བོད་སྐད་གཙང་མ་བཤད་པའི་ལས་འགུལ།

འགུ་ལོག་དམ་ཆོས་དཔལ་བཟང༌
བོད་མི་རིགས་གཞིས་བྱེས་གཉིས་སུ་ཁ་གྱེས་ནས་༡༩༥༩ ནས་༢༠༠༩ད་ལྟའི་བར། བཙན་བྱོལ་བ་རྣམས་འཛམ་གླིང་གི་ཕྱོགས་བཞི་མཚམས་བརྒྱད་དུ་གནས་བཅའ་དགོས་བྱུང་ཡོད་ལ། གཞིས་ལུས་མི་མང་ནི་རྒྱ་ནག་གཞུང་གིས་དབང་བསྒྱུར་འོག་འཚོ་ཞིང་གནས། གནས་སྟངས་ལ་མཚོན་ན་ལུས་སེམས་གཉིས་ཀ་སྡུག་བསྔལ་བའི་རང་བཞིན་ལས་མ་འདས་ཀྱང༌། དུས་ཚོད་ཀྱི་དབང་གིས་རིག་གཞུང་གི་བཙན་གནོན་བྱས་སྐོར་མ་གཏོགས་བཤད་ཀྱི་མིན། དཔེར་ན། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དང༌། བདེ་ཆེན་བོད་རིགས་རང་སྐྱོང་ཁུལ། རྔ་བ་བོད་རིགས་རང་ཁུལ། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བཞིའི་ས་ཁུལ་ལ་༡༩༧༨ ལོ་བར་དུ་བོད་ཡིག་སློབ་གྲྭ་བཙུགས་མེད་ལ། བོད་ལྗོངས་དང༌། མཚོ་སྔོན་ཞིང་ཆེན་གཉིས་ལ་བོད་ཡིག་གི་སློབ་གྲྭའི་མིང་ཙམ་ཡོད་ཀྱང་བོད་ཡིག་གཙོ་བོར་བཟུང་མེད། དེར་བརྟེན་བོད་ཆོལ་ཁ་གསུམ་གྱི་ཁྱོན་ལ་རྒྱ་ཡིག་རྒྱ་སྐད་ཡག་པོ་མ་ཤེས་ན་ལས་ཀ་ཐེབས་ཆག་མ་གཏོགས་ཐོབ་ཀྱི་མེད་པ་དང༌།

བོད་ཀྱི་ན་གཞོན་སྟོང་ཕྲག་མང་པོས་དང་ཐོག་རྒྱ་ཡིག་རྒྱ་སྐད་སློབ་རྒྱུ་གཙོ་བོར་བཟུང་བའི་རྒྱུ་རྐྱེན་དེར་ཐུག བོད་ས་ཤོར་ནས་ད་ལྟའི་བར་ཞིང་ཆེན་ནས་རང་སྐྱོང་ལྗོངས་དང་ཁུལ། ས་གནས་སྲིད་གཞུང་བར་རྩིས་ཁྲ་དང་གཞུང་ཡིག་ཆེ་ཕྲ་བརྒྱ་ཆ་དགུ་བཅུ་རྒྱ་ཡིག་རྐྱང་རྐྱང་ཡིན། མི་རིགས་ཤིག་དང་རྒྱལ་ཁབ་ཅིག་ལ་མཚོན་ན་སྐད་དང་ཡི་གེ་ནི་སྲོག་རྩ་ལྟ་བུ་ཆགས་ཡོད། དཔེར་ན། བོད་ཡིག་དང་བོད་སྐད་གཙང་མ་ཞིག་བེད་སྤྱོད་བྱེད་ས་མེད་ཚེ། བོད་ལ་རིག་གཞུང་ཕྱུག་པོ་ཡོད་ཟེར་བ་ཙམ་ལས། བོད་ཀྱི་རིག་གཞུང་ཕྱུག་པོ་ཡོད་པ་ཕན་ཐོགས་མེད་པར་གྱུར་པ་ཡིན་པས། ནམ་ཞིག་ནང་སོག་རྗེས་སུ་མི་འགྲོ་བའི་ངེས་པ་མེད།
    ངའི་ཞུ་བྱའི་སྙིང་དོན་ནི། གཞན་ལ་ངོ་གནོང་མི་དགོས་པའི་སྐད་ཡིག་ངོ་མཚར་ཅན་ཞིག་ཡོད་བཞིན་དུ། མི་རིགས་གཞན་གྱི་སྐད་ཡིག་བསྲེ་སླད་གཏོང་དགོས་དོན་མི་འདུག་སྙམ་པ་དེ་ཡིན། བོད་མི་ཕན་ཚུན་སྐད་ཆ་བཤད་སྐབས་བོད་སྐད་གཙང་མ་བཤད་རྒྱུ་ནི་ཐོབ་ཐང་ཡིན་ལ། བཤད་དགོས་ངེས་ཞིག་ཀྱང་ཡིན། ཡིན་ནའང་བཙན་བྱོལ་ཁྲོད་བོད་མི་འདུས་སྡོད་ཀྱི་ཚོགས་ཆེན་དང༌། བགྲོ་གླེང༌། གློག་བརྙན། འཁྲབ་སྟོན། ལས་ཁུངས་ནང་བཅས་སུ་བོད་མི་ཕན་ཚུན་བར། བོད་སྐད་གཙང་མའི་གཏམ་བཤད་བྱེད་མཁན་ཤིན་ཏུ་དཀོན་ལ། ཧ་ལམ་མེད་ཅེས་བཤད་ཀྱང་ཧམ་པ་མིན་པའི་ཚོད་ལ་སླེབས་འདུག དེ་སྐད་ཡིག་གཞན་དག་ཤེས་པའི་སྐྱོན་མ་ཡིན་པར། སོ་སོ་ལ་སྐད་ཡིག་གཅིག་གི་ཐོག་གཏམ་བཤད་བྱེད་རྒྱུའི་སྤོབས་པ་མེད་པས་ཡིན་ལ། རྒྱུ་མཚན་གཅིག་མིང་ཚིག་མ་འདང་བ་དང༌། གཉིས་པ། ཐ་སྙད་གསར་པ་མང་དག་ཅིག་བོད་སྐད་ཐོག་མེད་པ། གསུམ་པ། གཞན་གྱི་སྐད་ཡིག་བར་བཅུག་བྱེད་པ་ཁྱད་ཆོས་ཤིག་ལ་མཐོང་མེད་དམ་སྙམ་པའང་བྱུང༌། ཕྱོགས་གཞན་ཞིག་ནས་བཤད་ན། ཁོར་ཡུག་ལའང་འབྲེལ་བ་དམ་ཟབ་ཡོད། ཇི་ལྟར་བོད་སྐད་གཙང་མ་བཤད་པ་ལ་བསམ་གཞིག་མི་བྱ་ཐབས་མེད་དུ་གྱུར། གང་ཡིན་ཞེ་ན། ང་ཚོ་ལ་མི་རིགས་ཡོད། ང་ཚོ་ལ་རིག་གཞུང་ཡོད། ང་ཚོ་ལ་རྩ་དོན་ཡོད། ང་ཚོ་ལ་ལས་འགན་ཡོད། ྋགོང་ས་མཆོག་གིས་རིགས་གཅིག་རྐང་འཛིན་གྱི་ཐེབས་རྩར་ཧིན་སྒོར་འབུམ་ཕྲག་ལྔ་བརྒྱ་གསོལ་རས་གནང་ཡོད།
    བོད་སྐད་གཙང་མ་བཤད་ཚེ་སྐད་ཡིག་གཞན་དོར་དགོས་པའི་རྒྱུ་མཚན་མིན་ལ། མི་རིགས་གཞན་གྱི་སྐད་ཡིག་ཤེས་མི་དགོས་པ་དེ་བས་ཀྱང་མིན། སྐད་རིགས་གང་བཤད་ཀྱང༌། ཡིག་རིགས་གང་བྲིས་ཀྱང༌། བརྗོད་གཞི་གང་ཞིག་ཡིན་རུང་ཡིག་རིགས་གཅིག་གི་ཐོག་སོ་སོར་གདེངས་ཚོད་ཡོད་པ་ཞིག་ངེས་པར་དུ་སློབ་གཉེར་ཡོང་དགོས། དབྱིན་ཡིག་དང་རྒྱ་ཡིག་ཡི་གེ་ཁྱབ་རྒྱ་ཆེ་བས་རྒྱ་ཡིག་དང་དབྱིན་ཡིག་ལྟ་ཀློག་ཤེས་པ་ཙམ་གྱིས་མི་ཆོག་པར་བྱང་ཆུབ་པ་དང་དཔྱིས་ཕྱིན་པ་སློབ་སྦྱོང་བྱེད་དགོས།     བོད་མིའི་ཁྲོད་མི་རིགས་གཞན་གྱི་སྐད་ཡིག་ལ་འབུར་ཐོན་རྒྱ་གར་སྐད་དང་སཾ་སྐྲི་ཏ་ལ་མཁས་པ། དེ་བཞིན་རྒྱ་ཡིག་དང་རྒྱ་སྐད་ལ་མཁས་པ། དབྱིན་ཡིག་དང་དབྱིན་སྐད་མཁས་པ་མང་པོ་ཡོད། ང་ཚོས་དེ་དག་མིག་དཔེར་བཟུང་ནས་སློབ་སྦྱོང་བྱེད་དགོས། དེ་ལྟ་བུ་རྒྱ་སྟོང་ཁྲི་འབུམ་ཡོད་ཀྱང་ཉུང་ཡོད་པ་ལས་མང་མེད། མཚོ་སྔོན་དང་ཀན་ལྷོ། རྔ་པ་ཁུལ་སོགས་ལ་དུས་རབས་ཉེར་གཅིག་པའི་འགོ་སྟོད་ཙམ་ནས་རང་འགུལ་གྱིས་འགྱུར་ལྡོག་གསར་པ་ཞིག་སླེབས་པ་ནི། མི་རིགས་སློབ་གྲྭ་ཁག་དང་བོད་རིགས་ལས་བྱེད་པའི་ཁྲོད་དྭངས་བླང་གིས་བོད་སྐད་གཙང་མ་བཤད་པའི་ལས་འགུལ་སྤེལ་ཡོད། བོད་མི་ཕན་ཚུན་བོད་སྐད་བཤད་རྒྱུ་གཙོ་བོར་འཛིན་པ་དང༌། ཐ་སྙད་གསར་པ་དག་བོད་སྐད་རང་བེད་སྤྱོད་བྱེད་པའི་ཁོར་ཡུག་བསྐྲུན་པའི་ལས་འགུལ་སྤེལ་ཡོད་པར་བཤད་ལ། མཐོ་སློབ་ཁག་ནས་ས་གནས་མི་མང་བར་སྐད་ཡིག་གཅིག་གྱུར་གྱི་ལས་འགུལ་ཁྱབ་བརྡལ་དུ་ཕྱིན་ཡོད་འདུག དཔེར་ན། སློབ་གྲྭའི་ནང་བོད་མི་ཕན་ཚུན་སྐད་ཆ་བཤད་སྐབས་བོད་སྐད་གཙང་མ་མ་བཤད་པ་ཡིན་ན་དངུལ་ཆད་དང་ལུས་ཆད་གཅོད་པ། བོད་སྐད་རྒྱ་སྐད་བསྲེས་ནས་བཤད་ན་རང་རིགས་ཀྱི་ལ་རྒྱ་དང་སྐད་ཡིག་ལ་ཤ་ཞེན་མེད་པར་བརྩི་ལ། བོད་ཀྱི་སྤྱི་ཚོགས་ནང་མི་དེའི་རིགས་ལ་མཐོང་ཧ་ཅང་ཆུང་བ། གྲོགས་པོ་གྲོགས་མོ་ནང་ཕན་ཚུན་མཛའ་སེམས་ཆུང་དུ་འགྲོ་བའི་སྣང་ཚུལ་ཡོད་ཟེར། མཚོ་སྔོན་བོད་སྐད་ཀུན་ཁྱབ་རླུང་འཕྲིན་ཁང་ནི་བོད་སྐད་གཙང་མ་བཤད་པ་དང༌། བོད་ཀྱི་རིག་གཞུང་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་བྱེད་པའི་བསྟི་གནས་གཙོ་བོ་ཆགས་ཡོད།
བཙན་བྱོལ་ཁྲོད་སྐད་ཡིག་གཅིག་གྱུར་ཡོང་བའི་འབོད་སྐུལ།    ངའི་རེ་འབོད་ཞུ་སྙིང་ནི། བོད་ཀྱི་སྐད་དང་རིག་གཞུང་འདི་ཉམས་པ་སླར་གསོ་བྱེད་ཆེད། སྐུ་སྒེར་ཡིག་ཚང་དང༌། བཀའ་ཤག གྲོས་ཚོགས་ནས་དབུ་ཁྲིད་དེ་བོད་སྐད་གཙང་མ་བཤད་པའི་ལས་འགུལ་སྤེལ་རྒྱུ་དང༌། བོད་མི་ཕན་ཚུན་བོད་སྐད་གཙང་མ་བཤད་པའི་སྲོལ་བཟང་ལག་ལེན་བསྟར་རྒྱུ། བོད་སྐད་གཙང་མ་བཤད་པའི་ལས་འགུལ་ལ་རྒྱབ་སྐྱོར་དང༌། འགྲོ་སོང་གཏོང་དགོས་རིགས་དུས་ཐོག་ལ་སྨིན་པར་བྱ་རྒྱུ། བོད་སྐད་གཙང་མ་བཤད་མཁན་ལ་བྱ་དགའ་དང༌། སྣང་ཆུང་དང་རྩིས་མེད་བྱེད་མཁན་ལ་ཆད་པ་གཅོད་རྒྱུ། སློབ་ཁྲིད་སྐབས་དང་གསུང་བཤད་གནང་སྐབས་སྐད་ཡིག་གཞན་བར་འཇུག་དགོས་པ་བྱུང་ན། རྒྱ་གར་སྐད་དུ། དབྱིན་ཇིའི་སྐད་དུ། རྒྱ་ནག་སྐད་དུ། ཞེས་དང་པོ་སྐད་ཡིག་གཞན་བསྐྱོར། དེ་ནས་བོད་སྐད་དུ། ཞེས་སློབ་ཁྲིད་དང་གསུང་བཤད་གནང་ན། ཚིག་ལ་ཉམས་དང་འགྱུར་གྱི་ནུས་པ་གསལ་པོ་མངོན་ཐུབ། དེ་མིན་རང་གི་ཆུ་ཚད་དང་ཁོར་ཡུག་ལ་ལྟོས་ནས་སྐད་ཡིག་ར་མ་ལུག་རྐྱང་རྐྱང་བཤད་པ་ཡིན་ན། ཉན་མཁན་ལ་བློ་སྐྱེད་ཀྱི་ཚོར་སྣང་ཞིག་སྟེར་རྒྱུ་ཕར་ཟད། སྐད་བསྒྱུར་གསུམ་པ་ཞིག་ཡོང་དགོས་པའི་དུས་ཚོད་སླེབས་མི་སྲིད་པ་མིན། ས་པཎ་གྱིས། ཡན་ལག་བརྒྱད་ལྡན་ཆུ་འགྲམ་ནས། བ་ཚྭའི་ཁྲོན་པ་བརྐོས་དང་མཚུངས། གསུངས་པ་དྲན་བྱུང༌། མཐའ་དོན། བོད་མི་རྩམ་གཟན་ཚང་མས་ཁུར་མཉམ་ལེན་དང་བོད་སྐད་གཙང་མ་བཤད་པ་ལ་རྒྱབ་སྐྱོར་གནང་རྒྱུ་དང༌། ཁྱར་པར་དུ་དབུ་ལ་བཞུགས་པའི་གནད་ཡོད་མི་སྣ་ཤེས་ཡོན་ཅན་རྣམས་ལ་ཐུགས་སྣང་གཞེན་བསྐུལ་ཡོང་བའི་འབོད་སྐུལ་དུ།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།