མེ་མདའ་དང་མེ་སྒྱོགས་འོག་ན་ཞི་བའི་བཅིངས་འགྲོལ་ཟེར་བ་མེད།
རྒན་གསོ་ཁང་གི་མ་བྱན་ཚ་བ་རྣམ་རྒྱལ་ཚེ་རིང༌།
ཕྱི་ལོ་༢༠༠༩ ལོ་འདི་ནི། རྒྱ་ནག་གཞུང་གིས་བོད་ནང་ལ་དྲག་པོའི་དཔུང་དམག་བཀྲམ་ནས། དྲག་གནོན་ཚབས་ཆེན་བྱས་པ་དང༌། ཆོལ་གསུམ་བོད་མི་གྲངས་ལས་འདས་པའི་ཚེ་སྲོག་ཕྲོགས་ཡོད་པ་དང། ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་དང༌། བོད་མི་ཁྲི་ཕྲག་མང་པོ་བཙན་བྱོལ་དུ་འགྲོ་དགོས་ཐུག་པ། བོད་རང་དབང་རང་བཙན་གྱི་བདེ་སྐྱིད་ཀྱི་འཚོ་བ་སྐྱེལ་བའི་སྐབས། རྒྱ་གཞུང་གིས་དྲག་པོའི་བཙན་བཟུང་བྱས་ནས། བོད་མདོ་དབུས་ཁམས་གསུམ་གྱི་རང་དབང་ལུང་པ་བཙན་འཕྲོག་བྱས་ནས་ལོ་ལྔ་བཅུ་ཟིན་ཡོད་པ་དང༌། ༡༩༥༩ ལོ་ནས་དུས་ད་ལྟ་བར་ཆོལ་གསུམ་བོད་མི་རྣམས་གདུག་རྩུབ་མནར་གཅོད་ཀྱི་འོག་ཏུ་གནས་མུས་ཡིན། ༡༩༥༩ ལོར་བོད་བཙན་བཟུང་བྱས་ཏེ། བོད་མི་གྲངས་ལས་འདས་པའི་ཚེ་སྲོག་ཕྲོགས་པ་དང༌།
༡༩༦༠ ལོ་ནས་དམངས་གཙོའི་བཅོས་བསྒྱུར་གྱི་ལས་འགུལ་ནང་གྲལ་རིམ་དབྱེ་འབྱེད་བྱས་ནས། མངའ་བདག་ཆེ་གསུམ་ལ་འཐབ་རྩོད་བྱས་ཏེ་སྐུ་དྲག་དང་བླ་དྲག དགོན་ཁག་གསུམ་ལ། མི་སྤྱོད་ལས་འདས་པའི་བྱ་སྤྱོད་སྤེལ་ནས་ཆོལ་གསུམ་བོད་མི་ཁྲི་ཕྲག་དམར་གསོད་བཏང་བ་དང༌། ཆེས་མང་པོ་བཙོན་འཇུག གདུག་རྩུབ་མནར་གཅོད་འོག་ནས་མ་བཟོད་པར་རང་ཤི་རྒྱག་དགོས་བྱུང་ཡོད་པ་རེད། རྒྱ་གཞུང་གིས་བོད་མི་རྣམས་ལ་སློབ་གསོ་གསུམ་ཟེར་པ་དང་ལེན་བྱེད་དགོས་པའི་བཙན་བཀའ་གཏང་ནས། གུང་ཁྲན་ཏང་ལ་དགའ་ཞེན་དང༌། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན། མི་དམངས་བཅིངས་འགྲོལ་དམག་ལ་དགའ་ཞེན་བྱེད་དགོས་པ་དང༌། བོད་ཀྱི་གསང་བའི་སྒྲིག་འཛུགས་རྩ་མེད་བཟོ་དགོས་པའི་ལས་འགུལ་སྤེལ་བ། རྒྱ་གཞུང་གི་བཙོན་འཇུག་དང་དམར་གསོད་ཀྱི་འོག་ནས་བོད་མི་ཁག་ཅིག་རི་ལ་བྲོས་བྱོལ་དུ་འགྲོ་དགོས་བྱུང་བ་སོགས་ལ་བརྟེན་ནས་ཆོལ་གསུམ་བོད་མི་ཕོ་ལོ་༡༨ ཡན་མཐོང་རྒྱུ་མེད་པ་ལྟ་བུ་བྱུང་མྱོང་ཡོད། དེ་ནས་རྒྱ་གཞུང་གིས་རོགས་རམ་ཚོགས་ཆུང་བཙུགས་ནས། མངའ་བདག་ཆེ་གསུམ་ཕུད་པའི་མི་མང་ཡོང་རྫོགས་ཚོགས་ཆུང་གཅིག་གི་ནང་འཛུལ་ཞུགས་ཀྱིས་ཞིང་ལས་བྱེད་བཅུག་སྟེ། འབྲུ་རིགས་རྣམས་གཞུང་ཁྲལ་དགའ་ཞེན་ཟེར་བའི་རྒྱ་ཆ་༣༠ རིན་མེད་སྤྲོད་དགོས་པ་དང༌། གཞུང་ཁྲལ་ཚོང་ནས་བརྒྱ་ཆ་༡༠ སྤྲོད་དགོས་པའི་དེ་ལ་ཁྲལ་རིན་སྤྲོད་དགོས་པ་དང༌། ཞིང་ལས་ཡག་པོ་བྱུང་མིན་ལ་མ་ལྟོས་པར། གཞུང་ཁྲལ་ནས་རྒྱ་ཆ་༡༠ སྤྲོད་དགོས་པ་དེ་ལ་རིན་པ་ཏོག་ཙམ་མ་གཏོགས་མེད་པ་དང༌། དེ་དང་དེ་འདྲ་བའི་ཤ་ཁྲལ། བལ་ཁྲལ། རྩིད་པ། ར་སྤུ། རྟག་ག་གཡེར་མ། སི་པན། སྒོག་པ་སོགས་ཁྲལ་སྤྲོད་བཅུག་པར་བརྟེན། ཁྲལ་སྡུད་བྱས་པའི་གནོད་སྐྱོན་འོག་བོད་མི་རྒྱ་ཕྲག་མང་པོ་མུག་ཤི་ཐེབས་པ་རེད།
༡༩༦༧ ལོ་རིག་གནས་གསར་བརྗེའི་ལས་འགུལ་ནང་དགོན་སྡེ་སྟོང་ཕྲག་མང་པོ་གཏོར་བཤིགས་བཏང་བ་མ་ཟད་ལྷ་སྐུ་རྟེན་གསུམ་གྲངས་ལས་འདས་པ་གང་དུ་ཁྱེར་སོང་བ་ཆ་མེད་དུ་གྱུར་པ་དང༌། རབ་བྱུང་བས་གྲྭ་ཆས་གྱོན་མི་ཆོག་པ་དང༌། གཉིས་པ་བོད་རིགས་མི་མང་རྣམས་ཀྱིས་ལྷ་སྐུ་རྟེན་གསུམ་བཤམས་མི་ཆོག་པ། གསུམ་པ་མར་མེ་འབུལ་མི་ཆོག་པ། བཞི་པ་ཕྱག་འཚལ་མི་ཆོག་པ། ལྔ་པ་ཆོས་ལུགས་ཀྱི་གནད་ཡོད་མི་སྣ་ལ་ཡིད་ཆེས་བྱེད་མི་ཆོག་པ་མ་ཟད། རིག་གཞུང་གནས་པ། གོམས་གཤིས་གནས་པ། སྲིད་ཇུས་གནས་པ། ལྟ་བ་གནས་པ། སློབ་གསོ་གནས་པ་སོགས་ལ་མཐའ་གཅིག་ཏུ་འགག་པ་བརྒྱབ་པ་མ་ཟད། བོད་ཆས་དང༌། སྐྲ་འཇོག་སྟངས་སོགས་ཀྱང་བོད་པའི་ལུགས་སྲོལ་མི་ཆོག་པ་བྱས་ནས་དྲག་གནོན་དང་བཙན་བཀའི་འོག་ནས་ཆོལ་གསུམ་བོད་རིགས་ཁྲི་ཕྲག་མང་པོའི་ཚེ་སྲོག་ཤོར་བ་དང༌། སྟོང་ཕྲག་མང་པོ་བཙོན་འཇུག་བྱས་ནས་མི་སྤྱོད་ལས་འདས་པའི་བྱ་སྤྱོད་སྤེལ་ཡོད་པ་རེད།
༡༩༧༡ ལོ་ཡས་མས་སུ་མི་མང་མཉམ་ལས་ཁང་ཟེར་བ་བཙུགས་ཤིང་མི་སྟོང་ཕྲག་མང་པོ་མུག་ཤི་ཐེབས་པ་དང༌། གྲངས་གསུམ་གྱི་ཞྭ་མོ་ཟེར་བའི་ལས་འགུལ་སྤེལ་ནས་ཆོས་ལ་དད་པ་བྱེད་པ་དང༌། ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་བ་ཁག་ལ་གྲངས་གཅིག་གི་ཞྭ་མོ་གཡོགས་ནས་མི་མང་དཀྱིལ་དུ་འཐབ་རྩོད་བཏང་བ། དེ་བཞིན་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་བ་དང༌། མི་མང་མཉམ་ལས་རུ་ཁག་གི་ནང་དུ་མ་འཛུལ་བ། གཞན་ལ་སྐུལ་མ་བྱས་པ་བཅས་ཀྱི་ཉེས་པ་གཉིས་ཚང་ན་གྲངས་གཉིས་ཀྱི་ཞྭ་མོ་བཙོན་འཇུག་བྱེད་པ། ཉེས་པ་དེ་གཉིས་ཀྱི་སྒང་ལ་མའོ་ཙེ་ཏུང་གི་གསུང་རྩོམ་ལ་ངོས་ལེན་མ་བྱས་པའམ། བོད་རང་དབང་སླར་གསོ་བཅས་ཀྱི་ལས་དོན་བྱས་པ་བཅས་ཉེས་པ་གསུམ་ཚང་ན། གྲངས་གསུམ་གྱི་ཞྭ་མོ་ཞེས་སྲོག་ཐོག་གཏོང་བ་སོགས་ཀྱི་ལས་འགུལ་སྤེལ་ནས་ཆོལ་གསུམ་སྤུན་ཟླ་འབུམ་ཕྲག་གི་ཚེ་སྲོག་ཕྲོགས་པ་རེད།
ཕྱི་ལོ་༡༩༨༠ ནས་འགན་འཁྲི་སྒེར་ལ་སྤྲད་ནས། མིང་དུ་སྤྱི་ཚོགས་རིང་ལུགས་སུ་བཏགས་ཀྱང༌། དོན་དུ་རུལ་སུངས་པའི་རིང་ལུགས་ཀྱི་ངོ་བོར་བསྒྱུར་ཏེ། དཔལ་འབྱོར་ཡོངས་རྫོགས་ལྐོག་ཟ་རུལ་སུངས་ཀྱི་ལམ་དུ་ཕྱིན་ནས་ཆོལ་གསུམ་བོད་རིགས་རྣམས་མུ་མཐུད་ནས་དཀའ་སྡུག་འོག་ཏུ་གནས་ཡོད་པ་མ་ཟད། ཆོས་དད་རང་དབང་མེད་པ་དང༌། འགྲོ་བ་མིའི་ཐོབ་ཐང་མེད་པ། བོད་མི་རྣམས་ལ་དཀའ་སྡུག་ཞུ་སའི་ཁྲིམས་ལུགས་མེད་པ་ལ་བརྟེན་ནས་༡༩༨༧ ལོར་བོད་མི་མང་རྣམས་འུ་ཐུག་ཐབས་ཟད་ནས། འཚེ་མེད་ཞི་བའི་ངོ་རྒོལ་གྱེན་ལངས་བྱུང་བ་ལ། རྒྱ་གཞུང་གིས་དྲག་གནོན་མི་སྤྱོད་ལས་འདས་པའི་བྱ་སྤྱོད་སྤེལ་ནས། བོད་མི་གྲངས་ལས་འདས་པའི་ཚེ་སྲོག་ཤོར་བ་རེད། དེ་ནས་བཟུང་ད་ལྟའི་བར་རྒྱ་གཞུང་ལ་ངོ་རྒོལ་བྱེད་མཁན་རྒྱུན་ཆད་མེད་པ་བྱུང་ཡོད་པ་དང༌། ༢༠༠༨ ལོའི་ཕྱི་ཟླ་༣ པ་ཚེས་༡༠ ནས་བོད་མདོ་དབུས་ཁམས་གསུམ་ནང་ལ་ཞི་བའི་ངོ་རྒོལ་ཤུགས་ཆེན་བྱུང་ཡོད་པ་དེ་ལ་རྒྱ་ནག་གཞུང་གིས་དྲག་གནོན་ཚབས་ཆེན་བྱས་ནས། མི་ལོ་ལྔ་བཅུའི་རིང་ལ་རྒྱ་གཞུང་གིས་ཆོལ་གསུམ་ཕོ་མོ་འབུམ་ཕྲག་མང་པོའི་ཚེ་སྲོག་ཕྲོགས་པ་དང༌། བཙོན་ཁང་དུ་ཆོལ་གསུམ་བོད་མི་ཆེས་མང་པོས་སྡུག་སྦྱོང་མནར་གཅོད་མྱངས་དང་མྱོང་བཞིན་ཡོད་པ་རེད། དེ་ལ་རྒྱ་གཞུང་གིས་༢༠༠༩ ལོ་ཕྱི་ཟླ་༣ ཚེས་༢༨ དེ་ཞིང་བྲན་ཁྲི་ཚོ་བརྒྱ་ལ་བཅིངས་འགྲོལ་བཏང་ནས་ལོ་ལྔ་བཅུ་འཁོར་བ་ལབ་པ་དེ་ནི་ཆོལ་གསུམ་སྤུན་ཟླ་ཡོངས་རྫོགས་ཀྱི་ངོས་ལེན་མི་བྱེད་པ་དང༌། མཐའ་གཅིག་ཏུ་ངོ་རྒོལ་བྱེད་རྒྱུ་ཡིན། སྡུག་སྦྱོང་མནར་གཅོད་ཀྱི་ལོ་རྒྱུས་ཞིབ་ཕྲ་བཤད་རྒྱུ་ཡོད་མོད་གནས་སྐབས་དེ་ཙམ་ཡིན།། རྒན་གསོ་ཁང་གི་མ་བྱན་ཚ་བ་རྣམ་རྒྱལ་ཚེ་རིང༌།