དང་པོ། བོད་ཀྱི་བཙན་པོ་ཐོག་མ་གཉའ་ཁྲི་བཙན་པོའི་སྐོར་གླེང་བ།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༢༠
གོང་བརྗོད་ལྟར། འདི་ན་དྲངས་པའི་སྒྲུང་ལྡེའུ་བོན་གསུན་སྐོར་གྱི་མཚན་གཞི་ཁག་ཆ་ཚང་བོད་ཀྱི་རྒྱལ་རབས་དུས་རིམ་ནང་དུ་བྱུང་བར་འདོད་པ་མིན་ལ། གཉའ་ཁྲིའི་སྐབས་ཙམ་ནས་བྱུང་ཚར་བ་ཞིག་དེ་བས་ཀྱང་མ་རེད། སྒྲུང་ལྡེའུ་བོན་གསུམ་ནི་གདོང་དམར་མི་རིགས་ཀྱི་འཚོ་བའི་རླབས་རྒྱུན་དང་འབྲེལ་ནས་ད་བར་བྱུང་དང་འབྱུང་བཞིན་པའི་གནས་སུ་བསམ་དགོས་ངེས་ཡིན།མདོར་ན། གཉའ་ཁྲི་བཙན་པོ་ནི་བོད་ཀྱི་རྒྱལ་རབས་དང་པོ་དེ་ཡིན་པ་དང༌། དེ་ནས་རྒྱལ་རབས་བྱུང་རིམ་ཏུན་ཧོང་ཡིག་ཆར། ང་ཅ་ ༡༢༨༦ལྡེ་ཉག་ཁྲི་བཙན་པོ་དང༌། གནམ་མུག་མུག་བཤོས་པ་འྀ་སྲས། མུ་ཁྲི་བཙན་པོ། མུ་ཁྲི་བཙན་པོ་དང་ས་དྀང་དིང་དུ་བཤོས་པ་འྀ་སྲས། དྀང་ཁྲི་བཙན་པོ། དིང་ཁྲ་བཙན་པོ་དང༌། སོ་ཐམ་ཐམ་དུ་བཤོས་པ་འྀ་སྲས། སོ་ཁྲི་བཙན་པོ། སོ་ཁྲི་བཙན་པོ་འི་སྲས། དེ་ཁྲི་བཙན་པོ། དེ་ཁྲི་བཙན་པོ་འི་སྲས། ཁྲི་སྤེ་བཙན་པོ། འདྀ་ཡན་ཆད་འདྲའ་སྟེ། སྲས་ཆྀབས་ཀ་ཐུབ་པ། ཡབ་དགུང་དུ་གཤེགས་སོ། །ཁྲི་སྤེ་བཙན་པོ་འི་སྲས། དྲྀ་གུམ་བཙན་པོ། དྲྀ་གུམ་བཙན་པོ་འི་སྲས། སྤུ་དེ་གུང་རྒྱལ་གནམ་ལ་དྲི་བདུན། ས་ལེ་ལེགས་དྲུག་བཤོས་ན། སྤུ་དེ་གུང་རྒྱལ་གྲོངས་ན། གྲང་མོ་གནམ་གསེར་བརྩིག །གསེར་བརྩྀག་གྀ་སྲས། ཐོ་ལེག་བཙན་པོ། །ཐོ་ལེག་བཙན་པོ་འྀ་སྲས། །ཤོ་ལེགས་བཙན་པོ། ཤོ་ལེགས་བཙན་པོ་འི་སྲས། །གོ་རུ་ལེགས་བཙན་པོ། གོ་རུ་ལེགས་བཙན་པོ་འི་སྲས། །འབྲོང་ཞི་ལེགས་བཙན་པོ། འབྲོང་ཞི་ལེགས་བཙན་པོ་འི་སྲས། ཐི་ཤོ་ལེགས་བཙན་པོའ། ཐྀ་ཤོ་ལེགས་གི་སྲས། ཨི་ཤོ་ལེག་བཙན་པོ། །ཨི་ཤོ་ལེག་གྀ་སྲས། ཟྭ་གནམ་ཟྀན་ཏེ། ཟྭ་གནམ་ཟྀན་ཏེ་འི་སྲས། ལྡེ་པྲུལ་བོ་གནམ་གཞུང་བཙན། གནམ་གཞུང་བརྩན་གྱྀ་སྲས།
