“བོད་ཀྱི་ཞིང་བྲན་ལམ་ལུགས་”ཞེས་པ་དེ་སུས་རྫུན་བཟོ་བྱས་པ་རེད་དམ།
ཁྲེན་བའོ་ཁུང་གིས་རྒྱ་ཡིག་ཐོག་བརྩམས། ཚེ་རིང་དབང་ཕྱུག་གིས་བོད་བསྒྱུར་བྱས།
རྒྱ་ནག་དམར་གཞུང་གིས་བོད་ལ་དབང་བསྒྱུར་བྱེད་པ་ཁྲིམས་མཐུན་ཡིན་ཚུལ་ར་སྤྲོད་བྱེད་ཆེད། ཕྱི་ལོ་༡༩༥༩ ལོའི་གོང་གི་བོད་དེ། “བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་”ཀྱི་ངོ་བོར་གཏན་འབེབས་བྱས་ཏེ། “དུས་རབས་བར་མའི་ཡོ་རོབ་གླིང་ཆེན་ལས་ཆེས་མུན་ནག་”ཡིན་ཚུལ་དྲིལ་བསྒྲགས་བྱས་པ་དང༌། རྒྱ་ནག་དམར་གཞུང་གིས་བོད་དུ་དཔུང་བསྐྱོད་དང་དབང་བསྒྱུར་བྱེད་པ་དེ་“ཞིང་བྲན་ལ་བཅིངས་བཀྲོལ་བཏང་བ་ཡིན་”ཟེར་ནས་རྒྱ་ནག་གཞུང་ཕྱོགས་ཀྱི་འདོད་གཏམ་བསྒྲགས་ཡོད། དེར་བརྟེན། འདི་ལོར་“ཞིང་བྲན་ཁྲི་ཚོ་བརྒྱ་ཡར་ལངས་ཀྱི་དུས་དྲན་ཉིན་མོ་”ཞེས་སྲུང་བརྩི་བྱས་ཏེ། ཁོང་ཚོའི་སེམས་ནང༌། ལོ་རྒྱུས་དུམ་བུ་དེ། ལྕགས་གཟེར་བརྒྱབ་པ་ནང་བཞིན་བརྟན་པོ་བཟོ་ཁུལ་གྱིས་རྒྱ་ནག་གཞུང་གིས་གང་བཤད་ལ་གནས་ཀྱི་ཡོད་སྙམ།
ཁོ་བོས་འདིའི་ཆེད་བོད་དང་རྒྱ་ནག དེ་བཞིན་རྒྱལ་ཁབ་གཞན་ནང་ཡོད་པའི་འབྲེལ་ཡོད་ལོ་རྒྱུས་ཀྱི་དཔྱད་གཞི་འཚོལ་ཞིབ་བྱས་པ་དང༌། ཆབས་ཅིག་ཕྱི་ལོ་༡༩༥༩ ལོའི་སྔོན་དུ་འཚོ་བ་བསྐྱལ་མྱོང་བའི་བོད་མིའི་ཁོངས་ད་ཆ་དགུང་ལོ་བདུན་ཅུར་ཕེབས་པའི་བོད་བཙན་བྱོལ་གཞུང་གི་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་སོགས་ལ་བཅར་འདྲི་ཞུས་པ་ཡིན། ཤེས་རྟོགས་བྱུང་བར་གཞིགས་ན། སྔོན་མའི་བོད་དེ་“ཞིང་བྲན་ལམ་ལུགས་”ཟེར་ནས་སྐྱོན་འཛུགས་བྱེད་མཁན་རྒྱ་ནག་དམར་གཞུང་གཅིག་པུ་ཡིན་པ་མ་གཏོགས། དེ་བྱིངས་ཀྱི་ལོ་རྒྱུས་ཡིག་ཆ་དང༌། ལྷག་པར་བོད་མི་རང་གི་བཤད་སྟངས་ལ་བལྟས་ན། ཚང་མས་རྒྱ་གཞུང་གི་བརྗོད་བབ་ལ་ངོས་ལེན་རྩ་བ་ནས་བྱེད་ཀྱི་མེད། ཕྱི་ལོ་༡༩༥༩ ལོའི་སྔོན་དུ་བོད་ཀྱི་མི་འབོར་གྲུབ་ཆ་སྤྱིར་བཏང་གི་ཆ་བགོས་བྱེད་སྟངས་ནི། སོ་ནམ་ཞིང་པ༌། འབྲོག་པ། ལག་ཤེས་བཟོ་ལས་པ། གྲྭ་པ་དང་བཙུན་མ། ཚོང་པ་སོགས་ཡིན་ཞིང༌། དགོན་པར་གནས་འཁོད་གྲྭ་བཙུན་རྣམས་ཕུད། སྤྱིར་བཏང་གི་བོད་མིའི་ནང་ཞིང་པ་བརྒྱ་ཆ་༦༠ ཙམ་ཟིན་པ་དང༌། འབྲོག་པ་བརྒྱ་ཆ་༣༠ ལག་ཤེས་བཟོ་ལས་པ་སོགས་བརྒྱ་ཆ་༡༠ ལྷག་ཟིན་གྱི་ཡོད། སྐབས་དེར་བོད་ཀྱི་ས་ཞིང་རྣམས། གཞུང་གཞིས་དང་སྒེར་གཞིས། མཆོད་གཞིས་བཅས་ཁག་གསུམ་ལ་དབང་ཡོད། ས་ཞིང་མེད་པའི་ཞིང་པ་དང་འབྲོག་པ་མེད་ཅིང༌། ཁོང་ཚོས་ས་ཞིང་བོགས་མར་བླངས་ཏེ་འདེབས་ལས་ཀྱི་འཚོ་ཐབས་བྱེད་ཀྱི་ཡོད། བོད་ཀྱི་ས་ཞིང་གི་བདག་པོ་རྣམས་ལ་མངའ་བདག་གམ་ས་བདག་གང་རུང་གི་མིང་བཏགས་ཡོད་ཀྱང༌། དེའི་ནང་གི་བོགས་མ་ལེན་མཁན་དང་ས་ཆའི་བདག་པོའི་དབར་གྱི་འབྲེལ་བ་དེ། དུས་སྐབས་དེ་དང་མཚུངས་པའི་རྒྱལ་ཁབ་གཞན་གྱི་གནས་སྟངས་དང་མི་མཐུན་པ་གང་ཡང་མེད།
དོན་དངོས་ཐོག་དུས་རབས་༢༠ པའི་དུས་དཀྱིལ་དུ་འཚོ་སྡོད་བྱས་པའི་བོད་ཀྱི་ཞིང་པ་དང་འབྲོག་པ་རྣམས། དུས་སྐབས་དེ་དང་མཚུངས་པའི་རྒྱ་ནག་གི་ཞིང་འབྲོག་མི་མང་གི་གནས་སྟངས་དང་བསྡུར་ན། གནས་བབ་འདྲ་མཚུངས་རེད། འོན་ཏེ། བོད་ཀྱི་ཞིང་འབྲོག་མི་མང་གི་ལོངས་སྤྱད་པའི་རང་དབང་གི་ཚད་གཞི་དང་འཚོ་བའི་ཆ་རྐྱེན་དེ་བས་ལེགས་པ་ཡོད། རྒྱུ་རྐྱེན་ནི། སྐབས་དེར་རྒྱ་ནག་ནང་ཁུལ་གྱི་དམག་འཁྲུག་ནང་ལྷུངས་ཡོད་སྟབས། རྒྱ་ནག་གི་ཞིང་པ་ཚོའི་ཁུར་པོ་ཧ་ཅང་ལྗིད་པོ་ཡིན་པས་འཚོ་གནས་བྱ་རྒྱུར་ཉིན་འཁྱོལ་ཡང་མཚན་མི་འཁྱོལ་བའི་གནས་སུ་གྱར་ཡོད་ཀྱང༌། བོད་ཀྱི་ས་ཁོངས་སུ་དུས་བདེ་ཞི་འཇགས་ངང་གནས་བོད་གཞུང་ནས་སྐབས་དེར་བར་བཞུགས་ཀྱི་སྲིད་བྱུས་བཟུང་ཡོད་པར་བརྟེན། འཛམ་གླིང་གི་དམག་འཁྲུག་དང་ཉེ་འཁོར་རྒྱལ་ཁབ་ཕན་ཚུན་གྱི་དམག་འཁྲུག་ནང་ཚུད་མེད།ཡོད་པ་དང༌། མང་ཚོགས་རྣམས་བདེ་ཞིང་སྐྱིད་པ་དང༌། ཞིང་ཁ་ལྗང་ཞིང༌། ཕྱུགས་རིགས་འཕེལ་བའི་དུས་བདེའི་རྣམ་པས་ཁེངས་ཡོད། ས་ཞིང་བོགས་མ་ལེན་མཁན་གྱི་ཞིང་འབྲོག་ཚོས་ལོ་རེར་ས་ཞིང་བདག་པོར་ཐོན་འབབ་ཀྱི་བརྒྱ་ཆ་ཁ་ཤས་ཡར་རྩིས་འབུལ་ཞུ་ཡི་ཡོད་པའི་ནང༌། ཁྲལ་དང་ས་བོགས་ཀྱིས་ལོ་རེའི་ཐོན་འབབ་ཀྱི་བརྒྱ་ཆ་༢ ནས་༤ ལས་ཟིན་གྱི་མེད། གལ་ཏེ་ལོ་ཉེས་དང་རང་བྱུང་ཁམས་ཀྱི་གནོད་འཚེ་བྱུང་ན་བརྒྱ་ཆའི་འབབ་རྣམས་འབུལ་དགོས་ཀྱི་མེད།
ཕྱི་ལོ་༡༩༥༩ ལོའི་གོང་དུ་བོད་ནང་མུ་གེ་བྱུང་མྱོང་མེད་པ་དང༌། དེ་བས་ཀྱང་མི་ལྟོགས་ཤི་ཐེབས་པའི་ཟིན་ཐོ་འགོད་པ་བྱུང་མེད། རྒྱ་ནག་གཞུང་གིས་བོད་ལ་དབང་བསྒྱུར་བྱས་པ་ནས་བཟུང༌། ཁྲག་དྲི་བྲོ་བའི་དམངས་གཙོའི་བཅོས་བསྒྱུར་དང༌། མི་དམངས་སྤྱི་ཁང༌། མདུན་མཆོངས་ཆེན་མོ། རིག་གནས་གསར་བརྗེ་སོགས་མིང་འདོགས་སྣ་ཚོགས་ཀྱི་ལས་འགུལ་རིམ་པ་བོད་མིའི་ཐོག་ཏུ་བཙན་འགེལ་བྱས་པ་དང་དུས་མཚུངས་བོད་ཀྱི་འབྲུ་རིགས་རྣམས་རྒྱ་ནག་ཏུ་དབོར་འདྲེན་བྱས་ཤིང༌། ཚབས་ཆེའི་སྐབས་སུ་སོན་འབྲུ་ཡན་མ་ལྷག་པར། ལོ་རབས་ལྔ་བཅུ་ནས་ལོ་རབས་དྲུག་ཅུའི་ལོ་སྟོད་བར་བོད་ནང་གཞི་རྒྱ་ཆེ་བའི་མུ་གེ་བྱུང་བ་དེ་ནི་བོད་ཀྱི་ལོ་རྒྱུས་ཐོག་མུ་གེ་བྱུང་བ་ཐེངས་དང་པོ་རེད། དེ་སྔ་རྒྱ་ནག་རྒྱལ་ཡོངས་མི་དམངས་རྒྱུན་ལས་འཐུས་ཚོགས་ཀྱི་ཚོགས་གཞོན་གནང་མྱོང་བའི་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་མཚན་མཆོག་ནས་བོད་ས་ཁག་ཅིག་ཏུ་འཚམས་གཟིགས་ལ་ཕེབས་སྐབས། བོད་མི་རྣམས་ཀྱིས་པུས་མོ་ས་ལ་བཙུགས་ཏེ། སྐྱེ་འགྲོ་རྣམས་མུ་གེས་ཤི་མ་འཇུག་པ་དང༌། སངས་རྒྱས་ཀྱི་བསྟན་པ་ཉམས་ཆགས་མི་འོང་བ་ཞེས་ངུ་འབོད་བྱེད་བཞིན་གསོལ་བ་ཕུར་ཚུགས་སུ་བཏབ་ཡོད་པར་བརྟེན། ཁོང་གིས་རྒྱ་ནག་གི་སྲིད་བློན་ཀྲུའུ་ཨེན་ལེར་༵༵ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་ཀཀཕུལ་ཏེ། “འདས་པའི་བོད་ནང་ནང་ཆོས་དར་ཁྱབ་ཆེ་བས། མཐོ་དམན་དྲག་ཞན་གྱི་དབྱེ་བ་མེད་པར་མི་ཚང་མས་དབུལ་སྐྱོབས་རོགས་