སློབ་སྦྱོང་གིས་མ་འདང་བའི་རྐྱེན་གྱིས་དྲི་བར་ལན་འདེབས་མི་ཐུབ་པ་ཡོང་གི་འདུག
དེང་སྐབས་དར་སྲོལ་ཆེ་བའི་རཱེབའཁྲུག་གཞས་གཏོང་མཁན་རྣམ་རྒྱལ་ཡེ་ཤེས་ལ་བཅར་འདྲི།
དྲི་བ། དང་པོ་ཁྱེད་རང་ངོ་སྤྲོད་མདོར་བསྡུས་གནང་རོགས།
ལན། ངའི་མིང་ལ་རྣམ་རྒྱལ་ཡེ་ཤེས་ཟེར་གྱི་ཡོད། ཕ་ཡུལ་བོད་ཁམས་ཀྱི་ཆར་གཏོགས་སོག་རྫོང་ནས་ཡིན། ད་ལྟ་ཨ་རིའི་ནིའུ་ཡོག་དང་ནིའུ་འཇར་སིའི་ས་གནས་གཞོན་ནུའི་རྒྱུན་ལས་ཡིན།
དྲི་བ། ཁྱེད་རང་གི་འོད་སྡེར་ནང་དུ་གཞན་དང་མི་འདྲ་བར་ཚང་མ་འཁྲུག་གཞས་རྐྱང་རྐྱང་བཟོ་དགོས་པའི་རྒྱུ་མཚན་ག་རེ་ཡིན།
ལན། དེང་རབས་གཞས་ཀྱི་ནང་ནས་དམིགས་བསལ་རཱེབ་ཞེས་པ་བཟོ་དགོས་པའི་རྒྱུ་མཚན་གཅིག་ནི། ན་གཞོན་རྣམས་ལ་དེང་དུས་གཞས་ཀྱི་ལམ་ནས་མི་རིགས་ཀྱི་ལ་རྒྱ་དང༌། བོད་ཀྱི་རྩ་དོན་ཤེས་སུ་འཇུག་པ་དང༌། དོ་སྣང་ཡོང་བའི་ཆེད། དམིགས་བསལ་ད་ལྟ་བར་དུ་བོད་གཞས་ཚང་མ་གཅིག་པ་ལྟ་བུ་དང༌། ཡར་རྒྱས་འགྲོ་ཡི་མེད་པ་ལྟ་བུ་རེད།
བོད་ནང་ཡར་རྒྱས་འགྲོ་ཡི་ཡོད་རེད་དེ་སྐྱབས་བཅོལ་དུ་ཡོད་མཁན་རྣམས་ཀྱིས་བོད་བསྟན་པ་ཆབ་སྲིད་ཀྱི་དངོས་ཡོད་གནས་སྟངས་མཚོན་པའམ། ཁ་ཐུག་ལབ་ཐུབ་པ་ཡིན་ན་ཕན་ཐོགས་ཡོང་ས་རེད་བསམ་ནས་བཟོས་པ་ཡིན།
དྲི་བ། ཕྱི་རྒྱལ་དུ་གཞས་གཏོང་བ་དང་རྒྱ་གར་དུ་གཞས་གཏོང་བ་གཉིས་ལ་ཚོར་སྣང་མ་འདྲ་བ་ག་རེ་འདུག
ལན། ཕྱི་རྒྱལ་ལུང་པར་ཕྱི་ལོ་༢༠༠༡ ཙམ་ནས་དྲ་རྒྱ་སོགས་ཀྱི་ཐོག་ནས་དར་ཁྱབ་གང་འཚམས་ཕྱིན་ཚར་བ་རེད་དེ། རྒྱ་གར་དུ་ད་ལྟ་གཞི་ནས་གསར་པ་ཡིན་པའི་ཚོར་སྣང་འདུག རྒྱ་གར་དུ་ཡོད་པའི་བོད་པ་རྣམས་ཀྱིས་ཡག་སྡུག་ག་རེ་ལབ་ཀྱི་ཡོད་མི་ཤེས་ཏེ། ཚང་མས་དོ་སྣང་བྱས་དུས་ཡག་པོ་འདྲ་ཞིག་མཐོང་སོང༌།
དྲི་བ། ཕྱི་རྒྱལ་དང་རྒྱ་གར་དུ་འོད་སྡེར་ཚོང་འགྲེམས་སོགས་དཔལ་འབྱོར་ཐད་དམིགས་བསལ་དཀའ་ངལ་ག་རེ་འདུག
ལན། དང་པོ་གཞས་ཀྱི་རོལ་ཆ་འབུད་རྡུང་སོགས་ལ་དཀའ་ངལ་ཡོད་པ་མ་ཟད། སྒྲ་འཇུག་བྱེད་པར་དུས་ཚོད་ཀྱི་དཀའ་ངལ་འདུག རྒྱ་གར་དུ་སོ་སོ་ཕར་ཚོང་ཁང་ལ་ཕྱིན་ནས་ཉོ་རོགས་གྱིས་ཡང་ན་ཉར་རོགས་གྱིས་ལབ་དགོས་ཀྱི་འདུག ཁྱབ་བསྒྲགས་རྒྱ་ཆེན་པོ་བྱེད་ས་མེད་པས་དེའི་ཐད་དཀའ་ངལ་འདུག ཡིན་ན་ཡང༌། ཕྱི་རྒྱལ་ལ་ཏོག་ཙམ་དྲག་གི་འདུག དྲ་རྒྱའི་ཐོག་ནས་ཉོ་མཁན་ཤུགས་ཆེན་པོ་འདུག ཁྱབ་བསྒྲགས་བྱས་པ་ཡིན་ན་ཡང་དྲ་རྒྱ་སོགས་སུ་བལྟས་ནས་ཕར་ཚུར་ཧ་གོ་འགྲོ་ཡི་ཡོད་རེད།