།ལྡེ་གོལ། ལྡེ་གོལ་གྱི་སྲས། གནམ་ལྡེ་རྣོལ་ནམ། གནམ་ལྡེ་རྣོལ་ནམ་གྱྀ་སྲས། བསེའ་རྣོལ་པོ། བསེ་རྣོལ་པོ་འི་སྲས། ལྡེ་རྒྱལ་པོ། ལྡེ་རྒྱལ་པོ་འི་སྲས། རྒྱལ་སྲྀན་བརྩན། རྒྱལ་སྲིན་བརྩན་གྱྀ་སྲས། རྒྱལ་ཏོ་རེ་ལོངས་བརྩན། རྒྱལ་ཏོ་རེ་ལོངས་བརྩན་གྱི་སྲས་ཁྲི་བརྩན་ནམ། །ཁྲྀ་བརྩན་ནམ་གྱི་སྲས། །ཁྲི་སྒྲ་སྦུང་བརྩན། ཁྲྀ་སྒྲ་སྤུང་བརྩན་སྲས། ཁྲྀ་ཐོག་བརྩན། ཁྲི་ཐོག་བརྩན་དང༌། རུ་ཡོང་ཟ་སྟོང་རྒྱལ་མཚོ་མར་བཤོས་པ་འྀ་སྲས། ལྷ་ཐོ་དོ་སྙ་བརྩན། ལྷ་ཐོ་དོ་སྙ་བརྩན་དང༌། གནོའ་ཟ་མང་མོ་རྗེ་ཇི་དགོས་སུ་བཤོས་པ་འྀ་སྲས། །ཁྲྀ་སྙ་ཟུང་བརྩན། ཁྲི་སྙ་ཟུང་བརྩན་དང༌། འབྲོའ་ཟ་དུང་པྱང་བཞེར་དུ་བཤོས་པ་འྀ་སྲས། འབྲོ་མཉེན་ལྡེ་རུ། འབྲོའ་མཉེན་ལྡེ་རུ་དང༌། མཆིམས་ཟ་ཀླུ་རྒྱལ་ངན་མོ་མཚོར་བཤོས་པ་འྀ་སྲས། སྟག་བུ་སྙ་གཟིགས། སྟག་བུ་སྙ་གཟིགས་དྔ། འོལ་གོད་ཟ་སྟོང་བཙུན་འབྲོ་གར་བཤོས་པ་འྀ་སྲས། སློན་བཙན་རླུང་ནམ། སློན་བཙན་རླུང་ནམ་དང༌། ཚེས་པོང་ཟ་འབྲིང་མ་ཐོག་དགོས་སུ་བཤོས་པ་འྀ་སྲས། །སྲོང་ལྡེ་བརྩན། སྲོང་ལྡེ་བརྩན་དང༌། མོང་ཟ་ཁྲྀ་མོ་མཉེན་ལྡོང་སྟེ་དུ་བཤོས་པ་འྀ་སྲས། གུང་སྲོང་གུང་རྩན། གུང་སྲོང་གུང་རྩན་དང༌། ཁོན་ཅོ་མང་མོ་རྗེ་ཁྲི་སྐར་དུ་བཤོས་པའྀ་སྲས། །མང་སློན་མང་རྩན། མང་སློན་མང་རྩན་དང༌། འབྲོའ་ཟ་ཁྲི་མ་ལོད། བྲྀ་སྟེང་དུ་བཤོས་པ་འྀ་སྲས། འདུས་སྲོང་མང་པོ་རྗེ། འདུས་སྲོང་མང་པོ་རྗེ་དང༌། མཆིམས་ཟ་བཙན་མ་ཐོག། ཐོག་སྟེང་དུ་བཤོས་པ་འྀ་སྲས། །ཁྲྀ་ལྡེ་གཙུག་བརྩན། ཁྲི་ལྡེ་གཙུག་བརྩན་དང༌། སྣ་ནམ་ཟའ་མང་མོ་རྗེ་བཞྀ་སྟེང་དུ་བཤོས་པ་འི་སྲས། ཁྲི་སྲོང་ལྡེ་བརྩན། ཁྲི་སྲོང་ལྡེ་བརྩན་དང༌། ཚེས་པང་ཟ་རྨ་རྒྱལ་ལྡོང་སྐར་དུ་བཤོས་པ་འྀ་སྲས། མུ་ནེ་བརྩན་དང༌། ལྡེ་སྲོང་བརྩན། མུ་བརྩན་གདུང་ཆད་ནས། ལྡེ་སྲོང་བརྩན་དང༌། འབྲོ་ཟ་ལྷ་རྒྱལ་མང་པོ་རྗེར་བཤོས་པ་འྀ་སྲས། ཁྲྀ་གཙུག་ལྡེ་བརྩན་དང༌། འུ་འྀ་དུམ་བརྟན། ཞེས་གསལ་ལོ།།