སྐྱོར་བྱེད་པའི་གོམས་གཤིས་ཡོད་པའི་དབང་གིས། ལྟོ་སློང་མཁན་ཚོ་ཡང་ལྟོགས་ཤི་ཐེབས་པའི་གནས་ཚུལ་བྱུང་མྱོང་མེད། དེང་སང༌། ཟས་ཟ་རྒྱུ་མེད་པའི་དབང་གིས་མི་མང་པོ་ཤི་འགྲོ་བ་དང༌། ནང་མི་ཚང་མ་སྡེབ་ཤི་ཐེབ་ཀྱི་ཡོད། སྔོན་མ་ཡིན་ན་ཟས་སློང་མཁན་ལ་ཕོར་བ་འཁྱེར་རྒྱུ་ཡོད་ཀྱང༌། ད་ཆ་ཟས་སློང་མཁན་ལ་ཕོར་བ་ཡང་འཁྱེར་རྒྱུ་ཡོད་མ་རེད་”ཅེས་ཐུགས་ཕམ་ཆེན་པོས་སྙན་ཞུའི་ནང་བཀོད་ཡོད་པ་རེད། རྒྱ་ནག་གཞུང་ལ་དངོས་དོན་གྱི་སྙན་ཞུ་བརྒྱབ་པར་བརྟེན། བོད་ཀྱི་བླ་ཆེན་ཨང་གཉིས་པ་ཡིན་པའི་པཎ་ཆེན་རིན་པོ་ཆེ་རྒྱ་ནག་གཞུང་གིས་བཙོན་ཁང་ནང་ལོ་བཅུ་ཏག་ཏག་བཅུག་པ་རེད། དེ་སྔའི་བོད་ཀྱི་ཁྲིམས་ལུགས་ལ་གཞིགས་ན། ས་ཞིང་བདག་པོ་རྣམས་ཀྱིས་ས་ཆ་བོགས་མ་ལེན་མཁན་གྱི་གླ་པ་རྣམས་ཕྱིར་འབུད་བྱེད་མི་ཆོག་པ་དང༌། དེ་བས་གླ་མིར་ཉེས་རྡུང་སོགས་ཆད་པ་གཅོད་མི་ཆོག གལ་ཏེ་མང་ཚོགས་ཀྱིས་ཉེས་པ་བསགས་ཡོད་ན། མངའ་བདག་གམ་ས་བདག་སུ་རུང་ནས་གང་བྱུང་ཉེས་པ་འགེལ་མི་ཆོག་པར། ངེས་པར་དུ་གཞུང་གི་ཁྲིམས་ཀྱི་འགྲོ་ལུགས་ལྟར་འགྲོ་དགོས། ཕྱི་ལོ་༡༩༥༩ ལོའི་སྔོན་བོད་རྒྱལ་ཡོངས་ནང་བཙོན་པ་གྲངས་བརྒྱ་སྐོར་ཞིག་ལས་མེད་ཀྱང༌། རྒྱ་ནག་གཞུང་གིས་བོད་དབང་བསྒྱུར་རྗེས། བོད་ས་ཡོངས་ལ་བཙོན་ཁང་དང་བསྒྱུར་བཀོད་རྭ་བས་ཁེངས་ཏེ། བཙོན་འཇུག་བྱས་པའི་བཙོན་པ་ཁྲི་ཕྲག་བརྒལ་ཞིང༌། ལྷག་དོན་དུ་གཞུང་དང་ལྟ་བ་མི་མཐུན་པའི་ཆབ་སྲིད་བཙོན་པ་ཕོན་ཆེ་བཅུག་ཡོད། ཆོས་དད་རང་དབང་མཐའ་སྐྱེལ་བྱས་པར་བརྟེན་བཙོན་ཁང་དུ་བཅུག་པ་ནི། དེ་སྔའི་བོད་ཀྱི་དུས་སྐབས་སུ་གནས་སྟངས་དེ་རིགས་བློ་ཡུལ་ལས་མི་ཤོང་བ་ཞིག་རེད།