དྲི་བ། ན་གཞོན་མང་པོ་ཞིག་གིས་ཁྱེད་རང་གི་གཞས་ལ་དགའ་པོ་བྱེད་ཀྱི་འདུག་པས་དེའི་རྒྱུ་མཚན་ག་རེ་རེད་བསམ་གྱི་འདུག
ལན། ྋསྐྱབས་མགོན་རིན་པོ་ཆེ་ཨ་རིའི་གྲོང་ཁྱེར་མེ་ཌི་རྫན་ལ་ཕེབས་པའི་སྐབས། ངས་གཞས་གཏོང་བའི་གོ་སྐབས་རག་པ་ལ་བརྟེན་ནས་མི་མང་གིས་ཧང་སངས་པའི་དགའ་པོ་བྱས་པ་མ་ཟད། དམིགས་བསལ་ངའི་གཞས་དང་པོ་དུས་ཚོད་མི་འདུག་ཟེར་བ་དེ་བཏང་བའི་སྐབས་བོད་མི་ཕལ་ཆེར་ལྔ་སྟོང་ཙམ་ཡོད་པ་རྣམས་ཡར་ལངས་ནས་མཉམ་དུ་བཏང་བ་དང༌། མི་མང་པོས་ཡག་པོ་འདུག་ཟེར་གྱི་འདུག གཙོ་བོ་ངའི་གཞས་ཀྱི་ནང་དུ་བརྩེ་དུང་དང༌། སྣང་བ་སྐྱིད་པོའི་རིགས་མེད་པ་དང༌། ཚིག་ཀྱང་ཁ་ཐུག་སྐད་ཆ་ལབ་པ་ལྟ་བུ་རེད། བོད་གཞས་ནང་དུ་དེ་འདྲ་ད་ལྟ་བར་དུ་ཕལ་ཆེར་མེད་པ་འདྲ་པོ་རེད་འདུག ཚིག་གི་ནང་དོན་ཡང་ནམ་རྒྱུན་མྱོང་བཞིན་པའི་བོད་མིའི་དཀའ་སྡུག་ཁག་བརྗོད་གཞི་བྱས་པ་དཔེར་ན། འབྲོག་པ་རྣམས་ལ་ནོར་ལུག་མཐོང་རྒྱུ་མི་འདུག་ཟེར་བ་དང༌། ཞིང་པ་རྣམས་ལ་ཞིང་ཁ་མཐོང་རྒྱུ་མི་འདུག གྲོང་ཁྱེར་ནང་ལ་བོད་པ་མཐོང་རྒྱུ་མི་འདུག པོ་ཏཱ་ལ་ལ་མཇལ་ཁ་རག་གི་མི་འདུག་ཟེར་བ་ལྟ་བུ་སོགས་རེད།
དྲི་བ། མ་འོངས་པར་གཞས་ག་འདྲ་གཏོང་རྒྱུའི་འཆར་གཞི་ཡོད།
ལན། ང་རང་སྐྱབས་བཅོལ་ལ་སླེབས་ནས་ད་ལྟ་བར་དུ་ྋརྒྱལ་བ་རིན་པོ་ཆེའི་བཀའ་དྲིན་ལ་བསམ་བློ་བཏང་ན། བློ་ཡུལ་དུ་མི་ཤོང་བ་ལྟ་བུ་ཆགས་ཀྱི་འདུག དེར་བརྟེན་བཀའ་དྲིན་རྗེས་དྲན་མཚོན་བྱེད་ཀྱི་གཞས་དང༌། དེ་ནས་བོད་ནང་གི་དངོས་ཡོད་གནས་སྟངས་ག་འདྲ་ཡོད་མེད། དེ་བཞིན་སྐྱབས་བཅོལ་ནང་ལ་མ་འགྲིག་པ་ག་རེ་ཡོད་མེད་སོགས་དེ་འདྲའི་ཐད་ཞིབ་འཇུག་གིས་གཞས་ཀྱི་བརྗོད་བྱ་བྱས་ནས་གཏོང་ཐུབ་ན་བསམ་གྱི་འདུག ད་ལྟ་ངའི་གཞས་ཀྱི་ནང་དུ་རང་བཙན་ཞེས་པའི་གཞས་དེ་རབ་གསལ་ལགས་ཀྱིས་བྲིས་པ་རེད། གཞན་དག་རྣམས་ང་རང་གིས་བྲིས་པ་ཡིན།