དེ་དག་དང་འདྲ་བའི་ངོས་ནས་ཕྱི་ལོ་ ༢༠༠༥ ཙམ་ལ་༵༵རྒྱལ་རབས་འཛིན་པའི་མན་ངག་ཀཀཅེས་པའི་སྡོམ་ཚིག་ཅིག་བྲིས་པ་གཤམ་གསལ ༈ བོད་ཀྱི་རིགས་རུས་ས་ཁོངས་དང༌། །ཆོས་སྲིད་སྐད་ཡིག་སྲ་བརྟན་ཐོག །ད་བར་བོད་ཅེས་ལྷག་པ་འདིའི། །བྱེད་པོ་སྲོང་བཙན་སྒམ་པོར་འདུད། །བོད་ཀྱི་རྒྱལ་རབས་ཞེ་གཉིས་དང༌། སིལ་བུ་དུས་ཡུན་ཇི་གནས་དང༌། །དེ་རྗེས་སྲིད་དབང་སུས་འཛིན་གྱི། །མཚན་སོགས་གང་ནུས་འགོད་པར་བྱ། །གཉའ་ཁྲི་མུ་ཁྲི་དིང་ཁྲི་དང༌། །སོ་ཁྲི་བཙན་པོ་མེར་ཁྲི་བཙན། །གདགས་ཁྲི་སྲིབ་ཁྲི་བཙན་པོ་སྟེ། །གནམ་གྱི་ཁྲི་བདུན་ཟེར་བ་ཡིན། །རྒྱལ་པོ་གྲི་གུམ་བཙན་པོ་དང༌། །སྤུ་དེ་གུང་རྒྱལ་རྣམས་གཉིས་ལ། །སྟོད་ཀྱི་སྟེང་གཉིས་མཚན་དུ་གསོལ། །ཨེ་ཤོ་དེ་ཤོ་ཐི་ཤོ་ལེགས། །གུ་རུབ་ལེགས་དང་འབྲོང་གཞེར་ལེགས། །ཨི་ལོ་ལེགས་ཀྱི་བཙན་པོ་བཅས། །ས་ལ་ལེགས་དྲུག་ཟེར་བ་ཡིན། །བཅུ་དྲུག་ཟ་ནམ་ཟིན་ལྡེ་དང༌། །ལྡེ་འཕྲུལ་ནམ་གཞུང་བཙན་པོ་དང༌། །བཙན་པོ་སེ་སྣོལ་ནམ་ལྡེ་དང༌། །སེ་སྣོལ་པོ་ལྡེ་ལྡེ་སྣོལ་ནམ།། ལྡེ་སྣོལ་པོ་དང་ལྡེ་རྒྱལ་པོ། །ལྡེ་སྤྲིན་བཙན་བཅས་ཆུར་ལྡེ་བརྒྱད། །ཉེ་བཞི་ལྟོ་རེ་ལོང་བཙན་དང༌། །ཁྲི་བཙན་ནམ་དང་ཁྲི་སྒྲ་དཔུང༌། །ཐོག་རྗེ་ཐོག་བཙན་ཐོ་ཐོ་རི། །བཅས་ལ་འོག་གི་བཙན་ལྔ་ཟེར། །ཁྲི་གཉན་གཟུང་བཙན་འབྲོང་གཉན་ལྡེའུ། །སྟག་རི་སྙན་གཟིགས་བཙན་པོ་དང༌། །སོ་གཉིས་གནམ་རི་སྲོང་བཙན་བཅས། །ཕུན་སུམ་ཚོགས་པའི་བོན་རྒྱལ་བཞི། །ཆོས་རྒྱལ་སྲོང་བཙན་སྒམ་པོ་དང༌། །གུང་སྲོང་གུང་བཙན་མང་སྲོང་མང༌། །འདུས་སྲོང་མང་བཙན་མེས་ཨག་ཚོམ། །སོ་བརྒྱད་ཁྲི་སྲོང་ལྡེའུ་བཙན་དང༌། མུ་ནེ་མཇིང་ཡོན་ཁྲི་རལ་ཅན། །ཆོས་རྒྱལ་སྡེ་དགུ་ཟེར་བ་ཡིན། །ཞེ་གཉིས་གླང་དར་མཐའ་མ་སྟེ། །ཕྱི་ལོ་བརྒྱད་བརྒྱ་ཞེ་གཉིས་བར། །ཁྲི་ལོ་དགུ་བརྒྱ་རེ་དགུ་ཡིན། །ཕྱི་ལོ་བརྒྱད་བརྒྱ་ཞེ་གཉིས་ནས། །ཆིག་སྟོང