དེ་སྔའི་བོད་གཞུང་གི་སྲི་ཞུའི་གྲུབ་ཆ་ནི། ཕྱེད་སྐྱ་བོ་དང་ཕྱེད་སེར་མོ་བའི་རྩེ་དྲུང་ལས་གྲུབ་པ་ཡིན། དེའི་ནང་སྐྱ་བོའི་དཔོན་རིགས་ཆེ་གྲས་ཁག་གཅིག་ཕ་རྒྱུད་བུ་འཛིན་གྱི་ལམ་སྲོལ་ཡོད་པ་དེ་ཅུང་སྔ་བའི་རྒྱ་ནག་དང་རྒྱལ་ཁབ་གཞན་གྱི་གནས་སྟངས་དང་ཆ་མཚུངས་ཀྱང༌། རྩེ་དྲུང་རྣམས་ཀྱི་ཁྱིམ་ཚང་རྒྱབ་ལྗོངས་ཇི་ཡིན་ལ་ལྟ་ཡི་མེད་པར་མང་ཆེ་བ་དགོན་སྡེ་ཁག་ནས་བསྡུས་པའི་གྲྭ་རྒྱུན་བློ་རིགས་གསལ་བའི་ཞིང་འབྲོག་མི་མང་གི་བུ་ཕྲུག་ཡིན། བོད་མིར་གཏམ་དཔེ་ཞིག་ཡོད་པ་སྟེ། ཨ་མའི་བུ་ལ་ཡོན་ཏན་ཡོད་ན། དགའ་ལྡན་ཁྲི་ལ་བདག་པོ་མེད། བོད་དུ་ལག་བསྟར་བྱས་པ་དེ་ནི་“ཆོས་སྲིད་གཅིག་བསྡུས་”མ་ཡིན་པར་ སྒྱཋཐ“ྟྗྟཅསྒྱ”ཋཐ“ྟྗྟྦཅ” ༵༵ཆོས་སྲིད་ཟུང་འབྲེལ་ཀཀརེད། དེ་ནི་བོད་འདི་ནང་པའི་རྒྱལ་ཁབ་ཅིག་ཡིན་པའི་དམིགས་བསལ་ཁྱད་ཆོས་ཤིག་མངོན་པ་འདི་རེད། ནང་ཆོས་ཀྱི་རྒྱལ་ཁབ་འཛུགས་པ་དེས་བོད་གཞུང་དམངས་ནས་དོ་སྣང་བྱེད་ས་འདི་བྱམས་བརྩེ་དང༌། དགེ་སྐྱོང༌། དྲང་བདེན་དང་ཁ་དན་ལ་གནས་པ། དབུལ་ཕོངས་དང་ཉམ་ཐག་ལ་རོགས་ཕན་བྱེད་པའི་འཇམ་མཉེན་གྱི་རིན་ཐང་ཞིག་ལྡན་ཡོད་སྟབས། བཤུ་གཞོག་དང༌། བཙན་དབང་ཐུབ་ཚོད། ཧམ་འཕྲོག དྲག་པོས་ཉམ་ཆུང་ལ་བཙན་གནོན་གཏོང་བ་སོགས་མ་རབས་ཐ་ཤལ་གྱི་ཆབ་སྲིད་ཀྱི་བྱེད་ལུགས་དང་མེ་ཆུ་ལྟར་མཐུན་ཐབས་མེད།
རྒྱ་ནག་གཞུང་གིས་“མངའ་བདག་”དང་“ཞིང་བྲན་”ཞེས་མིང་ཚིག་གསར་བཟོ་བྱས་པ་མ་ཟད། ད་དུང་མི་བདེན་རྫུན་སྒྲིག་གིས་“མི་སྤགས་བཤུ་བ་”དང་“མིག་རིལ་བཏོན་པ་”སོགས་སྒྲུང་མང་པོ་བརྩམས་པ་དེ་དག་གིས་མི་རྣམས་ཐོས་པ་ཙམ་གྱིས་སྐྲག་སྣང་སྐྱེ་དགོས་པ་ཞིག་བཟོས་ཡོད་ཀྱང༌། དེ་ནི་དངོས་ཡོད་བོད་ཀྱི་དེ་སྔའི་གནས་སྟངས་དང་མི་མཐུན་རྟ་གཡག་མགོ་སྦྲེལ་ལྟ་བུ་རེད། དེ་ལས་རྒྱ་ནག་དམར་གཞུང་ཁོ་རང་ཚོའི་ཁྲིམས་གཅོད་གཏོང་སྟངས་དེ་དག་འཛམ་གླིང་ནང་གདུག་རྩུབ་ཆེ་ཤོས་ཡིན་པ་རྒྱ་གྲགས་བོད་གྲགས་རེད། དེ་ཡང༌། རྒྱ་ནག་གཞུང་དང་ལྟ་བ་མི་མཐུན་པའི་རྒྱ་མི་རིགས་ཀྲང་ཌ་ཤིན་གྱི་མིག་རྩ་བཅད་པ་དང༌། ཀྲུང་ཧད་ཡོན་གྱི་ཕོ་རྩ་བཀོག་པ། ལིས་ཅུའུ་ལན་གྱི་འགྲམ་པ་ནས་ལྕེ་རྩེ་བར་སྙུག་གཟེར་བརྒྱབ་པ། ཀའོ་ཀྲེ་ཁྲེང་མནར་གཅོད་ཚད་མེད་བཏང་བ་སོགས་མི་སྤྱོད་ལས་འདས་པ་འཛམ་གླིང་ནང་མཐོང་དཀོན་པོ་རེད། རྒྱ་ནག་གཞུང་གིས་རྒྱ་ནག་གི་རྒྱལ་རབས་ཡན་ཆད་དཔེར་ན་རི་འགོག་དམག་འཁྲུག་ལྟ་བུ་རྫུན་བཟོ་དང་བཟོ་བཅོས་རྒྱག་ནུས་སར་ཁོང་ཚོས་བོད་ཀྱི་བྱུང་རབས་ལོ་རྒྱུས་རྫུན་བཟོ་དང་འཁྱོག་བཤད་བྱས་པར་ཧ་ལས་རྒྱུ་གང་ཡང་མེད། ཧཱ་གོ་ཕང་དང་ཏིང་ཞའོ་ཕིང་གིས་མའོ་ཙེ་ཏུང་གིས་བཟོས་པའི་མ་ཉེས་ཁ་གཡོག་གི་གྱོད་དོན་ཁག་གཅིག་དག་སེལ་བྱས་ཡོད་ཀྱང༌། དེ་ནི་ཁོ་རང་ཚོའི་ཏང་གི་ཚོགས་པ་གཅིག་ནང་ལས་གཞན་ཚུད་མེད། “ཟིང་བཅོས་ཡོ་བསྲང་”ཟེར་བ་དང༌། “གཞི་སྒྱུར་རྩ་སྒྱུར་”ཞེས་ཡོ་བསྲང་བྱེད་ཚུལ་བརྒྱ་བཤད་སྟོང་བཤད་བྱས་ཀྱང༌། དོན་དུ་རྒྱ་ནག་དམར་གཞུང་ནང་ཁུལ་དབང་ཆའི་འཐབ་རྩོད་ནང་བྱུང་བའི་ཕན་ཚུན་དམའ་འབེབས་སྐྱོན་འཛུགས་བྱས་པ་རྣམས་སླར་ཡང་སྐབས་དེའི་དབང་འཛིན་པའི་འདོད་པ་ལྟར་བཟོ་བཅོས་བྱས་པ་མ་གཏོགས། རྒྱལ་ཁབ་དང༌། མི་རིགས། མི་དམངས་སོགས་གཙོ་གནད་ཆེ་བའི་ལོ་རྒྱུས་ཁག་ལ་ཡོ་བསྲང་གང་ཡང་བྱས་མེད། བརྗོད་ཚུལ་གཞན་ཞིག་ནས་བཤད་ན། རྒྱ་ནག་དམར་གཞུང་གིས་སྲིད་དབང་བཟུང་བ་ནས་བཟུང༌། ད་ལྟ་བར་སྔར་བཞིན་མའོ་ཙེ་ཏུང་གི་ལུགས་ལྟར་རྫུན་གཏམ་གྱི་གཞི་རྩ་བྱས་ཏེ་གནས་ཡོད། སྤྱིར་བཏང་མིའི་དུས་ཚོད་ལ་ཚད་ཡོད་པ་དང༌། ཤེས་རྟོགས་བྱུང་བའི་ཤེས་བྱ་ཡོན་ཏན་ལའང་ཚད་ཡོད་དུས། མི་ཕལ་པ་ཞིག་གིས་ཡིག་རྫོབ་ཆེ་བའི་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་ཆ་མང་པོ་ཤེས་རྟོགས་བྱས་ཏེ། དེ་དག་ཞིབ་བསྡུར་ལྟ་ཀློག་གིས་བདེན་རྫུན་དབྱེ་བ་ཆོད་རྒྱུ་ཤིན་ཏུ་དཀའ། གཡོ་སྒྱུ་ཚ་བའི་སྲིད་དབང་སྒེར་གཅོད་པས་གོང་གི་ཞན་ཆ་དེ་བེད་སྤྱད་དེ། སྤྱིར་བཏང་མང་ཚོགས་རྣམས་ཁོ་རང་ཚོའི་རྣ་བར་བསྐྱར་ཟློས་ཡང་ཟློས་ཐེངས་བརྒྱ་ཕྲག་མང་པོ་བྱེད་པའི་མཐའ་བསྡོམས་དང་འབོད་ཚིག་རྣམས་སེམས་ལ་ངེས་ཐུབ་ན། ཉིན་གཅིག་སོང་གཉིས་སོང༌། ཟླ་ཐོག་ལོ་བཞག་གིས་གོམས་གཤིས་སུ་འགྱུར་ཐུབ། དེ་ལྟར་རྒྱ་ནག་གཞུང་གིས་“རྫུན་གཏམ་བསྐྱར་ཟློས་ཐེངས་བརྒྱ་བྱས་ན་བདེན་པར་གྱུར་”ཟེར་བའི་འཇར་མན་གྱི་སིཀ་ཧི་ཌ་ལིའི་རིག་པའི་གཞུང་ལུགས་ལ་དགའ་ཞེན་དང་རྨོངས་དད་བྱེད་ཀྱི་ཡོད་པ་གསལ་པོ་རེད།
ཕྱི་ལོ་༡༩༥༩ ལོའི་སྔོན་གྱི་བོད་ལ་མཚོན་ནའང༌། རྗེས་ལུས་ཀྱི་ཞན་ཆ་སྣ་ཚོགས་ཡོད་པ་དེ་དག་ཀྱང༌། རྒྱལ་ཁབ་དང་མི་རིགས་གཞན་ཚང་མར་ཡོད་པ་བཞིན་བོད་ལའང་ལེགས་བཅོས་དང་ཡར་རྒྱས་གཏོང་རྒྱུའི་དགོས་མཁོ་བྱུང་ཡོད། དོན་དངོས་ཐོག དུས་རབས་གོང་མའི་དུས་དཀྱིལ་ྋརྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པའི་སྐབས་ནས་འགོ་བཙུགས། བོད་ཀྱི་ཆབ་སྲིད་བསྒྱུར་བཅོས་བྱ་རྒྱུ་ཉིན་རེའི་ལས་རིམ་ནང་བཅུག་ཟིན་པ་མ་ཟད། བསྒྱུར་བཅོས་དེའི་ཁ་ཕྱོགས་ཀྱང་འཛམ་གླིང་དུ་དར་ཁྱབ་ཆེ་བའི་ཁྲིམས་བཟོའི་ལམ་ལུགས་སུ་གཏད་ཡོད། ཕྱི་ལོ་༡༩༦༡ ལོར་དགུང་ལོ་ཕྲ་བའི་ཏཱ་ལའི་བླ་མའི་སྐུ་ཕྲེང་བཅུ་བཞི་པ་མཆོག་བཙན་བྱོལ་དུ་ཕེབས་ནས་ལོ་གཉིས་ལས་མ་ཕྱིན་པར་¿བོད་ཀྱི་མ་འོངས་པའི་མང་གཙོའི་རྩ་ཁྲིམས་རགས་ཟིན་“ལས་འགོ་ཚུགས། དེའི་ནང་”དོན་ཚན་དེ་འདྲ་ཞིག་ཡོད་པ་སྟེ། གྲོས་ཚོགས་ཀྱི་གསུམ་ཆ་གཉིས་ཀྱི་མོས་མཐུན་བྱུང་ཚེ་ཏཱ་ལའི་བླ་མ་མཆོག་གི་སྐུ་དབང་ཕྱིར་བསྡུ་ཞུས་ཏེ་དེའི་འགན་དབང་འཛིན་སྐྱོང་ལྷན་ཁང་ནས་ལག་བསྟར་བྱ་རྒྱུ་¿ཞེས་འཁོད་ཡོད། དེ་རྗེས། བཙན་བྱོལ་སྤྱི་ཚོགས་ནང་མང་གཙོའི་འཕེལ་རིམ་རིམ་པས་དར་འཕེལ་བྱུང་སྟེ། གྲོས་ཚོགས་ཀྱི་འཐུས་མི་དང་བོད་མི་མང་སྤྱི་འཐུས་དང་སྤྱི་འཐུས་ལྷན་ཁང་གྲོས་ཚོགས་མི་མང་གི་འོས་བསྡུའི་ལམ་ནས་འདེམས་ཐོན་བྱུང་བ་རེད།
