བུད་མེད་ཀྱི་ནུས་ཤུགས་རྒྱ་བསྐྱེད་དང་འཇིགས་ཞུམ་བཀག་བསྡོམས།
ཨ་རིའི་རྒྱལ་དོན་དྲུང་ཆེས་ཕྱི་ལོ་ ༢༠༠༩། ༣། ༨ ཉིན་རྒྱལ་སྤྱིའི་བུད་མེད་ཉིན་མོར་བྲིས་པའི་ཆེད་རྩོམ།
ལི་ཐང་འཇམ་བཟོད་ཀྱིས་བསྒྱུར།
ང་མི་ལོ་༡༡ སྔོན་དུ་རྒྱ་ནག་ལ་འགྲུལ་བཞུད་བྱས་པའི་སྐབས་སུ་རྒྱ་རིགས་བུད་མེད་ཚོས། ལས་ཀའི་དབྱེ་འབྱེད་དང་འཕྲོད་བསྟེན་གྱི་སྐྱོན་ཆ། ནང་ལས་བཙན་ཤེད། གནའ་རབས་ཁྲིམས་ལུགས་སོགས་བུད་མེད་རིགས་ཀྱིས་གདོང་ལེན་བྱེད་དགོས་པ་རྣམས། མངོན་གསལ་ཅན་དང་གསོན་ཉམས་དོད་པོའི་པར་རིས་བྲིས་ཏེ་བུད་མེད་བརྒྱ་ཕྲག་མང་པོས་མདུན་སྐྱོད་བྱས་ཡོད་པའི་སྐོར་བརྗོད་བྱུང་ཡང༌། བདུན་འགའི་སྔོན་དུ་ང་ཨ་རིའི་རྒྱལ་དོན་དྲུང་ཆེའི་མིང་ཐོག་ནས་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ལ་སོང་སྐབས། སྔོན་དུས་ཀྱི་བུད་མེད་དེ་དག་ལ་ང་བསྐྱར་དུ་ཐུག་འཕྲད་བྱུང༌། དུས་དེར་ངས་འདས་ཟིན་པའི་ལོ་བཅུ་ཕྲག་ཅིག་གི་ལས་དོན་རྣམས་གོ་ཐོས་བྱུང་ཡང༌། འཛམ་གླིང་ཐོག་བུད་མེད་ཚོས་ཧ་ཅང་གལ་གནད་ཆེ་བའི་ལས་ཀའི་ཆ་ཤས་ལེན་དགོས་པའི་རིགས་ལ། རྒྱ་ནག་གཞུང་གིས་བར་ཆད་བཏང་ཡོད་པ་ནི་ཐེམ་ཚོམ་མི་དགོས་པ་ཞིག་རེད་འདུག་ཅིང༌། ད་དུང་ཡང་གནས་སྟངས་འདི་རྒྱུན་གནས་བྱས་ཏེ་ལྷག་ཡོད་པ་རེད།
སྤྱིར་ངས་འཛམ་གླིང་འདིའི་གླིང་ཕྲན་ཚང་མའི་ནང་བུད་མེད་ཚོ་ཆབ་སྲིད་ཚོགས་པ་དང་དཔལ་འབྱོར་ལམ་ལུགས། རིག་གཞུང་འཛིན་སྐྱོང་གི་ལྟེ་གནས་སོགས་སུ་འཛུལ་ཞུགས་བྱས་པའི་ལོ་རྒྱུས་གོ་ཐོས་བྱུང་ལ། ཟླ་བ་༣ པའི་ཚེས་༨ འདི་ནི་ང་ཚོས་རྒྱལ་སྤྱིའི་བུད་མེད་ཉིན་མོར་སྲུང་བརྩི་བྱེད་པའི་དུས་ཡིན་ཞིང༌། ང་ཚོས་གོ་སྐབས་འདི་དང་བསྟུན་ནས་འཕེལ་རྒྱས་བཏང་བ་རྣམས་རྒྱུན་གནས་ཐུབ་ཐབས་དང༌། དུས་རབས་༢༡ པའི་ནང་བུད་མེད་ཚོས་ས་ཡི་གོ་ལའི་སྟེང་དུ་འཕྲད་བཞིན་པའི་དཀའ་ངལ་རྣམས་སེལ་ཐབས་སུ། ངེས་པར་དུ་ཁོག་རྒྱ་ཡངས་པོའི་ཐོག་ནས་བསམ་གཞིག་བྱེད་དགོས་ངེས་ཡིན་ཞིང༌། དུས་རབས་འདི་ལ་འཕྲད་བཞིན་པའི་དཀའ་ངལ་རྣམས་ཧ་ཅང་རྙོག་འཛིང་ཆེ་བས། བུད་མེད་ཚོར་ལས་དོན་ཁག་ལ་འཛུལ་ཞུགས་བྱེད་པའི་རང་དབང་ཆ་ཚང་མེད་ན་རྙོག་འཛིང་ཆེ་བའི་དཀའ་རྙོག་དེ་དག་སེལ་ཐབས་བྲལ་བ་ཞིག་རེད།
བུད་མེད་ཚོའིཐོབ་ཐང་དང་ནུས་ཤུགས་རྒྱ་བསྐྱེད་བཏང་ཟེར་བ་དེ་ནང་སྤྱོད་ལམ་ཙམ་གྱི་གནད་དོན་མིན་པར། འདི་ནི་གལ་འགངས་ཆེ་བའི་དཔལ་འབྱོར་ཉམས་གུད་དང་འཇིགས་སྐུལ་རིང་ལུགས། རྡུལ་ཕྲན་བཟོ་བསྐྲུན། ས་ཁུལ་རྙོག་འཛིང་གིས་ཁྱིམ་གཞིས་དང་ཚོགས་པ་ལ་འཇིགས་སྐུལ་བྱེད་མཁན། གོ་ལའི་ཚ་དྲོད་འཕེལ་བའི་དཀའ་ངལ། དེང་སྐབས་འཕྲད་བཞིན་པའི་ཉེན་ཁ་ཅན་གྱི་འཛམ་གླིང་གི་འཕྲོད་བསྟེན་དང་བདེ་འཇགས་བཅས་ལ་གདོང་ལེན་བྱེད་ཐུབ་དགོས་པ་དེ་ཡིན་ཞིང༌། ང་ཚོའི་ནུས་ཤུགས་ཡོད་ཚད་དཀའ་ངལ་དེ་དག་སེལ་ཐབས་སུ་སྤུངས་དགོས་པ་མ་གཏོགས། ཆ་ལག་མ་ཚང་བའི་ནུས་ཤུགས་ཀྱིས་དཀའ་ངལ་སེལ་ཐབས་མེད་ལགས། ད་དུང་ཡང་འཛམ་གླིང་ཐོག་དཀའ་ངལ་དེ་དག་སེལ་ཐབས་སུ་ནུས་ཤུགས་མི་འདོན་མཁན་བརྒྱ་ཆ་ལྔ་བཅུ་རྒྱབ་ཏུ་ལྷག་ཡོད། མི་རབས་སྔོན་མ་དང་བསྡུར་ན་དེང་སྐབས་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ལས་དོན། དེ་བཞིན་ཚོང་ལས་སོགས་ཀྱི་འགོ་ཁྲིད་མཁན་བུད་མེད་མང་དུ་སོང་ཡོད་ན་ཡང༌། འདི་ནི་ཕྱོགས་གཅིག་རང་གི་གནས་ཚུལ་བཟང་པོ་ཞིག་ཡིན་པ་ལས། འཛམ་གླིང་ཐོག་བུད་མེད་མང་ཆེ་བས་སློབ་སྦྱོང་གི་གོ་སྐབས་མ་རག་པ་དང༌། བཙན་གཡེམ་བྱས་པ། དངུལ་གྱི་ཆེད་དུ་ནག་ཚོང་གི་རིགས་ལ་བེད་སྤྱད་པ། ཐ་ན་ཉིན་རེའི་ཟས་མ་རག་པའི་གནས་སྟངས་སྐྱོ་པོའི་ངང་ནས་འཚོ་བཞིན་ཡོད། དེ་བཞིན་དེང་སྐབས་ས་ཆ་མང་པོ་ཞིག་ནང་ལྷ་དམག་ཟེར་བའི་མིང་རྫུས་འོག་ནས། བུད་མེད་རྣམས་དྲག་པོའི་ལས་ལ་ཞུགས་ཏེ་དབང་པོ་སོགས་སྐྱོན་ཅན་ཆགས་པས་མ་ཚད། བུ་མོ་གཞོན་ནུ་མ་རང་སྲོག་གཏོང་མཁན་དང༌། འཚེ་བའི་ལས་ལ་ཞུགས་ཐུབ་ཐབས་སུ་སྦྱོང་བརྡར་སྤྲད་པ་སོགས་ལ་བུད་མེད་མང་པོས་མི་འདོད་བཞིན་དུ་ལས་དོན་དེ་དག་ལ་ཨུ་ཚུགས་ཀྱིས་འཇུག་བཞིན་ཡོད།
ཟླ་གྲངས་འགའི་སྔོན་དུ་ཨབ་གྷ་ནི་སི་ཐན་ནང་བུ་མོ་ཞིག་སློབ་གྲྭར་བསྐྱོད་པའི་སྐབས་སུ། ལམ་བར་དུ་ཕོ་གསར་སྡེ་ཚན་གཅིག་དང་ཐུག་སྐབས་ཕོ་གསར་དེ་དག་གིས་བུ་མོའི་གདོང་ལ་རྫས་འགྱུར་བྱུགས་ཏེ། བུ་མོ་དེའི་མིག་གཉིས་ཀྱིས་རྩ་བ་ནས་ལྟ་མ་ཐུབ་པ་བཟོས་ཡོད་པ་རེད། རྒྱུ་མཚན་གང་ལ་བརྟེན་ནས་བུ་མོ་དེའི་གདོང་ལ་རྫས་འགྱུར་བྱུགས་པ་རེད་ཟེར་ན། དེ་ནི་བུ་མོ་ཤེས་ཡོན་གྱི་ཆེད་དུ་འགྲོ་ཡི་འདུག་ཟེར་བ་ལས་གཞན་རྒྱུ་མཚན་གང་ཡང་མེད་པ་རེད། ཕོ་གསར་དེ་དག་གིས་བུ་མོ་དང་བུ་མོའི་ནང་མིའི་ནོར་འཁྲུལ་ལ་འཇིགས་སྐུལ་བྱེད་རྩིས་བྱས་ཡོད་ཀྱང༌། བུ་མོ་དེས། ངའི་ཕ་མས་གལ་སྲིད་ཁྱེད་རང་བསད་ནའང་སློབ་གྲྭར་འགྲོ་དགོས་རེད་ཟེར་ནས་བརྗོད་ཀྱི་འདུག་ཟེར།
བུ་མོ་གཞོན་ནུ་མ་དེའི་སྙིང་སྟོབས་ཀྱིས། ང་ཚོ་ཕོ་མོ་དབྱེར་མེད་ལ་དཀའ་ངལ་སེལ་བའི་ལས་དོན་ཕྲག་ཏུ་ལེན་དགོས་པའི་སྐུལ་མ་བཏང་ཡོད་ལ། ང་ཚོས་མུ་མཐུད་ནས་གང་ཐུབ་ཐུབ་དེ་འདྲ་བའི་བུ་མོ་དང་བུད་མེད་ཚོར་ལྷན་སྐྱེས་སུ་ཡོད་པའི་ཐོབ་ཐང་རྣམས་ངེས་པར་དུ་སྲུང་སྐྱོབ་བྱེད་ཐུབ་དགོས། དམིགས་བསལ་གྱིས་ད་ལྟ་དཔལ་འབྱོར་ཉམས་གུད