དྲི་བ། ཁྱེད་རང་དགའ་ཤོས་བྱེད་སའི་བོད་ཀྱི་གཞས་པ་སུ་དང་སུ་ཡོད།
ལན། སྤྱིར་བཏང་ང་རང་དགའ་སའི་བོད་ཀྱི་གཞས་པ་མང་པོ་འདུག དེའི་ནང་ནས་གཙོ་བོ་གཡའ་དྭངས་དང༌། ཀུན་དགའ། བདུད་བྷེ་སོགས་མང་པོ་འདུག
དྲི་བ། མཐའ་མཇུག་ཏུ་བོད་མི་མང་ལ་འབོད་སྐུལ་འདྲ་ཞུ་རྒྱུ་ཡོད་དམ།
ལན། གཙོ་བོ་ང་ཚོ་བོད་ལ་འགྱུར་བ་དགོས་ཀྱི་འདུག ྋརྒྱལ་བ་རིན་པོ་ཆེ་དགུང་ལོ་མཐོན་པོ་རེད། ང་ཚོ་ལ་དུས་ཚོད་ཐུང་ཐུང་མ་གཏོགས་ཡོད་མ་རེད། དེར་བརྟེན་ང་ཚོ་ལ་འགྱུར་བ་དགོས་ཀྱི་འདུག བཙན་བྱོལ་གཞུང་གི་འགོ་ཁྲིད་དེ་ཡང་ཡག་པོ་ཡོང་དགོས་པ་གལ་ཆེན་པོ་འདུག ངས་ཉམས་མྱོང་གི་ཐོག་ནས་བཤད་ན་ཆབ་སྲིད་སློབ་སྦྱོང་དགོས་རྒྱུ་གལ་ཆེན་པོ་རེད་འདུག ནིའུ་ཡོག་ཏུ་ན་ནིང་ལས་འགུལ་འདྲ་མིན་སྤེལ་བའི་སྐབས་སུ་གསར་འགོད་པས་བཅར་འདྲི་བྱེད་སྐབས། འགའ་ཤས་ལ་སྐད་ཀྱིས་མ་འདང་བ་དང༌། སྐད་ཤེས་ཀྱང་སློབ་སྦྱོང་གི་ཚད་གཞི་མ་འདང་བའི་རྐྱེན་གྱིས་དྲི་བ་ལ་ལན་འདེབས་མི་ཐུབ་པ་དེ་འདྲ་ཡོང་གི་འདུག བརྙན་འཕྲིན་པར་ཆས་ཀྱི་མདུན་དུ་ངོ་ཚ་ནས་སྐད་ཆ་ཤོད་མི་ཐུབ་མཁན་དེ་འདྲའི་དཀའ་ངལ་ཆུང་ཙག་རིགས་མང་པོ་མཐོང་གི་འདུག དེ་ཚོ་སེམས་སྐྱོ་བའི་གནས་སྟངས་ཤིག་རེད་འདུག སྐྱབས་བཅོལ་ནང་དུ་ཚོགས་འདུ་འཚོག་མ་ཤེས་པའི་བཟོ་འདྲ་པོ། མཁས་དབང་ཁ་ཤས་ཡོད་རེད་དེ། དེ་ཚོ་དང་མི་མང་དབར་འབྲེལ་བ་དེ་ཙམ་མེད་པའི་བཟོ་འདྲ་པོ་འདུག བོད་ཀྱི་ཛ་དྲག་གི་གནས་སྟངས་འདི་འདྲའི་སྐབས་སུ་ང་ཚོས་ཕྱི་རྒྱལ་མི་ཡིན་ན་འདྲ། བོད་མི་ནང་ཁུལ་ཡིན་ནའང་ར་སྤྲོད་གསལ་པོ་བྱེད་མ་ཐུབ་པ་ཡིན་ན། མ་འོངས་པ་དུས་ཡུན་རིང་པོ་ཕྱིན་དུས་དཀའ་ལས་ཁག་པོ་ཆགས་ཀྱི་རེད། དེར་བརྟེན་སློབ་གྲྭ་འགྲོ་མཁན་ཚོས་བོད་པའི་གནས་སྟངས་ཡག་པོ་སྦྱོང་བ་དང༌། རི་མོ་མཁན་ཡིན་ནའང་བོད་དོན་སྐོར་དང༌། གཞས་པ་ཚོས་བོད་དོན་སྐོར་གཞས་གཏོང་དགོས་ཀྱི་འདུག བོད་ནང་གི་གཞས་པ་མང་པོས་བོད་དོན་སྐོར་གཏོང་གི་འདུག བཙན་བྱོལ་ནང་དུ་རེ་ཟུང་ཡོད་ཀྱི་རེད། རང་དབང་མེད་པའི་ལུང་པ་ནས་དེ་འདྲ་བྱེད་ཐུབ་དུས་ང་ཚོ་རང་དབང་ལུང་པར་ཡོད་མཁན་ཚོས་གོ་སྐབས་དེ་བཟུང་ནས་ཤུགས་རྒྱག་དགོས་པ་རེད་དྲན་གྱི་འདུག།