ཕྱི་ལོ་༡༩༩༠ ལོར་བཙན་བྱོལ་བོད་གཞུང་བཀའ་ཤག་ཏཱ་ལའི་བླ་མ་མཆོག་ནས་བསྐོ་གཞག་མ་གནང་བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་འདེམས་བསྐོ་གནང་ཞིང༌། ཕྱི་ལོ་༢༠༠༡ ལོར་བཙན་བྱོལ་གཞུང་གི་བཀའ་བློན་ཁྲི་པ་ཡང་མང་ཚོགས་ནས་ཐད་ཀར་འོས་འདེམས་ལམ་ནས་འདེམས་ཐོན་གནང་ཡོད། དེ་ལྟར་བོད་མི་རྣམས་བཙན་བྱོལ་གྱི་གནས་སྐབས་སུའང་ཆབ་སྲིད་བསྒྱུར་བཅོས་ལེགས་གྲུབ་ཟིན་ཏེ། མང་གཙོ་དང་ཁྲིམས་བཟོའི་མ་ལག་ལྟོས་བཅས་ཀྱི་འཐུས་སྒོ་ཚང་བ་ཞིག་འཛུགས་གཉེར་ཐུབ་པ་བྱུང་ཡོད། རྒྱ་ནག་གཞུང་གིས་བཙན་གནོན་འོག་གནས་པའི་བོད་ནང་ལ་ཕྱིར་ལྟས་ཤིག་བྱས་ན། ཁྲག་དྲི་བྲོ་བའི་ས་ཞིང་བཅོས་བསྒྱུར་དང༌། མི་མང་སྤྱི་ཁང༌། མདུན་མཆོངས་ཆེན་མོ། རིག་གནས་གསར་བརྗེ་སོགས་ནི་ཆེས་གདུག་རྩུབ་དང་ཆེས་མུན་ནག་གི་དུས་སྐབས་ཤིག་རེད། དེ་ཡང་ཡོ་རོབ་བར་མའི་དུས་དཀྱིལ་གྱི་གདུག་རྩུབ་ལས་ཆེ་བ་དང་ཆེས་མུན་ནག་ཆགས་ཡོད། ད་དུང་ཕྱི་ལོ་༡༩༨༩ དང་༢༠༠༨ ལོ་གཉིས་ནང་བོད་མིས་ཞི་བའི་སྐད་འབོད་བྱས་པར་རྒྱ་ནག་དམར་གཞུང་གིས་ཡ་ང་སྙིང་རྗེ་བྲལ་བའི་ཆེས་གདུག་རྩུབ་ཀྱི་དྲག་གནོན་བྱས་ཏེ་མི་རྣམས་ཧང་སངས་དགོས་པའི་ཁྲག་དྲོན་གྱི་གྱོད་གཞི་བཟོས་ཡོད་སྟབས། མང་གཙོ་ཅན་དུ་གྱུར་རྒྱུ་ཤོད་ཐབས་གང་ནས་འོང༌། ལྷ་ལ་སྐུར་འདེབས་དང༌། དྲག་སྤྱོད་ལ་རྨོངས་ཞེན་ཆེ་བའི་རྒྱ་ནག་དམར་གཞུང་དབང་འཛིན་རུ་ཚོགས་ཀྱིས་སྲིད་དབང་སྒེར་འཛིན་རིང་ལུགས་དང་མི་རིགས་རིང་ལུགས་ལག་བསྟར་བྱས་པའི་བྱས་ཉེས་ཁུངས་བཙན་རི་རབ་ལྟ་བུ་ཡོད་པ་དེས། རྒྱ་ནག་དམར་གཞུང་གིས་དུས་རབས་ཕྱེད་ལྷག་ཙམ་བོད་བཙན་བཟུང་བྱས་རིང༌། གཞི་ནས་དེང་རབས་ཀྱི་བྲན་གཡོག་ལམ་ལུགས་དང༌། ཕྱེད་བྲན་གཡོག་ལམ་ལུགས། ཡང་ན་རྣམ་པ་འགྱུར་བའི་ཞིང་བྲན་ལམ་ལུགས་སམ་བྲན་གཡོག་ལམ་ལུགས་སུ་འགྱུར་བ་རེད་ཅེས་འཛམ་གླིང་དུ་ཡོངས་བསྒྲགས་བྱས་ཡོད་པ་ཡིན་ནོ།།
བསྒྱུར་བ་པོའི་མཆན།རྩོམ་ཡིག་འདི་ཕྱི་ལོ་ ༢༠༠༩།༣།༡༨ ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཐོག་སྤེལ་ཡོད་པ་དང་དེ་རྗེས་ཏྣཕྱསྤྱརྣ་ཏྲྣན རྒྱ་ཡིག་དྲ་རྒྱའི་ནང་བཀོད་ཡོད་འདུག།