་ཀྱི་རྙོག་འཛིང་འགྲོ་བཞིན་པའི་སྐབས་འདིར། བུད་མེད་ཚོའི་རྒྱབ་སྐྱོར་གྱིས་མ་རྩ་འཇོག་རྒྱུ་དེས་དཔལ་འབྱོར་རྩ་བརྟན་གཏོང་རྒྱུ་དང་སྤྱི་ཚོགས་ནུས་ཤུགས་ལྡན་པ། ཚོགས་པ་བདེ་འཇགས་ཡོང་བ། ཞི་བདེ་དར་རྒྱས་ཐུབ་པ་སོགས་ཀྱི་གྲུབ་འབྲས་ཐོན་ཐུབ་ལ་བུད་མེད་ཚོས་མ་རྩ་འཇོག་པ་དེའི་ཡོང་འབབ་རྣམས་ཕྲུ་གུའི་ཟས་དང་སྨན། སློབ་གྲྭ་བཅས་ལ་བཏང་སྟེ་མི་རབས་རྗེས་མ་ཚོའི་ལམ་ཕྱོགས་ལའང་རྒྱབ་སྐྱོར་བྱས་པ་ཞིག་རེད། ཡར་རྒྱས་སོང་ཟིན་པའི་རྒྱལ་ཁབ་ཁག་གི་བུད་མེད་ཚོར་དཔལ་འབྱོར་གྱི་ནུས་པ་དང་མཐུན་རྐྱེན་སོགས་འདང་ངེས་ཡོད་པས། འཚོ་བའི་ཐད་ཀྱི་དཀའ་ངལ་རྣམས་ལ་དེ་ཙམ་རྒྱུས་མངའ་མེད་མོད། རྒྱལ་ཁབ་སྐྱོ་པོའི་བུད་མེད་མང་པོའི་ལས་ཀ་ཁྱོ་གའི་ལས་ཀ་དང་གཅིག་པ་ཡིན་རུང་ཡོང་འབབ་ཁྱོ་ག་ལས་ཉུང་བ་ཡིན། ལས་གནས་གཅིག་ལ་ཡོང་འབབ་མི་འདྲ་བ་གཉིས་ཆགས་པའི་བར་ཐག་འདི་ལ་བརྟེན་ནས། ཨ་རིའི་སྲིད་འཛིན་ཨོ་བྷ་མས་བུད་མེད་ཚོའི་ནུས་ཤུགས་སྤེལ་ཆེད་དང་སྤྱི་སྙོམས་མ་ཡིན་པའི་གླ་ཕོགས་སྤྲོད་སྟངས་ཐད། བསྒྱུར་བཅོས་ཀྱི་གོམ་སྟོབས་མདུན་དུ་སྤོས་ནས་ལས་གནས་ལ་དྲང་བདེན་གྱི་གླ་ཕོགས་སྤྲོད་དགོས་ཟེར་བར་ས་རྟགས་བརྒྱབ་སྟེ་འདི་ལོ་འགྲེམས་སྤེལ་བྱས་ཡོད་པ་རེད།
བུད་མེད་ཚོར་ལས་ཀའི་གོ་སྐབས་དང་དྲང་བདེན་གྱི་གླ་ཕོགས་ཚོང་ལས་སོགས་འགོ་འཛུགས་བྱེད་དགོས་ཤིང༌། དེ་བཞིན་འོས་འཕེན་གྱི་ཐོབ་ཐང་སྤྱི་སྙོམས་དང་ཆབ་སྲིད་ལ་རང་དབང་དགོས་པ། གཞུང་དང་ལས་ཁུངས་ཁག་ཏུ་འཛུལ་ཞུགས་ཆེད་རང་དབང་གི་སྒོ་ནས་སྙན་ཞུ་འབུལ་ཆོག་པ། ནང་མི་དང་རང་ཉིད་ཀྱི་འཕྲོད་བསྟེན་ལ་བདེ་འཇགས་ཀྱི་ཐོབ་ཐང་དགོས་པ། ཤ་ལས་སྐྱེས་པའི་བུ་ཕྲུག་ཚོ་སློབ་གྲྭར་གཏོང་བའི་ཐོབ་ཐང་དགོས་པ་མ་ཚད། གཞི་རྒྱ་ཆེ་བའི་འཛམ་གླིང་འདིའི་ཐོག་བུད་མེད་ཚོར་ཞི་བདེ་དང༌། བདེ་འཇགས་ཀྱི་ཆེད་དུ་ལས་དོན་སྒྲུབ་པའི་འགན་ཆེན་པོ་ཡོད་ཅིང༌། དེ་བཞིན་གཡུལ་འགྱེད་འཐབ་འཁྲུགས་ཀྱིས་ས་ཁུལ་རྣམས་ཡ་བྲལ་བཏང་པའི་སྐབས། བུད་མེད་ཚོས་ས་ཁུལ་འདྲ་མིན་སྣ་ཚོགས་སུ་ལམ་ཁ་བཙལ་ཏེ་རྒྱུན་ལྡན་གྱི་འཚོ་བ་གསར་གཏོད་བྱེད་བཞིན་ཡོད། ང་ལྟ་བུར་ཆ་མཚོན་ན་རྒྱལ་དོན་དྲུང་ཆེའི་མིང་གནས་འདིའི་འོག་འཛམ་གླིང་གི་ས་ཕྱོགས་གང་སར་འགྲུལ་བཞུད་བྱས་ཡོད་ཅིང༌། སྐབས་དེར་སྤྱི་སྙོམས་མིན་པའི་ཁྲིམས་ལུགས་ལ་ངོ་རྒོལ་བྱས་ཏེ་རང་གི་རྒྱུ་ནོར་རང་བདག་བྱས་པ་དང༌། གཉེན་སྒྲིག་རྟེན་འབྲེལ་གྱི་ཐོབ་ཐང་ཡོད་པ། སློབ་གྲྭར་འགྲོ་བ། ནང་མིར་རྒྱབ་སྐྱོར་བྱེད་པ། ཞི་བདེའི་དོན་དུ་ལས་དོན་སྒྲུབ་མཁན་གྱི་བུད་མེད་ང་ལ་ཐུག་འཕྲད་བྱེད་མྱོང་ཡོད་པ་རྣམས་ནི། ནམ་ཡང་ངའི་དྲན་པའི་མེ་ལོང་ངོས་ནས་བརྗེད་ཐབས་བྲལ་བ་ཞིག་རེད།
ང་དང་ཆབ་སྲིད་ཀྱི་གོ་གནས་འདྲ་མཉམ་ཡིན་པའི་རྒྱལ་ཁབ་གཞན་ཁག་གི་དཔོན་རིགས་ཚོ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག ཚོང་པ། གང་ཟག་བྱེ་བྲག་པ་སུ་ལའང་བུད་མེད་ཀྱི་གནད་དོན་འདིའི་སྐོར་ངས་རྒྱ་གང་ཆེ་ཁྱབ་བསྒྲགས་བྱེད་ཀྱི་ཡོད་ལ། དེ་བཞིན་ངས་བློ་སེམས་ཅིག་ཏུ་བསྒྲིལ་ནས་ངེས་ཤེས་རྙེད་པ་དང་ཁས་ལེན་བྱེད་རྒྱུ་ནི། བུད་མེད་རྒན་གཞོན་ཡོངས་རྫོགས་ལ་དྲང་བདེན་གྱི་ཐོབ་ཐང་དགོས་པ་ཙམ་གྱི་གནད་དོན་མིན་པར། ས་ཡི་གོ་ལར་ཞི་བདེའི་རིན་ཐང་སྤེལ་ཐབས་དང་ཡར་རྒྱས། འབྱུང་འགྱུར་མི་རབས་གསར་པ་ཚོར་ལོངས་སྤྱོད་དཔལ་ཡོན་དར་སྤེལ་གཏོང་ཐབས་ཀྱི་གནད་དོན་བཅས་བུད་མེད་ཚོ་དང་ཧ་ཅང་འབྲེལ་བ་ཆེན་པོ་ཡོད།།