་ཉིས་བརྒྱ་ང་གསུམ་བར། །སིལ་བུ་བཞི་བརྒྱ་བཅུ་གཅིག་ཐོར། །ཆིག་སྟོང་ཉིས་བརྒྱ་ང་གསུམ་ནས། །འགྲོ་མགོན་ཆོས་རྒྱལ་འཕགས་པ་དང༌། དེ་རྗེས་རིན་ཆེན་རྒྱལ་མཚན་དང༌། །དྷརྨ་པཱ་ལ་རཀྵི་ཏ། །འཇམ་དབྱངས་རིན་ཆེན་རྒྱལ་མཚན་དང༌། །བདག་ཆེན་རིན་ཆེན་བཟང་པོ་དཔལ། །བདག་ཆེན་ནམ་མཁའ་ལེགས་ཀྱི་རྗེས། །འཇམ་དབྱངས་དོན་ཡོད་རྒྱལ་མཚན་དང༌། བླ་མ་བསོད་ནམས་རྒྱལ་མཚན་ཏེ། །ཆིག་སྟོང་སུམ་བརྒྱ་ང་བརྒྱད་བར། །ས་སྐྱ་བརྒྱད་པོའི་སྲིད་ཀྱི་དབང༌། །ལོ་གྲངས་བརྒྱ་དང་ལྔ་ཡིན་ནོ། །ཆིག་སྟོང་སུམ་བརྒྱ་ང་བརྒྱད་ནས། །སི་ཏུ་བྱང་ཆུབ་རྒྱལ་མཚན་དང༌། །གུ་ཤྲི་ཤཱཀྱ་རྒྱལ་མཚན་དང༌། །སྤྱན་སྔ་གྲགས་པ་བྱང་ཆུབ་དང༌། སྤྱན་སྔ་བསོད་ནམས་གྲགས་པ་དང༌། །མི་དབང་གྲགས་པ་རྒྱལ་མཚན་དང༌། གོང་མ་གྲགས་པ་འབྱུང་གནས་དང༌། །གོང་མ་ཀུན་ལེགས་པ་དང༌། །གོང་མ་ངག་གི་དབང་པ་དང༌། །ངག་དབང་བཀྲིས་གྲགས་པ་སྟེ། །ཕག་གྲུ་ཁྲི་རབས་དགུ་ཡང་ཟེར། །ཆིག་སྟོང་བཞི་བརྒྱ་སོ་ལྔ་ནས། །རིན་སྤུངས་ནོར་བུ་བཟང་པོ་དང༌། །དེ་རྗེས་མཚོ་སྐྱེས་རྡོ་རྗེ་དང༌། །དེ་རྗེས་དོན་ཡོད་རྡོ་རྗེ་དང༌། །དོན་གྲུབ་ཚེ་བརྟན་རྡོ་རྗེ་དང༌། །དེ་རྗེས་ངག་དབང་འཇིགས་གྲགས་དང༌། །དྲུག་པ་ངག་དབང་རྣམ་རྒྱལ་ཏེ། །ཆིག་སྟོང་ལྔ་རྒྱ་རེ་ལྔ་བར། །སྲིད་ལོ་བརྒྱ་དང་སོ་གཅིག་བཟུང༌། །ཆིག་སྟོང་ལྔ་བརྒྱ་རེ་ལྔ་ནས། །ཞིང་ཤག་ཚེ་བརྟན་རྡོ་རྗེ་དང༌། །ཀརྨ་བསྟན་སྲུང་དབང་པོ་དང༌། །ཀརྨ་ཕུན་ཚོགས་རྣམ་རྒྱལ་དང༌། །ཀརྨ་བསྟན་སྐྱོང་དབང་པོ་བཅས། །གཙང་པའི་སྡེ་སྲིད་མི་བཞི་ཡིས། །ཆིག་སྟོང་དྲུག་བརྒྱ་ཞེ་གཉིས་བར། །སྲིད་ལོ་བདུན་ཅུ་དོན་བདུན་བཟུང༌། །དགེ་འདུན་དགེ་འདུན་བསོད་ནམས་ཡོན་ཏན་དང༌། །བློ་བཟང་ཚངས་དབྱངས་བསྐལ་བཟང་འཇམ་དཔལ་དང༌། །ལུང་རྟོགས་ཚུལ་ཁྲིམས་མཁས་གྲུབ་འཕྲིན་ལས་པ། །ཐུབ་བསྟན་བསྟན་འཛིན་བཅས་པ་ས་གཞི་སྐྱོང༌།།
ས་རཱ་མཐོ་སློབ། ངག་དབང་བྱམས་པས།