་དར་ཁྱབ་ཆེས་ཆེར་སྤེལ་བར་གྲགས། དེའི་རྗེས་སུ་དུས་རབས་རིམ་པའི་ནང་དུ་ད་ལྟའི་གཡུང་དྲུང་བོན་གྱི་ཆོས་ལུགས་འདི་ཉིད་དར་མགོ་ཚུགས་པར་འདོད་ལ། ཡིག་ཆ་སོགས་ཁུངས་ལྡན་གང་ལ་བལྟས་ཀྱང་ད་ལྟའི་གཡུང་དྲང་བོན་གྱི་རིག་གནས་དང་ནང་པའི་རིག་གནས་གཉིས་དངོས་དོན་ལ་རིག་གནས་སམ་ཆོས་ལུགས་གཅིག་ཡིན་པ་ལས་ཐ་དད་མིན་ལ། གཡུང་དྲུང་བོན་ནི་ཐ་སྙད་ཙམ་དུ་བོན་ཞེས་བཏགས་པ་ལས་ཞིབ་ཏུ་དཔྱད་ན་དོན་ལ་ནང་པ་སངས་རྒྱས་པ་ཡིན་པ་ངེས་ཤེས་གཏིང་ནས་རྙེད་ཡོང་གི་འདུག་གོ། །འདི་ནི་རང་ཉིད་ཀྱིས་སྲིད་པའི་བོན་དང་གཡུང་དྲུང་བོན། ནང་ཆོས་བཅས་ཀྱི་ཁྱད་པར་ལ་ཅུང་ཟད་གནད་ཆེ་ལྟ་བུར་མཐོང་བས། དེ་དག་གི་སྐོར་ལྟ་ཚུལ་འཕྲོས་བཤད་ཙམ་དུ་ཞུགས་པ་ལགས།
མཁས་དབང་ནམ་མཁའི་ནོར་བུས། སྒྲུང་ལྡེའུ་བོན་གསུམ་ཞེས་པའི་བོན་ལ་དབྱེ་ན། བོན་སྒོ་བཞི་མཛོད་ལྔ། བོན་ཐེག་པ་རིམ་དགུ། བོན་འཇོལ་འཁྱར་བསྒྱུར་གསུམ། རྒྱུའི་བོན་རིགས་བཞི། བོན་ཤེས་པ་ཅན་བཅུ་གཉིས་བཅས་ཡོད་པར་བཤད། ༑ བོན་གྱི་སྒོ་བཞི་དང་མཛོད་ལྔ་ནི། གཟེར་མིག་ལས། གཡུ་དྲུང་བོན་ལ་རྒྱ་ཆེ་གྲངས་མང་ཡང༌། །སྒོ་བཞི་མཛོད་དང་ལྔ་རུ་ཕྱེས་ནས་བྲིས། །ཞེས་གསལ་བ་ལྟར། དང་པོ་སྒོ་བཞི་ནི་དཔོན་གསས་ཀྱི་སྡེ་དང༌། ཆབ་ནག་གི་སྡེ། འཕེན་ཡུལ་གྱི་སྡེ། ཆབ་དཀར་གྱི་སྡེ་བཅས་ཡིན་པར་བཤད། གཉིས་པ་མཛོད་ལྔ་ནི། མན་ངག་ལུང་གི་བོན་ནི་ཉུང་ལ་འདུས་པས་ལུང༌། དཔོན་གསས་སྡེ་རུ་བྲིས་ནས་གསེར་གྱི་གླེགས་བམ་ནང་དུ་བཅུག སྲིད་པ་རྒྱུད་ཀྱི་བོན་ནི་མང་ལ་འབྲེལ་བས་རྒྱུད། ཆབ་ནག་སྡེ་རུ་བྲིས་ནས་ལྕགས་ཀྱི་གླེགས་བམ་ནང་དུ་བཅུག རྒྱས་པ་པ་འབུམ་གྱི་བོན་ནི་དོན་ལས་རྒྱས་ཤིང་བསྡུས་པས་འབུམ། འཕེན་ཡུལ་སྡེ་རུ་བྲིས་ནས་ཟངས་ཀྱི་གླེགས་བམ་ནང་དུ་བཅུག ནག་པོ་སྔགས་ཀྱི་བོན་ནི་དོན་ལ་བསྔགས་པས་བསྔགས། ཆབ་དཀར་སྡེ་རུ་བྲིས་ནས་དངུལ་གྱི་གླེགས་བམ་ནང་དུ་བཅུག དེ་བཞིན་གཅིག་ལ་བསྡུད་ཅིང་ཡོ་ལ་རྒྱུགས་པ་ནི། གཙང་མཐོ་ཐོག་སྤྱི་རྒྱུག་མཛོད་ཀྱི་བོན་ཡིན་ཏེ། ལྟ་བ་གཅིག་ཏུ་སྐྱེལ་བས་མཐོ་ཐོག་སྤྱི་རྒྱུག་སྟེ་མཛོད་ཀྱི་བོན་སྡེར་བྲིས་ནས་གཡུ་ཡི་གླེགས་བམ་ནང་དུ་བཅུག་གོ། །སྟོན་པས་བོན་ལ་སྒོ་བཞི་མཛོད་དང་ལྔ་རུ་དེ་ལྟར་ཕྱེ་ཞེས་གསལ།
འཕྲོས་འདོན་ཐེངས་རྗེས་མར་གཟིགས།
ས་རཱ་མཐོ་སློབ། ངག་དབང་བྱམས་པས།